Tibetan Royal Year of 2151 | Year of the Wood Dragon

པདྨ་ཤྲི་ལ་དྭགས་ཁྲིག་སེ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཟླ་བ་འདིའི་ཚེས་ ༥ ཉིན་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ Droupadi Murmu མཆོག་གི་དྲུང་ནས་རྒྱ་གར་གྱི་ཆེས་སྙན་གྲགས་ཆེ་བའི་སྤྱི་དམངས་ཀྱི་གཟེངས་རྟགས་པདྨ་ཤྲི་བཞེས་མཁན་ལ་དྭགས་ཁྲིག་སེ་དགོན་པ་དང་བདེ་སྐྱིད་དགོན་པའི་དབུ་བླ་དང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་གནང་མྱོང་མཁན་༸སྐྱབས་རྗེ་ཁྲིག་སེ་ཤར་སྤུལ་རིན་པོ་ཆེ་མཆོག་གིས་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་པ་དང་སྦྲགས་ཏེ་གཟེངས་རྟགས་ཀྱི་སྐོར་སྙན་སེང་ཞུས་འདུག

དེ་རིང་ཕྱི་ཟླ་ ༤ ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཟིན་མཚམས་སུ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་གསར་འགོད་པར་རིན་པོ་སྐུ་ཉིད་མཆོག་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་ཕེབས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་པདྨ་ཤྲི་འབུལ་བཞེས་དང་འབྲེལ་བའི་སྙན་སེང་སླད་མཇལ་ཁ་ཞུས་པ་ཡིན་ཞེས་འགྲེལ་བརྗོད་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་སྐབས་རིན་པོ་ཆེ་མཆོག་ནས་སེམས་པ་བཟང་པོ་དང་ཀུན་སློང་བཟང་པོ། དེ་བཞིན་རང་འདོད་མེད་པར་མི་མང་ལ་སྨན་པའི་ཆོས་དང་རིག་གཞུང་། ཤེས་ཡོན་གྱི་བསྟི་གནས་ཁང་སོགས་གསར་སྐྲུན་གྱིས་ཞབས་ཕྱི་ཞུས་པ་གང་ཞིག་གཙོ་བོ་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཇི་ཕེབས་བཞིན་ལ་དྭགས་ནང་ལ་ཆོས་ལུགས་མཐུན་སྒྲིལ་ཐོག་ཕྱག་ལས་རྒྱ་གང་ཆེ་གནང་བར་བརྟེན་གཟེངས་རྟགས་དེ་ཐོབ་པ་ཞིག་རེད་ཅེས་ལམ་སྟོན་མཛད་ཡོད་སྐོར་གསུངས་སོང་། 

དེ་བཞིན་རིན་པོ་ཆེ་མཆོག་གིས་རྒྱ་གར་ནང་སྤྱི་ཚོགས་ཞབས་ཞུ་དང་སྲི་ཞུ་ལས་དོན། དེ་བཞིན་ཆོས་ལུགས་མཐུན་སྒྲིལ། སྤྱི་ཚོགས་དང་མང་ཚོགས་ཀྱི་བདེ་དོན་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཁག་གཅིག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་རིམ་པ་མི་འདྲ་བ་གནང་སྲོལ་ཡོད་པ་ལྟར་རིན་པོ་ཆེ་མཆོག་ལ་པདྨ་ཤྲི་གཟེངས་རྟགས་གསོལ་སྩལ་གནང་བ་དེས་ངོས་ཀྱིས་མི་ཚེ་འདིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་སྒྲུབ་པ་ཞིག་དང་དེ་བཞིན་ལ་དྭགས་མི་མང་ལ་ཞབས་ཏོག་གང་ལེགས་ཞུས་ཐུབ་པ་ཞིག་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་སོང་།

