Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: August, 2016

༸གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་ཀྱི་ཕྱགས་སྲོལ་དེ་ཕན་ཚུན་གཅིག་གིས་གཅིག་ལ་སྤེལ་དགོས་པའི་བཀའ་བསྩལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ཚང་མས་སྟོན་པའི་རྗེས་འབྲང་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་ཕ་མེས་ནས་བརྒྱུད་པའི་སངས་རྒྱས་པའི་ཆོས་ཀྱི་ཕྱགས་སྲོལ་དེ་ཕན་ཚུན་གཅིག་གིས་གཅིག་ལ་སྤེལ་རེས་གནང་དགོས་པའི་སྐུལ་ལྕག་གནང་སོང་། དེ་རིང་ཟླ་ ༨ ཚེས་ ༣༠ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆེད་དུ་བྱ་བའི་གདུལ་བྱ་ཐའེ་ལན་ཌི་དང་སིངྒ་པུར། ཀོ་རི་ཡ། ཨིན་ཌོ་ནེ་ཤཱིཡ། མ་ལེ་ཤཱི་ཡ། ཝེ་ཏི་ནམ་བཅས་ཀྱི་ཨེ་ཤེ་ཡའི་དད་ལྡན་ཁག་ཅིག་གཙོས་པའི་ཕྱི་ནང་གི་མང་ཚོགས་ཆོས་ཞུ་བ་ ༥༠༠༠ ལྷག་ལ་དབུ་མའི་ཤིང་རྟ་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་དབུ་འཛུགས་མ་གནང་གོང་༸གང་ཉིད་མཆོག་གིས་ཆེས་ཐོག་མར་ཆོས་ཞུ་བ་ཚོར་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྟོན་པའི་བཀའ་དྲིན་གྱི་བསྟོད་ཕྱག་གསུང་དོན་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་མཛད་ཁག་སྙིང་བསྡུས་ངོ་སྤྲོད་དང་འབྲེལ། མཉམ་མེད་སྟོན་པ་ཤཱཀྱ་ཐུབ་པ་མཆོག་༸སྐུ་མྱ་ངན་ལས་འདས་ཟིན་ཀྱང་། སྟོན་པའི་གསུང་དེ་དག་དུས་ད་ལྟའང་འཛམ་གླིང་ཐོག་གནས་ཡོད་སྐོར་སོགས་སངས་རྒྱས་ཀྱི་ཁྱད་དུ་འཕགས་པའི་ལྟ་གྲུབ་བཀའ་འགྲེལ་མཛད་པ་དང་ཆབས་ཅིག འདས་པའི་ལོ་ཤས་རིང་ཨེ་ཤེ་ཡ་ནང་པའི་ཡུལ་གྲུ་ཁག་ནས་ཆོས་གྲོགས་མང་པོ་ཞིག་འདིར་ཆེད་བཅར་གྱིས་ནང་པའི་ཆོས་ཀྱི་ཐོག་གོ་བསྡུར་བྱ་རྒྱུའི་གོ་སྐབས་ཤིག་བྱུང་བཞིན་ཡོད་སྟབས། ང་ཚོ་ཚང་མས་གཅིག་གིས་གཅིག་ལ་སྤེལ་རེས་གནང་སྟེ་ཕན་ཚུན་སེམས་ཐག་ཉེས་པོ་ཞིག་ཆགས་ཐུབ་པ་གནང་གལ་ཡིན་སྐོར་བཀའ་སྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་སྟོན་པའི་རྗེས་འབྲང་གཅིག་གྱུར་གནང་སྟེ་ཤེས་གྲུབ་གཉིས་ཀྱི་ཐོག་ནས་ལུང་རྟོགས་གཉིས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་འཐུས་ཚང་ཞིག་གནང་དགོས་པ་ལས་ཕྱི་ལ་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་སོགས་བཞེངས་པ་དེས་རང་ཉིད་ཀྱི་བསོད་ནམས་བསགས་པ་ཙམ་ལས། བསྟན་པ་རིན་པོ་འཛིན་སྐྱོང་སྤེལ་གསུམ་གསུམ་འཐུས་ཚང་ཞིག་གནང་ཐུབ་ཀྱི་མེད་པའི་བཀའ་སྩལ་དང་སྦྲགས་ཏེ་ཆོས་བརྒྱུད་འཛིན་མཁན་ཚང་མ་སྡེ་སྣོད་གསུམ་གི་ནང་དུ་བསྡུས་ཡོད་སྟབས། ཚང་མས་སྡེ་སྣོད་གསུམ་ལ་ཆེད་གཉེར་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་ཡོད་པ་རེད། ༸གོང་ས་མཆོག་གིས་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་དངོས་སུ་དབུ་འཛུགས་མཛད་སྐབས་བཀའ་ཆོས་ཀྱི་ཁྲོད་བཤད་ལས། དེ་སྔ་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་འགྲོ་སྟངས་དེ་ཚགས་ཚུད་པོ་བྱུང་མེད་པ་སོགས་ཀྱི་དཔེ་མཚོན་ཁག་ཅིག་ལུང་འདྲེན་དང་འབྲེལ། ད་ཆ་ང་ཚོ་བོད་གངས་ཅན་པའི་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་ཡག་པོ་གནང་ཚེ་དེ་ནི་དཔལ་ནཱ་ལེཎྡྲེའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཁོ་ན་ཉིད་ཡིན་པ་དང་། དེར་བོད་མི་གཙོས་པའི་ནང་པའི་ཡུལ་གྲུ་དང་དེ་མིན་ཡུལ་གྲུ་གཞན་ཚོའི་ནང་སྤོབས་པ་སྐྱེས་འོས་པ་ཞིག་ཆགས་ཡོད་པས་ནང་པ་ཚོས་དེར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་འཇུག་དགོས་གལ་ཡིན་པ་བཀའ་ནན་སྩལ་སོང་།

༸གོང་ས་མཆོག་གིས་བཞུགས་སྒར་དུ་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་དབུ་འཛུགས་བསྐྱངས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་ཚོས་དུས་རབས་ ༢༠ པའི་མིའི་བསམ་སྤྱོད་དེའི་ཐོག་ནས་མུ་མཐུད་ཕྱིན་ཚེ་ད་ལྟའི་དུས་རབས་ ༢༡ དེའང་སྡུག་བསྔལ་རང་བཞིན་ཅན་གྱི་དུས་རབས་ཤིག་ལས་གཞན་གང་ཡང་ཆགས་རྒྱུ་མེད་ཅེས་བཀའ་གནང་སོང་། དེ་རིང་ཟླ་ ༨ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཚོས་ཚོད་ ༨།༠༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆེད་དུ་བྱ་བའི་གདུལ་བྱ་ཐའེ་ལན་ཌི་དང་སིངྒ་པུར། ཀོ་རི་ཡ། ཨིན་ཌོ་ནེ་ཤཱིཡ། མ་ལེ་ཤཱི་ཡ། ཝེ་ཏི་ནམ་བཅས་ཀྱི་ཨེ་ཤེ་ཡའི་དད་ལྡན་ ༡༥༥༠ གཙོས་རྒྱལ་ཁབ་ ༥༧ ནས་མང་ཚོགས་ཆོས་ཞུ་བ་ ༥༠༠༠ བརྒལ་བར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་གཉིས་པའི་བཀའ་ཆོས་དབུ་འཛུགས་མ་གནང་གོང་༸གང་ཉིད་མཆོག་གིས་ཆེས་ཐོག་མར་ཆོས་ཞུ་བ་ཚོར་སྔོན་འགྲོའི་ཆོས་བཤད་བསྩལ་སྐབས། ད་ལན་གྱི་ཆོས་འབྲེལ་འདིར་སླར་ཡུལ་གྲུ་འདྲ་མིན་གྱི་ནང་པའི་དད་ལྡན་པ་མང་པོ་ལྷན་འཛོམས་ཀྱིས་དུས་གཅིག་ལ་གསུང་ཆོས་ཞུ་ཕྱིར་ཆེད་བཅར་ཞུས་པར་མགོན་པོ་མཆོག་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་སྩལ་དང་སྦྲགས། ད་ལྟའི་དུས་རབས་ ༢༡ པ་དེའི་ནང་ཕྱིའི་དངོས་པོ་ཡར་རྒྱས་ཧ་ཅང་ཚད་མཐོ་པོ་ཕྱིན་ནས་ཁྲ་ཁྲ་ཟིང་ཟིང་ཡོད་པའི་དུས་མཚམས་འདིར། མིའི་སྤུས་ཚད་དེ་སྔར་བཞིན་མི་གསོད་ཁྲག་སྦྱོར་སོགས་གཅིག་གིས་གཅིག་ལ་བརྙས་བཅོས་དང་གཡོ་སྒྱུའི་ལས་ཤུགས་ཆེ་རུ་ཕྱིན་ནས་ད་ལྟའི་འཛམ་གླིང་གི་གནས་སྟངས་དེ་སྡུག་ཏུ་ཕྱིན་ཡོད་པ་བཀའ་གནང་པ་མ་ཟད།རང་གཞན་ཚང་མས་ད་ལྟའི་དུས་རབས་འདི་འཁྲུག་རྩོད་མེད་པ་དང་འཚེ་བ་མེད་པ་ཞིག་ཏུ་འགྱུར་དགོས་གལ་ཡིན་པ་ལམ་སྟོན་བསྩལ་སོང་། ཁྱད་པར་དུ་༸གོང་ས་མཆོག་གིས་མིའི་ལྷན་སྐྱེས་དེ་བྱམས་བརྩེའི་རང་བཞིན་ལྡན་པ་ཞིག་ཡིན་སྟབས། ང་རང་ཚོར་ཡོད་པའི་ཤེས་ཡོན་གྱི་འགྲོ་སྟངས་དེ་གཙོ་བོ་ཕྱིའི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཆགས་ཀྱི་འདུག་ཅེས་བཀའ་གནང་པ་དང་འབྲེལ། དེས་ན་ནང་བསམ་བློའི་བྱམས་བརྩེ་ཡར་རྒྱས་གཏོང་བར་གཙོ་བོ་ཤེས་ཡོན་གྱི་ཐོག་ནས་ནང་སེམས་ཁམས་རིག་པ་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་སློབ་སྦྱོང་སྤྲོད་རྒྱུ་དེ་ཤིན་ཏུ་ནས་དགོས་མཁོ་ཆེན་པོ་རེད་ཅེས་བཀའ་བསྩལ་སོང་། ༸གང་ཉིད་མཆོག་གིས་འཛམ་གླིང་འདིའི་སྟེང་ཡོད་པའི་ཆོས་ལུགས་ཚང་མའི་ནང་ལ་བྱམས་བརྩེ་སྐོར་གསུངས་ཡོད་པས་སྤྱི་ཚོགས་ལ་ཕན་པ་གཅིག་མཚུངས་སྒྲུབ་བཞིན་ཡོད་པ་ཤེས་པའི་ཐོག་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་དང་ཚང་མར་གུས་བརྩི་གནང་དགོས་སྐོར་བཀའ་ནན་གནང་ཡོད་པ་རེད། ཆོས་ཞུ་བའི་ཁྲོད་ནས་མགོན་པོ་མཆོག་ལ་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་བཀའ་ལན་དུ། ད་ལྟའི་རྒྱ་གཞུང་གིས་བོད་ནང་གི་བོད་མི་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ནོར་འཁྲུལ་ཡིན་པ་དང་། ལྷག་པར་དུ་གུང་ཁྲན་ཏང་གིས་ཁ་ནས་ཞི་བདེ་དང་བརྟན་ལྷིང་ཞེས་བརྗོད་བཞིན་ཡོད་ཀྱང་། དོན་དངོས་ཐོག་མང་ཚོགས་ལ་དྲག་སྤྱོད་དང་དམར་གསོད་གཏོང་བཞིན་པའི་བྱ་སྤྱོད་དེས་དཀའ་ངལ་སེལ་རྒྱུ་མེད་པ་མ་ཟད། མིའི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོ་རྒྱུ་པ་ལས་ཕན་ཐོགས་གང་ཡང་མེད་སྐོར་བཀའ་ནན་བསྩལ་སོང་། རྩ་བའི་ད་ལན་གྱི་ཆོས་འབྲེལ་སྐབས་ཆེད་དུ་བྱ་བའི་གདུལ་བྱ་ཐའེ་ལན་ཌི་དང་སིངྒ་པུར། ཀོ་རི་ཡ། ཨིན་ཌོ་ནེ་ཤཱིཡ། མ་ལེ་ཤཱི་ཡ། ཝེ་ཏི་ནམ་བཅས་ཀྱི་ཨེ་ཤེ་ཡའི་དད་ལྡན་ ༡༥༥༠ གཙོས་རྒྱལ་ཁབ་ ༥༧ ནས་མང་ཚོགས་ཆོས་ཞུ་བ་ ༥༠༠༠ ལྷག་ཆེད་བཅར་ཞུས་འདུག

