བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སིར་མོར་རྫོང་ཁོངས་དང་། ཨུ་ཏར་ཁནྚ་མངའ་ཁུལ་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༥ ཉིན་སྲིད་སྐྱོང་མཆོག་ནས་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་དང་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ཀྱི་ས་གནས་མང་ཚོགས་དང་མཇལ་མོལ་གྱི་གསུང་བཤད་གནང་བའི་རྗེས་སུ་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་བའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་གང་ན་སུ་ཡོད་ལ་བོད་མིའི་སྒྲིག་འཛུགས་ནས་གདོང་ལེན་ནན་པོ་གནང་རྒྱུ་ཡིན་པ་གསུངས་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བའི་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་ཕྱི་ཚེས་ ༢༥ ཉིན་གྱི་ཉིན་རྒྱབ་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ཀྱི་ས་གནས་མང་ཚོགས་དང་མཇལ་མོལ་གྱི་གསུང་བཤད་གནང་བའི་སྐབས་ཁོང་རང་ཉིད་ཀྱི་འོས་བསྡུའི་དྲིལ་བསྒྲགས་ཁྲོད་ཁས་ལེན་ཞུས་བ་ལྟར་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་བོད་དོན་དྲིལ་བསྒྲགས་དང་བོད་མིའི་སྤྱི་ཚོགས་བདེ་དོན་སླད་ཕྱག་ལས་གནང་བ་རྣམས་ངོ་སྤྲོད་དང་སྦྲགས། ད་ལྟའི་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་སྒྱུར་འོག་བོད་ནང་སྐད་ཡིག་དང་རིག་གཞུང་གི་རང་དབང་མེད་པ་མ་ཟད། སློབ་གྲྭ་ཁག་བཙན་ཤེད་ཀྱིས་སྒོ་རྒྱག་པ་དང་། བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ལ་རྒྱ་གཞུང་གིས་སྟངས་འཛིན་འོག་དགེ་འདུན་པའི་ཞལ་གྲངས་ལ་ཚོད་འཛིན་དང་དགོན་པའི་བསླབ་གཞི་གཏན་འབེབས་བྱ་རྒྱུ་མཚོན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལའང་རྒྱ་ནག་གཞུང་གི་ཆོག་མཆན་དགོས་ལུགས་ཀྱིས་ཐེ་བྱུས་དང་། ཐ་ན་ཨིན་སྐད་ཐོག་བོད་ལ་ Tibet ཞེས་འབོད་པའི་ཐ་སྙད་དེའང་ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ཏེ་ XIZANG ཞེས་པར་བརྗེ་སྒྱུར་བཏང་སྟེ་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་དང་བྱས་མུས་རེད་ཅེས་འགྲེལ་བརྗོད་གནང་འདུག

སྲིད་སྐྱོང་མཆོག་གིས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ཀྱི་ས་གནས་མང་ཚོགས་ལ་གསུང་བཤད་གནང་གྲུབ་མཚམས་སུ་གཞིས་མི་གཅིག་གིས་ཉེ་ལམ་བོད་མི་སྒེར་བ་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཚབས་ཆེ་ཞུས་པའི་གནད་དོན་དང་འབྲེལ་ནས་སྒྲིག་འཛུགས་ནས་གང་ཞིག་གནང་གི་ཡོད་མིན་དྲི་རྩད་གནང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་མཚན་སྨད་ཞུ་མཁན་གང་ན་སུ་ཡོད་ལ་བོད་མིའི་སྒྲིག་འཛུགས་ནས་གདོང་ལེན་གནང་རྒྱུ་ཡིན་པ་དང་། ལྷག་པར་ཉེ་ལམ་ཨོ་གླིང་ནས་བོད་མི་སྒེར་བ་ཞིག་གིས་མགོན་པོ་༸གང་ཉིད་མཆོག་ལ་མཚན་སྨད་ཚབས་ཆེ་ཞུས་པར་བོད་མིའི་སྒྲིག་འཛུགས་ནས་ཡུལ་ཁྲིམས་དང་བསྟུན་ནས་གདོང་ལེན་གནང་རྒྱུ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དཀའ་ཉེན་གདོང་ལེན་ཚོགས་ཆུང་ཞེས་ཆེད་འཛུགས་ཀྱིས་གནད་དོན་དེའི་སྐོར་དཔྱད་ཞིབ་དང་བྱེད་སྒོ་བརྩམ་བཞིན་ཡོད་པ་དང་། རྒྱ་ཆེ་མང་ཚོགས་ནས་དེ་ལྟ་བུའི་གཏམ་འཆལ་རིགས་ལ་ཉན་འཇོག་དང་བརྒྱུད་སྤེལ་བྱ་རྒྱུ་མེད་པའི་ལམ་སྟོན་གནང་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁ་སང་ཕྱི་ཚེས་ ༢༥ ཉིན་གྱི་ཞོགས་པ་སིར་མོར་རྫོང་ཁོངས་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་གི་ས་གནས་མི་མང་ཚོགས་ཁང་དུ་མང་ཚོགས་དང་མཇལ་མོལ་གྱི་གསུང་བཤད་གནང་བའི་སྐབས་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་ནས་ད་ལྟའི་ཆར་མགོན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་དྭངས་སྐྱེད་གང་ལེགས་བྱུང་ཡོད་པ་གསལ་བཤད་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ནས་ཡང་ཡང་ཐུགས་བརྩེ་ཆེན་པོས་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་ཞལ་བཞེས་གནང་བ་ལྟར། རྗེས་འཇུག་པ་ཚོས་༸གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུས་ཏེ། བླ་སློབ་བར་དམ་ཚིག་གཙང་མ་ཉར་དགོས་པའི་ནན་སྐུལ་གནང་བའི་ཐོག མགོན་པོ་མཆོག་གི་ལམ་སྟོན་ལྟར་ཆོལ་གསུམ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ངང་ནས་རང་དབང་འཐབ་རྩོད་ལ་འབད་འབུངས་གནང་དགོས་སྐོར་གསུངས་འདུག

