བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་མཛད་འཕྲིན་དང་ལྷག་པར་མགོན་པོ་༸གང་ཉིད་མཆོག་ ༡༩༥༩ ལོར་རྒྱ་གར་དུ་ཉེན་ཡོལ་ལ་ཆིབས་བསྒྱུར་མཛད་སྐབས་དང་འབྲེལ་བའི་བོད་ནམ་ཡང་མ་བརྗེད་ཅེས་པའི་གློག་བརྙན་གསར་པ་ཞིག་རྒྱལ་སྤྱིའི་ཁྲོམ་རར་ཐོན་འདུག
གནས་ཚུལ་ཐོན་ཁག་ལ་གཞིགས་ན་ཐེངས་འདིའི་༸སྐུ་མདུན་གྱི་མཛད་འཕྲིན་དང་འབྲེལ་བའི་གློག་བརྙན་དེ་ནི་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་གློག་བརྙན་བཟོ་སྐྲུན་པ་སྐུ་ཞབས་ Jean-PaulMertine ལགས་ཀྱིས་༸གོང་ས་མཆོག་དང་དཔོན་རིགས་ཤིག་ཅེས་པའི་དཔེ་དེབ་ཅིག་ལ་གཞི་བཅོལ་ནས་བཟོ་སྐྲུན་གནང་བ་ཞིག་ཡིན་པ་དང་དེའི་ནང་རྒྱ་གར་གྱི་ sitar ཞེས་པའི་སྲོལ་རྒྱུན་རོལ་ཆ་དཀྲོད་མཁན་གྲགས་ཅན་ལྕམ Anoushka Shanker ལགས་ཀྱིས་རོལ་དབྱངས་མཉམ་སྲེས་གནང་ཡོད་པ་དང་དེ་བཞིན་དབྱིན་ཡུལ་གྱི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་Hugh Bonneville ལགས་གྱིས་གློག་བརྙན་གྱི་སྤྱི་ཤོག་འགྲེལ་བཤད་གནང་ཡོད་པ་རེད།
གློག་བརྙན་ནང་གཙོ་བོ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་རྒྱ་ནག་གི་བཙན་འཛུལ་ལས་ཉེན་ཡོལ་སླད་རྒྱ་གར་ལ་ཆིབས་བསྒྱུར་མཛད་པའི་སྐོར་དང་སྐབས་དེར་རྒྱ་གར་གྱི་ཆེས་མཐོའི་དཔོན་རིགས་ Har Mander Singh ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་རྒྱ་གར་དུ་ཆིབས་ཐོན་ལ་རོགས་སྐྱོར་མཛད་སྐོར་སོགས་བཀོད་པ་དང་། གློག་བརྙ་དེའི་བདག་དབང་ད་ཆ་དབྱིན་ཡུལ་གྱི་བཟོ་ཚོང་ཁང་ Parkland Pictures ཞེས་པས་ཉོས་ཡོད་པ་གསལ་འདུག
གློག་བརྙན་དེའི་ནང་ད་དུང་་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་བློན་ནེཧ་རུ་དང་དབྱིན་ཇིའི་སྲིད་བློན་ Macmillan བཅས་དབར་མགོན་པོ་༸གང་ཉིད་མཆོག་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་པའི་སྐོར་གསང་འབྲེལ་བྱུང་བ་ཡོངས་གྲགས་མ་ཡིན་པའི་གནད་དོན་ཁག་ཅིག་ཀྱང་འཁོད་ཡོད་པར་གསལ་འདུག
གློག་བརྙན་བཟོ་སྐྲུན་པ Jean-Paul Mertinez ལགས་ཀྱིས་འགྲེལ་བརྗོད་གནང་བར་བོད་ནམ་ཡང་མ་བརྗེད་ཅེས་པའི་གློག་བརྙན་དེར་དགའ་མོས་བྱེད་མཁན་མང་པོ་བྱུང་ཡོད་པ་དང་གློག་བརྙན་དེའི་བཟོ་སྐྲུན་གྱི་ཁྲོད་དུ་བོད་ཀྱི་གཏིང་ཟབ་རང་བཞིན་གྱི་རོལ་དབྱངས་དང་གནའ་བོའི་ཆོས་དབྱངས་སོགས་ཀྱི་མཛེས་ཆས་སྒྲིག་སྦྱོར་གནང་ཡོད་སྟབས་རྒྱ་ཆེའི་མི་མང་དག་གིས་ཀྱང་གློག་བརྙན་དེ་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དག་ལ་རོལ་མྱོང་ཐུབ་པར་རེ་བ་ཡོད་པར་གསུངས་པ་མ་ཟད། འཛམ་གླིང་གི་མི་མང་ཡོངས་དང་རང་བྱུང་ཁོར་ཡུག་ཁྲོད་ཕན་ཚུན་གྱི་བརྩེ་བ་བརྗེ་ལེན་བྱེད་གལ་ཡིན་པ་ནི་མགོན་པོ་༸གང་ཉིད་མཆོག་གི་ཐུགས་དགོངས་དངོས་ཡིན་པར་ལུང་འདྲེན་གནང་འདུག
གཞི་རྩའི་ཐེངས་འདིའི་གློག་བརྙན་གསར་པ་དེ་ནི་གློག་བརྙན་བཟོ་སྐྲུན་པ་ Jean-Paul Mertinez ལགས་ཀྱིས་དངོས་བྱུང་གི་གློག་བརྙན་གསུམ་བཟོ་འཆར་ཡོད་པའི་ཁྲོད་ཀྱི་༸གོང་ས་མཆོག་གི་མཛད་འཕྲིན་སྐོར་གྱི་གློག་བརྙན་དེ་ཆགས་ཡོད་པ་དང་། གློག་བརྙན་གཞན་གཉིས་ནི་བོད་བརྒྱུད་ནང་བསྟན་དང་དེང་དུས་ཀྱི་རྒྱལ་སྤྱིའི་རིག་གཞུང་གཉིས་ཡིན་པ་རེད་འདུག ཐེངས་འདིའི་གློག་བརྙན་དེར་སྐར་མ་ ༩༠ ཙམ་ཡོད་པ་དང་གསར་ཁང་ཁག་ཏུ་རྒྱང་སྲིང་གི་ཆེད་དུ་གློག་བརྙན་དེ་སྐར་མ་ ༦༠ ཙམ་ལ་ཉུང་འཕྲི་གནང་འདུག




