ཟླ་བ་འདིའི་ཕྱི་ཚེས་ ༡༨ རྒྱལ་སྤྱིའི་དབུ་མའི་ལམ་གྱི་ཉིན་མོ་དང་བསྟུན། དེ་ཉིན་བཞུགས་སྒར་དྷ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་པའི་ཐོག སྐུ་མགྲོན་གཙོ་བོ་བཀའ་ཟུར་ འབྲོང་ཆུང་དངོས་གྲུབ་མཆོག་གིས་དབུ་མའི་ལམ་ལ་གྲུབ་འབྲས་ཡག་ཐག་གཅོད་བྱུང་ཡོད་པ་གསུངས་སོང་།

དེའང་མཛད་སྒོའི་ཐོག་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་བཤེས་གཉེན་ལགས་ཀྱིས་དབུ་མའི་ལམ་གྱི་ཉིན་མོའི་བསྒྲགས་གཏམ་སྙན་སྒྲོན་གནང་བའི་ནང་དུ། དབུ་མའི་ལམ་གྱི་ཉིན་མོ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་གཞུང་འབྲེལ་སྲིད་བྱུས་སུ་གཏན་འབེབས་གནང་བའི་ཉིན་མོ་ཞིག་ཡིན་པ་དང་། དབུ་མའི་ལམ་ནི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐུབ་པ་དང་། བོད་རྒྱ་མི་རིགས་གཉིས་འདྲ་མཉམ་དང་གཅིག་ཕན་གཅིག་གྲོགས་ཀྱིས་བརྟན་ལྷིང་མཉམ་གནས་ཡོང་ཆེད་འདོན་གནང་མཛད་པའི་ཐབས་ལམ་ཞིག་སྟེ། བཙན་བྱོལ་བོད་གཞུང་མང་གཉིས་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་གོ་བསྡུར་རིམ་པར་བྱས་ཏེ་གཏན་ལ་ཕབ་པས་སྲིད་བྱུས་ཤིག་ལས་གློ་བུར་དུ་བྱུང་བ་ཞིག་དང་། ཡང་ན་ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་རྐྱང་གིས་ཐུགས་ཐག་བཅད་དེ་གཞུང་དང་། མི་མང་ལ་བཙན་འགེལ་གནང་བ་ཞིག་མིན་པར་ཞིབ་ཕྲའི་བྱུང་རབས་ངོ་སྤྲོད་དང་འབྲེལ། དབུ་མའི་ལམ་གྱི་སྲིད་བྱུས་ལ་མོས་མཐུན་རྒྱབ་སྐྱོར་གནང་མཁན་ཚོས་རྒྱུ་མཚན་གྱི་ལམ་ནས་སྲིད་བྱུས་འདི་ལ་རྒྱབ་སྐྱོར་དང་། མོས་མཐུན། གོ་རྟོགས་རྙེད་པ་བཅས་གནང་ནས་དུས་རྒྱུན་ནས་མི་རིགས་གཞན་དང་། རང་རེའི་མི་མང་རྣམས་ལ་གོ་རྟོགས་སྤེལ་ཐབས་གནང་ནས་གང་མགྱོགས་གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་ཤར་བར་བརྩོན་པ་མི་དོར་བའི་སྒོ་ནས་ནུས་པ་འདོན་སྤེལ་གནང་དགོས། ཅེས་ཞུས་སོང་།

