ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Max སྨན་ཁང་དུ་ཐོ་རེངས་ཚོུད་ ༡༌༥༦ ཙམ་ལ་ཆོས་རིག་དྲུང་ཟུར་༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་བསྟུན། དེ་རིང་ཉིན་དགུང་ཚོུད་ ༢༌༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཀའ་ཤག་གི་ཚོགས་ཁང་གསར་པ་སྲིད་སྐྱོང་ཚོགས་ཁང་དུ་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་ཅིག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་ལས་བྱེད་ཡོངས་ནས་དྲུང་ཟུར་དམ་པ་མཆོག་ལ་མྱ་ངན་གུས་བཏུད་ཞུ་ཕྱིར་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་བ་མ་ཟད། དེ་རིང་ཉིན་རྒྱབ་ནས་དབུས་ལས་ཁུངས་ཁག་ནས་ལས་མཚམས་བཞག་ཡོད་པ་རེད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སྐུ་གཤེགས་དམ་པ་ཆོས་རིག་དྲུང་ཟུར་༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མྱ་ངན་གུས་བཏུད་དང་། སླད་མར་ཡང་སྤྲུལ་མགྱོགས་མྱུར་ཕེབས་པའི་སྨོན་ལམ་ཡོད་ཅེས་གསུངས་པར་མ་ཟད། དམ་པ་ཁོང་གི་ཤུལ་ལུས་སྐུ་འཁོར་ནང་མི་ཉེ་འབྲེལ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་གསོ་ཞུས་སོང་།
གཞི་རྩའི་ཆོས་རིག་དྲུང་ཟུར་༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་ནི་བོད་ཆོལ་གསུམ་ལས་མདོ་ཁམས་ཁོངས་གཏོགས་ལི་ཐང་དུ་ཡབ་ངག་དབང་ལེགས་གྲུབ་དང་ཡུམ་བསོད་ནམས་དབྱངས་ཅན་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༨ ཟླ་ ༡༢ ཚེས་ ༢༩ ཉིན་སྐུ་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་ལོག་བྱུང་རྗེས་བཙན་བྱོལ་དུ་ཕེབས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༦༡ ཙམ་ནས་གཞུང་ཞབས་ཁོངས་སུ་ཞུགས་ཏེ་སྲི་ཞུ་བའི་ཕྱག་ལས་གནང་མྱོང་ཡོད་པ་རེད། ཕྱི་ལོ་ ༡༩༨༠ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་མཛད་ཁུར་བཞེས་ཏེ་བགྲེས་ཡོལ་འཔར་འགྱངས་ལོ་གསུམ་བཞུགས་པ་དང་མཏར་ ༡༩༨༦ ལོར་བགྲེས་ཡོལ་དུ་ཕེབས། ལྷག་པར་དུ་རིན་པོ་ཆེ་དམ་པ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་སྐུ་ཚེ་ཧྲིལ་པོར་ལུགས་གཉིས་ཀྱི་ཐོག་ནས་བསྟན་སྲིད་སྤྱིའི་སླད་དུ་མཛད་བཟང་དུ་མ་བསྐྱངས་མྱོང་ཡོད་པ་རེད།
ཆོས་རིག་དྲུང་ཟུར་༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Max སྨན་ཁང་དུ་ཐོ་རེངས་ཚོུད་ ༡༌༥༦ ཙམ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ནས་བཟུང་དེ་རིང་བར་ཁྱོན་ཉིན་གྲངས་བཅིུག་རིང་ལ་ཐུགས་དམ་དུ་བཞུགས་མུས་ཡིན་པ་རེད།




