Tibetan Royal Year of 2151 | Year of the Wood Dragon

ཆོས་དད་རང་དབང་གི་གནས་བབ་ཐད་རྒྱ་ནག་དེ་སླར་དམིགས་བསལ་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འབོད། 

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

ཁ་སང་ཕྱི་ཟླ་ ༥ ཚེས་ ༡  ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢༌༢༣ བར་གྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བར་རྒྱ་ནག་གཞུང་གིས་ཡུལ་དེའི་མི་སེར་རྣམས་ཀྱི་ཆོས་དད་རང་དབང་ལ་མུ་མཐུད་རྡོག་རོལ་བཏང་ཡོད་པར་མངོན་གསལ་དང་སྦྲགས། བོད་དང་ཤིན་ཅང་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་ཀྱིས་རྒྱ་ནག་དེ་སླར་དམིགས་བསལ་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འབོད་གནང་འདུག

ཤོག་གྲངས་ ༩༨ ཡོད་པའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོར་རྒྱལ་སྤྱིའི་རྒྱལ་ཁབ་ ༢༨ ལྷག་གི་ཆོས་དད་རང་དབང་གི་གནས་བབ་སྐོར་ཞིབ་བཀོད་གནང་འདུག་པ་དང་། རྒྱ་ནག་དང་འབྲེལ་བའི་ཚན་པའི་ཁོངས་སུ་སྤྱིར་རྒྱ་ནག་རྒྱལ་ཁབ་དེ་ཆོས་ཁས་ལེན་བྱེད་མཁན་གྱི་རྒྱལ་ཁབ་མིན་པ་དེ་ལྟར་ཡང་། ཡུལ་དེའི་མི་སེར་གྱི་བརྒྱ་ཆ་ ༡༨ ཙམ་ནང་པ་དང་བརྒྱ་ཆ་ ༥ ཡི་ཤུ། དེ་བཞིན་བརྒྱ་ཆ་ ༢ ཁ་ཆེའི་ཆོས་དད་པ་ཆགས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། སྤྱིར་རྒྱ་གཞུང་གིས་འདས་པའི་ལོ་མང་ནས་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པའི་ཁར་ཉེ་བའི་ལོ་ཤས་ནང་ཆོས་ལུགས་རྒྱ་བསྒྱུར་འམ་ཀྲུང་གོ་ཅན་དུ་བཟོ་བའི་སྲིད་བྱུས་ལག་བསྟར་ཤུགས་ཆེར་བྱེད་བཞིན་པའི་ཁྲོད་བོད་བརྒྱུད་ནང་བསྟན་དང་ཡུ་གུར་ཁ་ཆེའི་ཆོས་ལུགས་པ། དེ་བཞིན་ཡི་ཤུའི་རྣམ་དག་ཆོས་ལུགས་པ་རྣམས་ལ་ཆེས་དྲག་གནོན་ཅན་གྱི་གནས་སུ་ལྷུང་ཡོད་ཅེས་འགྲེལ་བརྗོད་གནང་འདུག

ལྷག་དོན་རྒྱ་གཞུང་གིས་ཆོས་ལུགས་རྒྱ་བསྒྱུར་གྱི་སྲིད་བྱུས་འོག་རྒྱ་ནག་སྤྱི་དང་སྒོས་བོད་གཙོས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་ཆོས་ལུགས་དང་འབྲེལ་བའི་ཚོགས་སྡེ་ཁག་དང་རྗེས་འབྲང་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་དང་ལྟ་གྲུབ་ལ་རྒྱབ་སྐྱོར་བྱེད་དགོས་སྐོར་བཤད་པ་མ་ཚད་པར་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་གནས་ཚུལ་ལུང་འདྲེན་གྱིས་ཁུལ་དེ་དག་ནང་གི་ཆོས་རིག་དང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་བཟོ་བཞིན་ཡོད་པར་མངོན་གསལ་གནང་འདུག