སྐབས་དེར་ད་དུང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་བློ་བཟང་ཆོས་འཕེལ་ལགས་ཀྱིས། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཐོག་ནས་ཕྱི་ལོ་ ༢༠༠༨ ནས་བཟུང་དཔེ་དེབ་པར་བསྐྲུན་དང་། གཞོན་སྐྱེས་མཐོ་རིམ་སློབ་གྲྭ་ཁག་གི་ནང་དབུ་མའི་ལམ་སྲིད་བྱུས་དང་འབྲེལ་བའི་བགྲོ་གླེང་ཟབ་སྦྱོང་དཔྱད་རྩོམ་འགྲན་སྡུར། ས་གནས་དང་དགོན་སྡེ་ཁག་ནང་ངོ་སྤྲོད་གཏམ་བཤད། སྤྱི་ཚོགས་ཞབས་ཞུ་སོགས་ལས་འགུལ་སྣ་ཚོགས་པ་སྤེལ་བཞིན་ཡོད་པ་འགྲེལ་བརྗོད་ཀྱིས། དམིགས་བསལ་གྱིས་འདི་ལོ་ནས་རྒྱ་གར་རྒྱལ་ཡོངས་སུ་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཁྲོད་ཨང་རིམ་རྩེ་ཕུད་སོན་པ་རྣམས་ལ་ཧིན་སྒོར་ཁྲི་གཅིག་རེ་བྱས་ནས་བསྡོམས་ཧིན་སྒོར་འབུམ་གཅིག་རེ་བགོ་བཤའ་བརྒྱབ་སྟེ་ལོ་ལྟར་དབུ་མའི་ལམ་ལས་འགུལ་ཁང་ནས་སྤྲད་འཆར་ཡོད་པ། འདི་ལོ་ལྟ་བུ་མཚོན་ན་ལས་འགུལ་འདི་ཐེངས་དང་པོ་ཡིན་པ་མ་ཟད། ད་ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ནང་བོད་ཡིག་གི་ཡིག་རྒྱུགས་བརྒྱ་ཆ་ ༩༩ སོན་པའི་སློབ་མ་གཅིག་དང་། བརྒྱ་ཆ་ ༩༨ སོན་པའི་སློབ་མ་གཉིས། བརྒྱ་ཆ་ ༩༧ སོན་པའི་སློབ་མ་ ༡༡ བྱུང་ཡོད་པ་སོགས་གསུངས་སོང་།

ལྷག་པར་སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས། བོད་མིའི་སྤྱི་ཚོགས་ཁྲོད་དབུ་མའི་ལམ་གྱིས་གྲུབ་འབྲས་ཐོན་མེད་པ་སོགས་ཀྱི་དགོངས་ཚུལ་གསུངས་མཁན་ཡོད་ཀྱང་བསམ་བློ་ཞིབ་ཚགས་བཏང་ན་ད་དབར་དབུ་མའི་ལམ་ལ་གྲུབ་འབྲས་ཡག་ཐག་ཆོད་བྱུང་ཡོད་པ་དང་། ད་ལྟའི་རྒྱ་ནག་གཞུང་འཛིན་པ་ཚོས་སྲིད་བྱུས་དང་བྱེད་བབ་ལ་བལྟས་ན་དབུ་མའི་ལམ་གྱི་གནད་འགག་ཇི་ཙམ་ཆགས་ཡོད་མེད་གསལ་པོ་ཡིན་པ་དང་ངེས་པ་རྙེད་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད་ཅེས་གསུངས་སོང་། མ་ཟད་བོད་མི་རིགས་ཡིན་པའི་སྤོབས་པ་སྐྱེ་འོས་པ་དེ་ནི་ཐུན་མིན་གྱི་བོད་ཀྱི་ཆོས་དང་རིག་གཞུང་གོམས་གཤིས་ལེགས་བྱང་སྐད་དང་ཡི་གེ་ཡིན་པས་དེ་དག་ཉར་ཚགས་དང་སློབ་སྦྱོང་བྱེད་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་གསུངས་སོང་བ་དང་། ད་ལྟའི་བོད་ནང་དུ་རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭ་སོགས་ཀྱི་བརྒྱུད་བོད་སྡེ་ཡོངས་རྫོགས་རྒྱ་སྡེ་རུ་བསྒྱུར་རྒྱུའི་སྲིད་བྱུས་ཁྲོད་ང་ཚོས་ངོས་ནས་རང་སོ་སོའི་ཚོར་བ་དང་ལངས་ཕྱོགས་ལ་མ་ལྟོས་པར་མི་རིགས་ཀྱི་ཕུགས་ཀྱི་ཁེ་ཕན་ཐོག་ཞབས་འདེགས་ཇི་ལྟར་བསྒྲུབ་དགོས་པ་ལ་དམིགས་དགོས་པ། ལྷག་པར་དུ་གཞོན་སྐྱེས་ཚོར་དེ་དག་གི་གནད་འགག་ངོ་སྤྲོད་ཀྱིས་སློབ་སྦྱོང་སྤྲད་དགོས་གལ་ཡིན་པ། གཅོ་བོ་ཁྱིམ་ཚང་མི་རེ་ངོ་རེ་ནང་བོད་སྐད་དང་བོད་ཡིག་སྤྱད་དགོས་པ་དེ་བཞིན་བོད་མིའི་ལོ་རྒྱུས་མི་རིགས་གོམས་གཤིས་རྒྱུས་ལོན་བྱེད་དུ་བཅུག་དགོས་པ་ནི་གལ་ཆེ་ཤོས་ནས་ཆེ་བ་ཡིན་པས་ཕ་མ་ཚོར་དེ་འབྲེལ་འབོད་སྐུལ་ཞུ་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུངས་གནང་སོང་།