དེ་བཞིན་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་ཁུར་དབུ་འཛུགས་ཞུས་ནས་ད་བར་བོད་དོན་ཆབ་སྲིད་དང་། བཙན་བྱོལ་བོད་མིའི་བདེ་དོན་ལྟ་སྐྱོང་ཐད་ལས་དོན་གནང་ཕྱོགས་སྤྱི་དང་། ཁྱད་པར་དུ་བཀའ་ཤག་སྐབས་བཅུ་དྲུག་པའི་ཕུགས་དམིགས་ཡིག་ཆར་གཞི་བཅོལ་ནས་བོད་ཀྱི་བསྟན་པ་ཆབ་སྲིད་སྤྱི་དང་བོད་མིའི་སྤྱི་ཚོགས་བདེ་དོན་ཐོག་ཕྱག་ལས་ཇི་གནང་ཁག་གསལ་བཤད་གནང་ཡོད་པ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་ཡོང་སླད་ཐབས་བྱུས་ལ་བསྒྱུར་བ་ཕྲན་བུ་བཏང་ནས་ལོ་རྒྱུས་ཐོག་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གནས་སྟངས་ལ་ནན་བརྗོད་གནང་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་དྲག་པོའི་དམག་གིས་བོད་བཙན་བཟུང་བྱས་རྗེས། བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ལོག་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ངོས་ལེན་བྱས་ན་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་སྐོར་ངོ་སྤྲོད་གནང་གི་ཡོད་པ་གསུངས་འདུག

གཞི་རྩའི་ཟླ་བ་འདིའི་ཚེས་ ༢༤ ཉིན་སྲིད་སྐྱོང་མཆོག་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གྱིས་ཕྱི་དྲོ་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ཀྱི་གཞིས་མི་ཡོངས་ནས་གཞས་སྣ་གཟིགས་འབུལ་དང་དགོངས་ཚིགས་འདེགས་འབུལ་ཞུས་པ་དང་ཕྱི་ཚེས་ ༢༥ ཉིན་སྲིད་སྐྱོང་མཆོག་གིས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་བོད་དོན་ཞུ་གཏུག་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འབྱེད་གནང་སྟེ་ཉིན་དེའི་སྔ་དྲོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སིར་མོར་རྫོང་ཁོངས་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་འཚམས་གཟིགས་དང་མང་ཚོགས་ལ་བོད་དོན་སྐོར་གསུང་བཤད་གནང་ཡོད་པ་རེད། གསུང་བཤད་གྲུབ་མཚམས་སྲིད་སྐྱོང་མཆོག་ནས་སྤུ་ར་ཝ་ལར་རྟེན་གཞི་བྱས་པའི་མ་དགོན་བཤད་གྲྭ་དང་དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་དུ་གནས་གཟིགས་དང་། སྤུ་རུ་ཝ་ལ་སཾ་བྷོ་ཊ་ཉིན་སློབ། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་གཟིགས་སྐོར་གནང་ཡོད་པ་མ་ཟད། ཉིན་རྒྱབ་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ཞྭ་ལུ་དགོན་པར་གནས་གཟིགས་དང་། སྤོན་ཊ་སཾ་བྷོ་ཊ་ཉིན་སློབ། ས་གནས་འགོ་འཛིན་ལས་ཁུངས། ས་འཐུས་ཚོགས་ཁང་། བཟོ་ཚོགས་ལས་ཁུངས་སོགས་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་ལས་ཁུངས་ལ་འཚམས་གཟིགས་དང་ས་གནས་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་རེད།