རེས་གཟའ་ཟླ་བ། ༢༠༡༦།༠༨།༢༩

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་དབུ་འཛུགས་བསྐྱངས་པ། རྡ་སར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ ༡༦ དབུ་འཛུགས། ཝུ་ཡིང་ཇེ་ བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོར་བསྐོ་གཞག ཉི་མ་ལྷ་མོ་ལགས་ལ་༢༠༡༦ལོའི་ལྷག་དཀར་སྙིང་སྟོབས་བྱ་དགའ་ཕུལ་བ། ཤེས་རིག་བཀའ་བློན་མཆོག་ལྷོ་ཕྱོགས་གཞིས་ཁག་ཏུ་མཚམས་གཟིགས་གནང་བཞིན་པ། Monday 29/08/2016 Dalai Lama begins four-day teaching to Asian devotees 16th TYC General Body Meeting commences in Dharamsala Xi reshuffles key posts ahead of congress, Wu Yingjie appointed TAR party chief Late Tulku Tenzin Delek’s niece honored with 2016 Lhakar award for Courage Education Kalon visits Tibetan schools in South India

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༦ དབུ་འཛུགས་གནང་པ།

དེ་རིང་ཟླ་ ༨ ཚེས་ ༢༩ ཉིན་བཞུགས་སྒར་རྡ་ཤོད་མུ་ནི་སི་པལ་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་པའི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ། དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཀིརྟིན་རིན་པོ་ཆེ་མཆོག རྡ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམས་དང་། དེ་བཞིན་རྒྱ་བལ་འབྲུག་གསུམ་གཙོ་བོར་འགྱུར་པའི་ནིའུ་ཡོག་དང་ནིའུ་ཇར་སི་བཅས་ཀྱི་ས་གནས་ཁག་ ༤༠ འི་ཚོགས་མི་ ༡༤༠ ལྷག་འདུ་འཛོམས་ཀྱིས་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༦ དབུ་འཛུགས་གནང་སོང་། སྐབས་དེར་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་ཆེད་འཛུགས་གནང་བའི་བརྒྱུད་རི་མ་དང། ད་ལྟའི་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་གནས་བབ་སོགས་འགྲེལ་བརྗོད་གནང་པ་མ་ཟད།  ལྷག་པར་དུ་ཁོང་གིས་ཆིག་སྒྲིལ་ནི་འཐབ་རྩོད་ཀྱི་སྟོབས་ཤུགས་ཤིག་དང། ཁ་འཐོར་ནི་ཕམ་ཉེས་ཤིག་ཡིན་སྟབས། མ་འོངས་པར་བོད་དོན་འཐབ་རྩོད་རྒྱུན་སྐྱོང་ཡོང་བར་བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་ནང་ཁུལ་དབར་ཆིག་སྒྲིལ་ཐོག་གནས་ཐབས་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་གསུངས་སོང། ད་དུང་ཁོང་གིས་གཞོན་ནུ་སྒྲིག་འཛུགས་དེ་ཕོ་མོ་འདྲ་མཉམ་དང་ཆོལ་ཁ་དང་ཆོལ་བརྒྱུད་རིས་མེད་་ཐོག་ནས་བོད་དོན་འཐབ་རྩོད་གནང་ཡུལ་གྱི་སྡིངས་ཆ་ཞིག་ཡིན་པ་འགྲེལ་བརྗོད་དང་འབྲེལ།  