Tibetan Royal Year of 2151 | Year of the Wood Dragon

བསོད་ནམས་དབང་ཕྱུག་ལགས་ཀྱི་ཉིན་གྲངས་ ༢༡ གི་ཟས་བཅད་ལས་འགུལ་རེ་ཞིག་མཇུག་སྒྲིལ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་གར་བྱང་ཕྱོགས་ལ་དྭགས་གནས་བཞུགས་ཁོར་ཡུག་ལས་འགུལ་བ་གྲགས་ཅན་བསོད་ནམས་དབང་ཕྱུག་ལགས་ཀྱིས་ཟླ་བ་འདིའི་ཚེས་དྲུག་ནས་ཉིན་གྲངས་ཉི་ཤུ་རྩ་གཅིག་རིང་རྒྱ་གར་གཞུང་གྱི་རྩ་ཁྲིམས་ཀྱི་ལེའུ་དྲུག་པའི་དགོངས་དོན་འོག་ལ་དྭགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག ས་ཁོངས་བདག་དབང་། དེ་བཞིན་གནམ་གཤིས་འགྱུར་ལྡོག་སོགས་ལ་གཞུང་འཛིན་ཚོགས་པས་སྲུང་སྐྱོབ་དང་ཐོབ་ཐང་སྤྲོད་དགོས་པའི་ལས་འགུལ་ཏེ་དགོས་འདུན་དོན་ཚན་གཉིས་ཀྱི་ཐོག་ནས་ཟས་བཅད་ངོ་རྒོལ་གནང་དོན་ལྟར། ཁ་སང་ཕྱི་ཟླ་ ༣ ཚེས ༢༦ ཉིན་ཁོང་གི་གཟུགས་གཞིའི་གནས་སྟངས་ཞན་པོར་གྱུར་བའི་ཐོག་ཉིན་དེར་ཟས་བཅད་ལ་བཞུགས་མཁན་མི་མང་ཁྱོན་དྲུག་སྟོང་ལྷག་འདུ་འཛོམས་ཀྱི་སར་ཁོང་གི་ཟས་བཅད་ཀྱི་ལས་འགུལ་དེ་རེ་ཞིག་མཇུག་སྒྲིལ་གནང་འདུག

དེ་ཡང་ཟླ་བ་འདིའི་ཚེས་ ༦ ཉིན་བསོད་ནམས་དབང་ཕྱུག་ལགས་ཀྱི་ལས་འགུལ་དེ་དབུ་འཛུགས་མ་གནང་གོང་མང་ཚོགས་ལ་གཏམ་བཤད་གནང་བའི་སྐབས། བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་གནམ་གཤིས་འགྱུར་ལྡོག་གི་མཚོན་པའི་གོ་ལའི་ཚ་དྲོད་འཕེལ་བ་སོགས་ཁོར་ཡུག་གི་དཀའ་ངལ་ཆེ་ཆེར་འགྲོ་བཞིན་པའི་ཁྲོད་དེར་བོད་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེས་ཁོར་ཡུག་ལ་གནོད་འཚེ་ཤུགས་ཆེར་བཟོ་བཞིན་པ་དང་། རྒྱ་གར་ནང་གི་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་ལ་དྭགས་སུའང་ཁོར་ཡུག་གི་དཀའ་ངལ་འཕྲད་འགོ་ཚུགས་བཞིན་ཡོད་པ་མ་ཟད། བོད་དང་ཧི་མ་ལ་ཡའི་ས་ཚིགས་དེ་དག་སྣེ་མོ་གསུམ་པ་ཞེས་བརྗོད་དེ་གོ་ལའི་མི་འབོར་གྱི་བཞི་ཆ་གཅིག་སྟེ་མི་ཐེར་འབུམ་གཉིས་ཀྱི་ཆུའི་འབྱུང་ཁུངས་ཤིག་ཆགས་ཀྱི་ཡོད་སྟབས། ཧི་མ་ལ་ཡའི་འཁྱག་རོམ་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་སླད་རྒྱལ་སར་བཞུགས་མཁན་ཚོས་ཁོར་ཡུག་ལ་བསམ་གཞིགས་བྱེད་པའི་སྒོ་ནས་མི་ཚེ་མཉམ་ཆུང་ཐོག་ནས་སྐྱེལ་རྒྱུའི་རེ་སྐུལ་གྱི་དགོས་འདུན་གཅིག་དང་། གཉིས་ནས་རྒྱ་གར་གཞུང་འཛིན་ཚོགས་པ་ BJP ཡིས་དེ་སྔ་༢༠༡༩ དང་ ༢༠༢༠ བཅས་ཀྱི་འོས་བསྡུའི་སྐབས་མ་འོངས་གནང་འཆར་ནང་གི་དོན་ཚན་དང་པོ་གསུམ་གྱི་ནང་དུ་ལ་དྭགས་དེ་བཞིན་རྒྱ་གར་གྱི་རྩ་ཁྲིམས་ལེའུ་དྲུག་པའི་དགོངས་དོན་འོག་ལ་དྭགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག ས་ཁོངས་བདག་དབང་། དེ་བཞིན་གནམ་གཤིས་འགྱུར་ལྡོག་སོགས་ལ་སྲུང་སྐྱོབ་དང་ཐོབ་ཐང་སྤྲོད་ཀྱི་ཡིན་ཞེས་བློས་འཁེལ་ཕུལ་བ་དེ་དྲན་གསོ་དང་ལག་བསྟར་གནང་རོགས་ཞེས་པའི་དགོས་འདུན་གཉིས་ཀྱི་ཐོག་ནས་ཉིན་གྲངས་ཉི་ཤུ་རྩ་གཅིག་རིང་ལ་ཆུའི་ནང་ཚྭ་བླུགས་ནས་འཐུང་བ་ལས་ཟས་བཅད་གནང་རྒྱུ་ཡིན་པ་གསུངས་ཡོད།

སྐབས་དེར་ཁོང་གི་ད་དུང་ཉིན་གྲངས་ཉི་ཤུ་རྩ་གཅིག་ཅེས་བདམས་དོན་ནི་དེ་སྔ་རྒྱ་གར་རང་བཙན་འཐབ་རྩོད་བྱས་པའི་སྐབས་སུ་གྷན་དྷི་མཆོག་གིས་ཞི་བའི་ཐོག་ནས་ཟས་བཅད་ཀྱི་ལས་འགུལ་རིང་ཤོས་དེ་ཉིན་གྲངས་ཞི་ཤུ་རྩ་གཅིག་ཆགས་ཀྱི་ཡོད་པ་ལྟར་དམ་པ་ཁོང་གི་རྗེས་སུ་བཟུང་བ་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། གཞུང་འཛིན་ཚོགས་པའི་འོས་བསྡུའི་སྐབས་ཀྱི་ཁས་ལེན་བྱས་པ་དེ་དག་མི་མང་གི་དྲན་གསོ་བྱེད་སྐབས་དཀའ་ངལ་ཞིག་ཏུ་འགྱུར་བཞིན་པའང་སྐབས་རེ་ཁྲིམས་བརྒལ་གྱི་རྣམ་པ་ཞིག་ཏུ་འགྱུར་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། ལ་དྭགས་དེ་བཞིན་རྒྱ་གར་དབུས་གཞུང་གི་ཐད་དཀར་སྟངས་འཛིན་འོག་གྱུར་ཟིན་པའི་རྗེས་སུ་རྒྱལ་སར་ཡོད་པའི་ཚོང་པ་ཆེན་པོ་བ་དང་བཟོ་གྲྭ་ཆེན་པོ་བ་རྣམས་རང་དབང་གི་སྒོ་ནས་ལ་དྭགས་ནང་འཛུལ་ནས་གཏེར་ཁ་བསྔོག་འདོན་དང་ཁོར་ཡུག་ལ་གནོད་པའི་ལས་གཞི་བརྩམས་རྩིས་བྱེད་དེ་གཞུང་ལ་གནོན་ཤུགས་སྤྲད་བཞིན་ཡོད་སྟབས། ང་ཚོས་རང་གི་གནས་སའི་ཁོར་ཡུག་དང་རིག་གཞུང་སོགས་སྲུང་སྐྱོབ་བྱ་རྒྱུའི་འགན་དབང་ཡོད་པ་བཞིན་ལས་འགུལ་དེ་ཕྱོགས་གཅིག་ནས་རྒྱ་གར་གཞུང་ལ་ཕྱག་རོགས་ཤིག་ཀྱང་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་ཆབས་གཅིག འཛམ་གླིང་ས་ཕྱོགས་གང་སར་གནས་པའི་མི་མང་རྣམས་ནས་ཁོང་གི་ལས་འགུལ་དང་ལ་དྭགས་སྲུང་སྐྱོབ་བྱ་རྒྱུར་མཉམ་རུབ་གནང་རོགས་ཞེས་གསུངས་དོན་ལྟར། འདས་པའི་ཉིན་གྲངས་ཉི་ཤུའི་ནང་རྒྱ་གར་གཙོས་འཛམ་གླིང་ས་ཕྱོགས་གང་ས་ནས་ཁོང་གི་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བྱུང་བ་མ་ཟད། ཁོང་རང་ཉིད་ཟས་བཅད་བཞུགས་སར་ཉིན་ལྟར་ཁོང་དང་མཉམ་དུ་ཟས་བཅད་ལ་བཞུགས་མཁན་གྱི་མི་མང་སྟོང་ཕྲག་མང་པོ་བྱུང་ཡོད་ལ་འདས་པའི་ཉིན་གྲངས་ཉི་ཤུ་རྩ་གཅིག་ནང་ཟས་བཅད་ལ་བཞུགས་པའམ་ལས་འགུལ་ལ་མཉམ་བཞུགས་གནང་བ། དེ་བཞིན་ངོ་རྒོལ་སྐད་འབོད་གནང་མཁན་སོགས་ཁྱོན་མི་མང་ཁྲི་དྲུག་ནས་བདུན་བར་བྱུང་ཡོད་པ་གསུངས་སོང་།

ཁ་སང་ཕྱི་ཚེས་ ༢༦ སྟེ་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལགས་ནས་ཟས་བཅད་གནང་ནས་ཉིན་གྲངས་ ༢༡ གི་མཚམས་སུ་ཁོང་གི་གཟུགས་གཞི་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་མངོན་རྒྱུ་འདུག་ལ་ཟས་བཅད་ལས་འགུལ་དེ་རེ་ཞིག་མཚམས་འཇོག་གནང་བའི་སྐབས་སུ་བསོད་ནམས་དབང་ཕྱུག་ལགས་ཀྱིས་རྒྱ་གར་གཞུང་འཛིན་ཚོགས་པའི་སྲིད་བློན་གཙོས་བློན་ཆེན་དང་གྲོས་ཚོགས་འཐུས་མི་རྣམ་པས་འོས་བསྡུའི་སྐབས་ཁས་ལེན་བྱས་པ་རྣམས་ལག་བསྟར་དོན་འཁྱོལ་ཞིག་མ་བྱུང་བར་དུ་ལས་འགུལ་དེ་མུ་མཐུད་ལ་དྭགས་པའི་བུད་མེད་དང་མི་སྐྱ། གཞོན་སྐྱེས་དང་དགེ་འདུན་པ། དེ་བཞིན་རྒས་ཁོགས་རྣམས་རེ་མོས་ཀྱི་ཐོག་ནས་མུ་མཐུད་ཟས་བཅད་གནང་རྒྱུ་མ་ཟད། ཉིན་གྲངས་ཁ་ཤས་ཀྱི་རྗེས་སུ་ཁོང་སླར་ཡང་དེར་ཕེབས་ནས་མུ་མཐུད་ཟས་བཅད་གནང་རྒྱུ་ཡིན་སྐོར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།