Tibetan Royal Year of 2151 | Year of the Wood Dragon

སི་པེན་གྲོས་ཚོགས་འཐུས་མི་སུམ་ཅུ་དང་ཡོ་རོབ་གྲོས་ཚོགས་འཐུས་མི་བཅུ་གཅིག་གིས་༸པཎ་ཆེན་རིན་པོ་ཆེའི་སྐོར་འདྲི་རྩད།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཁ་སང་ཕྱི་ཟླ་ ༤ ཚེས་ ༢༥ སྟེ་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༤ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན་འཛམ་གླིང་ས་ཕྱོགས་གར་སར་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་གིས་དབུས་པའི་༸སྐུ་འཁོར་ལྷན་རྒྱས་ཀྱི་ད་ལྟའི་གནས་བབ་ཕྱིར་བསྒྲགས་བྱེད་དགོས་པ་དང་། རིན་པོ་ཆེ་མཆོག་གིས་དབུས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་ལས་འགུལ་རིམ་པ་སྤེལ་བཞིན་པའི་ཁྲོད་སི་པེན་གྲོས་ཚོགས་འཐུས་མི་སུམ་ཅུས་རྒྱ་ནག་གཞུང་ལ་རིན་པོ་ཆེ་མཆོག་གི་སྐོར་ལ་འདྲི་རྩད་གནང་འདུག་པར་མ་ཟད། ཡོ་རོབ་གྲོས་ཚོགས་འཐུས་མི་བཅུ་གཅིག་གིས་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ Josep Borrell  ལགས་སུ་ཡིག་ཐོག་ནས་རིན་པོ་ཆེའི་གནད་དོན་སྐོར་འདྲི་རྩད་གནང་འདུག

༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༤ བདག་གིར་བཞེས་པ་དང་བསྟུན་རིན་པོ་ཆེ་མཆོག་གིས་དབུས་པའི་སྐུ་འཁོར་ལྷན་རྒྱས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༨ འཁོར་གྱི་ཡོད་སྟབས་འདི་ལོའི་ཕྱི་ཟླ་ ༢ ནང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Robert Masih Nahar ལགས་ཀྱི་སྣེ་ཁྲིད་འོག་གསར་འཛུགས་གནང་བའི་སི་པེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སུམ་ཅུས་རྒྱ་ནག་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཡོད་སོགས་ཀྱི་སྐོར་དཔང་རྟགས་གསལ་བཟོ་དགོས་པའི་རེ་སྐུལ་གནང་ཡོད་པར་མ་ཟད།  རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ལྟར་༸པཎ་ཆེན་རིན་པོ་ཆེར་གཞི་རྩའི་རང་དབང་ཕུལ་དགོས་པ་དང་། རིན་པོ་ཆེ་མཆོག་དང་༸སྐུ་འཁོར་གཙོས་བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་འདུག

ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Mikulas Peksa ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་བཅུ་གཅིག་གིས་ཡོ་རོབ་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ Josep Borrell ལགས་སུ་ཡིག་ཐོག་ནས་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ནས་རྒྱ་གཞུང་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་བཏང་བའི་གནད་དོན་སྐོར་ལ་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་གནང་ཡོད་མེད་དང་། འཚོགས་ལ་ཉེ་བའི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ཐབས་བྱུས་གྲོས་མོལ་སྐབས་རྒྱ་ནག་གཞུང་གི་སྐུ་ཚབ་དང་ལྷན་དུ་དེ་འབྲེལ་གྲོལ་མོལ་གནང་འཆར་ཡོད་མེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་བཞེངས་ཕྱོགས་ཁ་གསལ་གནང་འཆར་ཡོད་མེད་སོགས་ཀྱི་སྐོར་ལ་འདྲི་རྩད་གནང་ཡོད་པ་རེད། 

དེ་དང་ཕྱོགས་མཚུངས་སུ་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༤ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་ཉིན་མོར་ཡོ་རོབ་རྒྱལ་ཁབ་ནི་ཐར་ལན་ཌི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ངོ་རྒོལ་སྐད་འབོད་ལས་འགུལ་སྤེལ་འདུག་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་བཀག་འགོག་ཚོགས་ཆུང་དང་བྱིས་པའི་ཐོབ་ཐང་ཚོགས་ཆུང་། ཆོས་དད་རང་དབང་ཐོག་གི་དམིགས་བསལ་ཆེད་མཁས་མི་སྣ་སོགས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་མངོན་གསལ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་དེ་ལྟར་ཡང། ད་བར་རྒྱ་ནག་གཞུང་གི་ངོས་ནས་འབོད་སྐུལ་དེ་དག་སྣང་མེད་དུ་བཏང་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་ནི་མི་མང་དཀྱུས་མ་ཞིག་ཡིན་པ་དང་། ཁོང་གིས་མི་མང་དཀྱུས་མའི་འཚོ་བ་སྐྱེལ་བཞིན་ཡོད་ཅེས་བཤད་པ་ལས་རིན་པོ་ཆེ་མཆོག་ས་གནས་གང་དུཡོད་མེད་གནས་ཚུལ་ཁ་གསལ་བཟོ་ཡི་མེད་སྟབས། ད་ལྟའི་ཆར་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་དེ་འཛམ་གླིང་ནང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཡུན་རིང་ཤོས་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།