རྒྱ་གཞུང་གིས་ད་བར་སྔ་རྗེས་སུ་སྒྲིག་འཛུགས་དེ་གཏོར་བཤིག་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་མིན་ལ་ལྟོས་མེད། ད་ལྟའི་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་བརྟན་པོ་དང་ཧྲ་ཏག་ཏག་ཡོད་ཅེས་སྐད་གསང་མཐོན་པོས་རྒྱ་གཞུང་ལ་བརྡ་ལན་ཞིག་གནང་ཡོད་པ་རེད། དེ་བཞིན་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རང་ཅག་བོད་མི་རྣམས་ཀྱི་ལངས་ཕྱོགས་གཙོས་པའི་ལྟ་བ། དེ་བཞིན་དགོངས་པ་བཞེས་ཕྱོགས་བཅས་མཐུན་མིན་ལ་མ་ལྟོས་པར་ནང་ཕན་ཚུན་དབར་གུས་བརྩི་གནང་གལ་ཆེ་བ་ཡིན་སྐོར་སོགས་གསུངས་སོང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཀིརྟིན་རིན་པོ་ཆེ་མཆོག་གིས་བོད་ཕྱི་ནང་གཉིས་ཀྱི་ཛ་དྲག་དུས་སྐབས་འདིར་ཁ་བདེ་པོ་ཞིག་དང་འདྲ་ཆགས་པོ་བཤད་ནས་བསྡད་ན་ཕན་ཐོགས་ཅི་ཡང་མེད་ཅེས་དང། ད་ལྟའི་དུས་སྐབས་འདིར་གཞུང་སྒེར་ཚོགས་པ་ཁག་གིས་༸གོང་ས་མཆོག་གི་ཐུགས་དགོངས་དང་མི་འགལ་བ་ཞིག་གནང་གལ་ཡིན་པ་སོགས་གསུངས་པ་མ་ཟད། ལྷག་པར་དུ་ད་ཡོད་བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་ནང་ཡོད་པའི་ཚོགས་མི་ཚོས་རྣམ་ཀུན་བོད་ཕྱི་ནང་གཉིས་ཀྱི་གཞོན་ནུའི་མངོན་འདོད་དང། བསམ་ཚུལ། དེ་བཞིན་དམིགས་ཡུལ་མཚོན་ཐུབ་རྒྱུར་ངེས་པར་དུ་འབད་བརྩོན་གནང་དགོས་ཅེས་གསུངས་སོང་། མཐར་ཁོང་གིས་འོས་བསྡུ་དང་གྲོས་ཚོགས་ཀྱི་ལས་རིམ་སོགས་ལ་ཕན་པའི་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་ཐུབ་རྒྱུར་བོད་ཀྱི་གཞོན་ནུའི་ཚོགས་མི་ཚོར་དམིགས་བསལ་གྱི་འགན་ཡོད་ཅེས་གསུངས་ཡོད་པ་རེད། ཐེངས་འདིའི་ཚོགས་ཆེན་དུས་ཡུན་རིང་གཙོ་བོ། དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར། སྐབས་སྔོན་མའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ། བོད་རང་བཙན་ལས་འགུལ་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས།  ༸གོང་ས་མཆོག་གི་༸སྐུ་ཕྱྭ་དང་འབྲེལ་བའི་དོལ་རྒྱལ་རྗེས་འབྲངས་པའི་ཚབས་ཆེན་ལས་དོན་ལ་གདོང་ལེན་བྱེད་ཕྱོགས། དབུས་ས་གནས་ཀྱི་སྒྲིག་འཛུགས་སྲ་བརྟན་རྒྱུན་སྐྱོང་ཡོང་ཐབས། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སོགས་གྲོས་གཞི་འདྲ་མིན་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད་འདུག