གཞི་རྩའི་འདི་ལོའི་ཕྱི་ཟླ་ ༡ ཕྱི་ཚེས་ ༢༥ སྟེ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོའི་སྔ་ནུབ་ཏུ་རྒྱ་གར་གཞུང་ནས་༸སྐྱབས་རྗེ་ཁྲིག་སེ་ཤར་སྤྲུལ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་ཆེས་སྙན་གྲགས་ཆེ་བའི་སྤྱི་དམངས་གཟེངས་རྟགས་པདྨ་ཤྲི་འབུལ་ལམ་ཞུ་རྒྱུ་ཡོངས་གྲགས་གནང་བར་མ་ཟད། ཟླ་བ་འདིའི་ཚེས་ ༥ སྟེ་གཟའ་འཁོར་སྔོན་མའི་རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་གྱི་ཕོ་བྲང་དུ་དངོས་སུ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་ཡོད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིན་པོ་ཆེ་མཆོག་ལ་དེ་སྔོན་ཕྱི་ཟླ་ ༡ ཚེས་ ༣༠ ཉིན་འཚམས་འཕྲིན་ཞིག་སྩལ་ཡོད་པའི་ནང་། རྒྱ་གར་དབུས་གཞུང་གིས་རིན་པོ་ཆེ་མཆོག་ལ་སྤྱི་སྨན་ཞབས་ཞུ་དང་ལྷག་དོན་ཉམ་ཐག་དང་ཉེར་མཁོ་ཅན་སོགས་ལ་འབྲེལ་ལམ་བཟང་དུ་བཏང་བ་གཙོས་ལ་དྭགས་ནང་མི་མང་ཚོགས་ཕན་ཚུན་དབར་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་གྱི་ཕྱག་ལས་གནང་བར་ངོས་འཛིན་གྱིས་མངོན་བསྟོད་གཟེངས་རྟགས་ཕུལ་བར་དགའ་བསུ་མཛད་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་ཁྲིག་སེ་རིན་པོ་ཆེ་མཆོག་ནི་བློ་ཐུབ་ཀྱི་མཛའ་གྲོགས་དང་ཆོས་ཕྱོགས་ཀྱི་མཆེད་གྲོགས་ཤིག་ཡིན་པར་བཀའ་སྩལ་བ་དང་ཆབས་ཅིག སླད་མར་རིན་པོ་ཆེ་མཆོག་གི་༸སྐུའི་འཕྲོད་བཞེས་གསལ་ཐང་ལ་རོལ་བ་དང་མི་ཚེ་དོན་ལྡན་སྣེ་ཁྲིད་ཐུབ་པར་ཐུགས་སྨོན་མཛད་ཡོད་པ་རེད།

དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་གཞུང་ནས་ཁྲིག་རྩེ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་བཞི་པ་པདྨ་ཤྲཱིའི་གཟེངས་རྟགས་འབུལ་བཞེས་གནང་བར་དགའ་བསུའི་འཚམས་འདྲི་ཞུས་འདུག་པ་དང་། འཚམས་འཕྲིན་ནང་གཟེངས་རྟགས་དེས་སྐུ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་ནང་པ་སངས་རྒྱས་པའི་བསྟན་པར་ཞབས་འདེགས་དང་འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་པའི་མཛད་རྗེས་རླབས་པོ་ཆེ་འཇོག་པ་མཚོན་གྱི་ཡོད་ཅེས་དང་། དེ་བཞིན་མི་རབས་གཞོན་པ་རྣམས་ཀྱིས་སྐུ་ཉིད་ཀྱི་མཛད་རྗེས་ལ་མིག་དཔེ་བླང་རྒྱུར་སེམས་ཤུགས་སྤར་ངེས་ཡིན་སོགས་གསུངས་འདུག 