བོད་ནང་ལ་ཆ་མཚོན་ན་འདས་ལོར་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ཐོག་དམ་བསྒྲགས་དང་དྲག་གནོན་སྲིད་བྱུས་ལག་བསྟར་ཇེ་ཆེར་བཏང་ཡོད་པ་ཁག་གསལ་བཀོད་དང་སྦྲགས་ཏེ། རྒྱ་གཞུང་གིས་༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་གནང་རྐྱེན་བོད་མི་མང་དག་ཅིག་འཛིན་བཟུང་བཙན་ཁྲིད་དང་། བོད་མི་རྣམས་དགོན་སྡེ་ཁག་ཏུ་མཆོད་མཇལ་འགྲོ་བར་བཀག་སྡོམ། ཆོས་ཕྱོགས་ཀྱི་གནང་སྒོ་ཁག་གཏོར་བཅོམ། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་དང་ཤེས་རབ་རྒྱ་མཚོ་ལགས་གཙོས་བོད་པའི་དགེ་འདུན་པ་རྣམས་ལ་བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་ཡོད་པར་མ་ཟད་བོད་ནང་གི་བོད་མི་ཚོའི་རིགས་རྫས་མཁོ་སྒྲུབ་བྱེད་བཞིན་པ་དང་། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གིས་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་སོགས་ཀྱི་གནས་ཚུལ་མངོན་གསལ་གནང་འདུག

དེ་དོན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་ཐེངས་འདིའི་སྙན་ཐོ་འདོན་སྤེལ་བརྒྱུད། རྒྱ་ནག་དེ་ཆོས་དད་རང་དབང་གི་གནས་བབ་ཐོག་ནས་དམིགས་བསལ་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འབོད་གནང་བ་དང་འབྲེལ། ཨ་རིའི་སྲིད་གཞུང་གི་ངོས་ནས་རྒྱ་གཞུང་གིས་གོ་རིམ་ལྡན་པའི་ཐོག་ནས་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་ངོས་འཛིན་གནང་སྟེ་རྒྱ་ནག་རྒྱལ་ཁབ་དེ་ནི་ཆེས་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ལ་ངོས་འཛིན་གནང་དགོས་ཞེས་དང་། རྒྱ་ནག་ཐོག་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་ཁྲོད་ཡུལ་དེའི་ཆོས་དད་རང་དབང་གི་གནས་བབ་དེ་གནད་དོན་སྙིང་པོར་འཇོག་དགོས་པར་མ་ཟད། ཆོས་དད་རང་དབང་བརྩི་མེད་རྡོག་རོལ་དང་འབྲེལ་རྒྱ་ནག་གི་འབྲེལ་ཡོད་འགོ་ཁྲིད་ཚོར་གཞུང་འབྲེལ་གྱི་ཆད་པ་གཅོད་དགོས་པའི་ལས་དོན་ཁག་མུ་མཐུད་འཕྲོ་སྐྱོང་གནང་དགོས་པ། དེ་བཞིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གཙོས་རྒྱལ་སྤྱིའི་བློ་མཐུན་རྒྱལ་ཁབ་ཁག་དང་ཟུང་འབྲེལ་གྱིས་རྒྱ་ནག་གི་བྱ་སྤྱོད་ཁག་ལ་འདྲི་རྩད་བརྒྱུད་འགན་ཁུར་གསལ་བཤད་བྱེད་བཅུག་དགོས་ཞེས་གསུངས་འདུག་ལ། ཨ་རིའི་གྲོས་ཚོགས་ཀྱིས་ཨ་རི་ནང་རྒྱ་ནག་གི་ཤུགས་རྐྱེན་དང་ལྷག་པར་ཆོས་དད་རང་དབང་དང་འགྲོ་བ་མིིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་འགོག་ཐབས་ཀྱི་ཁྲིམས་གཞི་ཁག་ལ་རྒྱབ་སྐྱོར་དགོས་པའི་ཞུ་སྐུལ་གནང་འདུག

གཞི་རྩའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༢༢ ལོའི་སྙན་ཐོར་དམིགས་བསལ་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁག་ ༡༥ མིང་བཏོན་བྱས་པའི་ནང་རྒྱ་ནག་བཀོད་ཡོད་པ་དང་འདི་ལོའི་སྙན་ཐོར་རྒྱལ་ཁབ་ ༡༧ མིང་བཏོན་བྱས་པའི་ནང་རྒྱ་ནག་དང་མཉམ་དུ་ཨཕ་གྷ་ནིསྟན་དང་། བྱང་ཀོ་རི་ཡ། པ་ཀིསྟན། ཨུ་རུ་སུ། དེ་བཞིན་བྷར་མ་སོགས་རྒྱལ་ཁབ་ཁག་གཅིག་སླར་མིང་འབོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།