ལྷག་པར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་གཞོན་ནུའི་དམིགས་ཡུལ་ལ་འགྱུར་བ་གཏོང་ཕྱོགས་ཐད་ལ་བགྲོ་གླེང་གནང་རྒྱུ་ཡིན་པ་རེད། གཞི་རྩའི་དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་ ༡༥ པའི་སྐབས་སུ་གཞོན་ནུའི་དམིགས་ཡུལ་ཐོག་ནང་ཁུལ་ཕན་ཚུན་བསམ་ཚུལ་མཐུན་མིན་དབང་གིས་རྒྱ་གར་ནང་གི་གཞོན་ནུའི་ཡན་ལག་ས་གནས་ཆེ་ཁག་བརྒྱད་ཀྱི་གཞོན་ནུའི་སྒྲིག་འཛུགས་དེ་དག་དབུས་སྒྲིག་འཛུགས་ནས་ཕྱིར་འཐེན་གནང་པའི་གནས་ཚུལ་བྱུང་ཡོད་པ་མ་ཟད། བོད་པའི་སྤྱི་ཚོགས་ཁྲོད་ལའང་གཞོན་ནུ་ཚོགས་པའི་དམིགས་ཡུལ་ཐད་ལབ་གླེང་ཤུགས་ཆེ་བྱུང་ཡོད་པ་རེད། དེ་རྗེས་སྔ་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་གར་གི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ས་གནས་ཁག་བརྒྱད་པོ་དེ་དག་དང། ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་བཅས་ལ་བཅར་ཏེ་ཕན་ཚུལ་དབར་འདུམ་སྒྲིག་བྱ་རྒྱུའི་གྲོས་ཆོད་བཞག་དོན་ལྟར། ད་ལྟའི་ཆར་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི། མོན་གྷོ་ཌ། སྦེང་ལོར་བཅས་ཀྱི་ས་གནས་གཞོན་ནུ་རྣམས་དང་དབུས་གཞོན་ནུའི་སྒྲིག་འཛུགས་དབར་འདུམ་སྒྲིག་ཐུབ་ཡོད་ཀྱང། ད་དུང་སྦེལ་ཀོབ་དང་ཧུན་སུར། ཀོ་ལི་གྷལ། སྤོན་ཌོ། ལ་དྭགས། དེ་བཞིན་ཌ་ལ་ཧོ་སི་བཅས་ས་གནས་གཞན་ཁག་གི་གཞོན་ནུའི་སྒྲིག་འཛུགས་དེ་དག་ལོགས་སུ་གནས་ཡོད་པ་རེད། རྩ་བའི་དེ་རིང་སྔ་དྲོ་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོ་ཐོག་དེ་སྔ་དང་དང་མི་འདྲ་བ་དམིགས་བསལ་ Srinagar ནས་བོད་པའི་ཁ་ཆེའི་གཞོན་ནུའི་སྐུ་ཚབ་གསུམ་ཚོགས་བཅར་ཞུས་ཡོད་པ་དང་ཚོགས་ཆེན་དེ་དེ་རིང་ཟླ་ ༨ ཚེས་ ༢༩ ཉིན་ནས་དབུ་འཛུགས་ཀྱིས་ཟླ་ ༩ ཚེས་ ༣ བར་བཅས་ཉིན་གྲངས་ལྔའི་རིང་ཚོགས་གནང་གི་ཡོད་པ་རེད་ལ། མཛད་སྒོའི་ཐོག་གཞོན་ལྷན་གྱིས་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་དང། ས་གནས་རྒྱུན་ལས་ཞབས་ལོ་ ༡༥སོན་པ། སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས། རྩོམ་ཡིག་འགྲན་བསྔུར་གཟེངས་རྟགས། རང་བཙན་གཟེངས་རྟགས། བཀྲིན་རྗེས་དྲན་གཟེངས་རྟགས། བོད་ཀྱི་རྩ་དོན་ཆེད་དུ་སྐུ་སྲོག་ཕུལ་བ  དེ་བཞིན་བོད་ཀྱི་སྐད་ཡིག་རྒྱུན་སྐྱོང་གནང་པ་བཅས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཁག་ཅིག་ཕུལ་ཡོད་པ་རེད།