སྐབས་དེར་དམིགས་བསལ་སྐུ་མགྲོན་དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་ད་ལྟའི་སྐབས་སུ་བབ་པ་ཛ་དྲག་གི་དུས་འདིར་གལ་ཆེ་ཤོས་ནི་ང་ཚོའི་ཚང་མའི་ངོས་ནས་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་དྲན་དགོས་པ་དང་། རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་དང་སྤྱི་ཚོགས་ལ་གནོད་པའི་ཕྱག་ལས་གནང་མཁན་ཚོར་ཐུག་གཟབ་ཀྱིས་ལམ་སྟོན་བསླབ་བྱ་བསྐྱོན་དགོས་པ། བཙན་བྱོལ་བོད་མི་ཚོར་ཆེ་མཐོང་དང་གོ་སྐབས་ཡོངས་སུ་རྫོགས་པ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལས་ཡིན་པས། གཙོ་བོ་སྒེར་སོ་སོས་དཔྱད་པ་བྱས་ཏེ་བོད་སྤྱི་བ་ལ་ཕན་པས་ཕྱག་ལས་གནང་དགོས་པའི་འགྲེལ་བརྗོད་གནང་སོང་།

འདི་ག་གསར་འགོད་པས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་བློ་བཟང་ཆོས་འཕེལ་ལགས་སུ་ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པ་དང་། སྲིད་བྱུས་དེ་ནི་བྱམས་སྙིང་རྗེའི་སྲིད་བྱུས་ཤིག་ཡིན་པར་སྐྱོན་བརྗོད་བྱེད་མཁན་ རིགས་མི་ཉུང་བ་ཞིག་ཡོད་པ་དེར་ལན་འདེབས་གང་ཡོད་མིན་ཐད་བཀའ་འདྲི་ཞུས་པར་ཁོང་གིས། ༸གོང་ས་མཆོག་གིས་དབུ་མའི་ལམ་སྲིད་བྱུས་དེ་བྱང་ཆུབ་སེམས་པའི་ལམ་ལ་འཁྲིད་ཡག་ཆེད་དུ་གསུངས་པ་མ་ཡིན་པ་གཙོ་བོ་དངོས་ཡོད་གནས་ཚུལ་གྱི་དཀའ་ངལ་དང་བདེན་པ་གཞི་ལ་བཞག་པའི་ཐོག་ནས་ལམ་སྟོན་ཆེན་པོ་གནང་ཡིན་པ་ཞིག་སྟེ། དེ་ལྟ་བུའི་སྒྲོ་འདོགས་དང་སྐུར་འདེབས་བྱས་ནས་སྤྱི་སྒེར་སུ་ལ་ཡང་ཕན་གྱི་མ་རེད་ཅེས་གསུངས་སོང་།