དེ་མཚུངས་སུ་གདན་ས་བཀྲ་ཤིས་ལྷུན་པོའི་རིག་གཞུང་འཛིན་སྐྱོང་བླ་སྤྱི་ལྷན་ཁང་གིས་ཀྱང་རྒྱ་གར་དབུས་གཞུང་གིས་༸སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ད་བར་སྤྱི་ཚོགས་བདེ་རྩེ་ཆེད་ཕན་རླབས་ཤིན་ཏུ་ཆེ་བའི་ཕྱག་ལས་རྒྱ་གང་ཆེ་གནང་བ་དང་། དེ་བཞིན་རྒྱ་གར་ཆབ་སྲིད་ནང་ལོ་མང་ཕྱག་ལས་གནང་བའི་བརྒྱུད་རིམ་དུ་གཙོ་བོ་ལ་དྭགས་མི་མང་ལ་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་སེལ་རྒྱུའི་ཞབས་འདེགས་རྒྱ་ཆེན་པོ་གནང་བའི་འབྲས་རྟགས་སུ་རྒྱ་གར་གྱི་སྤྱི་དམངས་ཀྱི་གཟེངས་རྟགས་པདྨ་ཤྲི་འབུལ་བཞེས་གནང་བར་དགའ་བསུའི་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུས་འདུག

༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་ངག་དབང་འཇམ་དབྱངས་བྱམས་པ་བསྟན་འཛིན་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་ ༡༩༤༣ ལོར་སྐུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༥༣ ལོར་དགུང་ལོ་བཅུ་པའི་ཐོག་རྒྱལ་བའི་གསུང་རབ་ལ་ཐོས་བསམ་མཛད་ཕྱིར་བོད་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤྲུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་བ་མ་ཟད། ཕྱི་ལོ་ ༡༩༦༦ ལོར་༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་ནས་བསྙེན་པར་རྫོགས་པ་དང་། བཀྲས་ལྷུན་བཀའ་ཆེན་བློ་བཟང་བཟོད་པ་མཆོག་ཡོངས་འཛིན་དུ་བསྟེན་ནས་རིག་གནས་དང་། དཀྱིལ་འཁོར་གྱི་ཐིག ༸རྗེ་ཡབ་སྲས་དང་པཎ་ཆེན་སྐུ་ཕྲེང་གྱི་གསུང་འབུམ་སོགས་ལྗགས་ལུང་། གཞུང་ཆེན་ཁག་གི་དཔེ་འཁྲིད་དང་གཞན་ཡང་གསང་སྡེ་འཇིག་གསུམ་སོགས་བརྒྱུད་སྡེ་བཞིའི་དབང་ལུང་མང་པོ་ཞུས་མྱོང་ཡོད་པ་རེད།

རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༩༢ ལོ་ནས་ ༡༩༩༧ བར་ལོ་ལྔའི་རིང་ལ་དྭགས་དགོན་ཚོགས་ཀྱི་དབུ་སྐྱོང་མཛད་ནས་དགོན་པ་ཁྲོམ་ཚོགས་དང་དགོན་ཚོགས་ཀྱི་ལས་ཁུངས་གསར་བཞེངས་སོགས་མཛད་པ་དང་།༡༩༩༥ ལོར་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འཐུས་མིར་དམ་འབུལ་བཞེས། ཕྱི་ལོ་ ༡༩༩༨ ཟླ་བ་ ༠༤ ཚེས་ ༠༦ ཉིན་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་གོང་མའི་འཐུས་མི་ལ་དྭགས་ནས་དང་པོར་བཞེས་པ་དང་། ཕྱི་ལོ་ ༢༠༡༠ ལོར་བདེ་སྐྱིད་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དུ་བྱམས་མགོན་གསར་བཞེངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀྲ་ཤིས་རབ་གནས་རྒྱས་པར་མཛད་ཡོད་པ་རེད། རིན་པོ་ཆེ་མཆོག་བོད་ནས་ལ་དྭགས་ལ་ཕྱིར་ལོག་ཕེབས་པ་ནས་བཟུང་ཁྲིག་སེ་དགོན་པར་ནང་གི་རྟེན་སྐུ་གསུང་ཐུགས་རྟེན་དང་ཕྱིའི་གཙུག་ལག་ཁང་སོགས་ལ་ཉམས་གསོ་དང་གསར་བཞེངས་བསམ་ཡུལ་ལས་འདས་པ་ཞིག་བསྒྲུབས་གནང་ཡོད།

འབྲེལ་ཡོད་གསར་གནས།

Sunday 05/05/2024

Friday 03/05/2024

གསར་གནས།