Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ནས་བོད་དང་ཤིན་ཅང་གི་གནད་དོན་ཐོག་བཀལ་བའི་ཉེས་འཛུགས་ལ་སྐྱོན་བརྗོད།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ Volker Turk ཝོལ་ཀར་ཊུཀ་མཆོག་གིས་རྒྱ་གཞུང་ནས་བོད་དང་ཤིན་ཅང་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་མུ་མཐུད་གཏོང་བཞིན་ཡོད་པར་སྐྱོན་བརྗོད་དང་འབྲེལ། དེ་འབྲེལ་རྩ་ཁྲིམས་ཀྱི་འབྲུ་དོན་ཁག་ལ་བསྐྱར་བཅོས་དགོས་པ་ནན་བརྗོད་གནང་བའི་ཁྲོད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་དང་ཤིན་ཅང་ཐད་རྒྱ་ནག་ལ་བཀལ་བའི་ཉེས་འཛུགས་དེ་དག་རྫུན་འབའ་ཞིག་ཡིན་པ་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ནིང་གིས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱིས་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་དང་འབྲེལ་བའི་དྲི་བར་ལན་འདེབས་སུ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་རེད་ཅེས་དམའ་འབེབ་དང་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། ཉེས་འཛུགས་དེ་དག་ནི་རྫུན་གཏམ་དང་འཁྱོག་བཤད་ཁོ་ན་ལས་མ་འདས་པ་ཡིན་ཚུལ་བརྗོད་འདུག་པ་མ་ཟད། བོད་དང་ཤིན་ཅང་གནས་སྡོད་མི་རྣམས་ནི་སྤྱི་ཚོགས་སྲ་བརྟན་དང་། དཔལ་འབྱོར་ཡར་རྒྱས། དེ་བཞིན་མི་རིགས་དང་ཆོས་དད་ཀྱི་ཁྱད་པར་སོགས་ལྟོས་མེད་དགའ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པ་འགྲེལ་བརྗོད་བྱས་འདུག

མ་ཟད་མའོ་ནིང་གིས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་དམིགས་ཡུལ་དང་རྐང་པ་ཉིས་འཛུགས་ཀྱི་ལངས་ཕྱོགས་དེ་ད་ཆ་ཐེར་འདོན་ཐུབ་ཡོད་པ་དང་། ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་ ༡༠༠ ལྷག་གིས་རྒྱ་གཞུང་ནས་བོད་དང་། ཤིན་ཅང་། དེ་བཞིན་ཧོང་ཀོང་ནང་འཛིན་པའི་སྲིད་བྱུས་ལ་རྒྱབ་སྐྱོར། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་ཁ་ལ་ཁྱེར་ནས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་པའི་ལས་དོན་ལ་འགོག་རྒོལ་བྱས་ཡོད་པ་འགྲེལ་བརྗོད་དང་འབྲེལ། དེས་རྒྱལ་ཁབ་ཆ་ཚང་ལོང་བ་མིན་པ་གསལ་པོ་མངོན་གསལ་ཐུབ་པ་ཡིན་ཞེས་བརྗོད་འདུག

ཁོང་གིས་ད་དུང་རྒྱ་ཕྱོགས་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ལ་ཕན་ཚུན་བརྩི་འཇོག་གཞིར་བཞག་གིས་གྲོས་མོལ་མུ་མཐུད་བྱ་རྒྱུ་གྲ་སྒྲིག་ཡོད་ཀྱང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་གཞན་ཚོགས་སྡེ་ཁག་ནས་ཚོགས་མིའི་རྒྱལ་ཁབ་རྣམས་ཀྱི་ས་ཁོངས་བདག་དབང་ལ་བརྩི་འཇོག་བྱ་དགོས་་པ་དང་། ཕྱོགས་ལྷུང་མིན་པའི་ལྟ་བའི་ངོས་ནས་ལས་དོན་བསྒྲུབ་རྒྱུ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་བྱེད་སྒོ་སྤེལ་དགོས་པར་ནན་སྐུལ་ཞུས་ཡོད་ཅེས་བརྗོད་འདུག

རྩ་བའི་ཟླ་འདིའི་ཚེས་ ༤ ཉིན་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༥ འཚོག་བཞིན་པ་དང་བསྟུན།  རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ Volker Turk ཝོལ་ཀར་ཊུཀ་མཆོག་གིས་རྒྱ་གཞུང་ངོས་ནས་བོད་དང་ཤིན་ཅང་མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་དང་འབྲེལ་བའི་ཁྲིམས་དང་སྲིད་བྱུས། ལམ་ལུགས་བཅས་ལ་རྒྱལ་ཚོགས་ཀྱི་ལམ་སྟོན་གཞིར་བཟུང་ལེགས་བཅོས་དགོས་པའི་ཞུ་སྐུལ་གནང་བ་མ་ཟད།  རྒྱ་ནག་ངོས་ནས་རྩོད་རྙོག་ཁ་གསལ་མེད་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་གློད་བཀྲོལ་དགོས་པ་གསུངས་ཡོད།

དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ པོའི་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བའི་སྐབས། ཨ་རི་དང་། ཁེ་ན་ཌ། ཌེན་མཱརྐ ཧྥིན་ལེན་ཌ། འཇར་མ་ནི། སོགས་རྒྱལ་ཁབ་ ༢༠ ལྷག་གིས་བོད་དང་ཤིན་ཅང་ནང་གི་གནས་སྟངས་ཐད་ཐུགས་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། རྒྱ་ནག་ངོས་ནས་བོད་མིའི་ཐོག་དྲག་གནོན་མཚམས་འཇོག་དགོས་པ་དང་། བཅའ་སྡོད་སློབ་གྲྭ་སྒོ་བརྒྱབ་དགོས་པ། ཁྲིམས་འགལ་གྱིས་གང་བྱུང་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་སློབ་མ་རྣམས་ལ་རང་གི་སྐད་ཡིག་སྦྱོང་རྒྱུའི་ཐོབ་ཐང་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་རྟོགས་ཞིབ་མི་སྣ་བོད་ནང་ཆེད་གཏོང་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།