༸གོང་ས་མཆོག་གིས་ས་འགུལ་འཇིག་པ་བྱུང་བར་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་སྔོན་ཟླ་ ༨ ཚེས་ ༢༤ རེས་གཟའ་ལྷག་པའི་ཉིན་ཨི་ཊ་ལིའི་དབུས་སུ་ཆགས་པའི་རྒྱལ་ས་རོམ་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Amatrice གྲོང་གསེབ་གཙོས་ས་གནས་ཁག་ཏུ་ས་འགུལ་གྱི་འཇིག་རྐྱེན་ཤུགས་ཆེན་འོག་རྨས་སྐྱོན་དང་ཚེ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཐུགས་གསོ་མཛད་འདུག དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཚེས་ ༢༦ ཉིན་ཨི་ཊ་ལིའི་སྲིད་བློན་སྐུ་ཞབས་ Matteo Renzi མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་ཡོད་པ་དེའི་ནང་ཨི་ཊ་ལིའི་ས་ཁུལ་དུ་ས་འགུལ་གྱི་འཇིག་རྐྱེན་འོག་རྐྱེན་ལམ་དུ་འགྱུར་བ་དང་རྨས་སྐྱོན་ཕོག་པར་ཐུགས་སྨོན་མཛད་པ་དང་། དེ་བཞིན་ཤུལ་ལུས་ནང་མི་གཙོས་དགའ་ཉེ་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོ་མཛད་པ་དང་སྦྲགས། ༸གང་ཉིད་མཆོག་གིས་ཤུལ་ལུས་ནང་མི་སྤུན་མཆེད་དེ་དག་ལ་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་སྩལ་གནང་རྒྱུ་བཀའ་བསྩལ་འདུག གཞི་རྩའི་ཨི་ཊ་ལིའི་ནང་ས་འགུལ་ཤུགས་ཚད་ ༦༌༢ ཅན་གྱི་འཇིག་པའི་གོད་ཆག་ཁྲོད་ཁུལ་དེའི་གྲོང་གསེབ་ Amatrice གཙོས། Pescara del Tronto དང་། Accumoli བཅས་ཀྱི་ནང་གནོད་འཚེ་ཤུགས་ཆེ་བྱུང་བ་མ་ཟད། དོན་རྐྱེན་དེའི་འོག་ཁྱོན་ཡུལ་མི་ ༢༥༠ ལྷག་གི་ཚེ་སྲོག་ཀྱང་ཤོར་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༡༦།༠༨།༢༨

ཉན་པ།: Listen ཕབ་ལེན། Download ལ་དྭགས་གཞོན་ནུ་དོན་གྲུབ་སློབ་གྲྭའི་ནང་སེམས་ཚོར་དང་འབྲེལ་བའི་སློབ་ཚན་གསར་པའི་སྐོར་བཅར་འདྲི་ཞུས་པའི་དམིགས་བསལ་ལས་རིམ། Sunday 28/08/2016 Interview on Introduction of SEL in Siddhartha School, Ladakh

རེས་གཟའ་སྤེན་པ། ༢༠༡༦།༠༨།༢༧

ཉན་པ།: Listen ཕབ་ལེན། Download རྒྱལ་སྤྱིའི་Olympic རྩེད་འགྲན་དང་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་རྩེད་མོའི་གནས་བབས་སྐོར་གླེང་བ། Saturday 27/08/2016 2016 Rio Olympics and State of Sports in Tibetan Diaspora

རེས་གཟའ་པ་སངས། ༢༠༡༦།༠༨།༡༩

ཉན་པ།: Listen ཕབ་ལེན། Download ཐེ་ལནཌའི་མདོ་འཛིན་པ་གྲགས་ཅན་ཞིག་གིས་༸གོང་ས་མཆོག་ལ་ངོ་དེབ་བརྒྱུད་ཐད་གཏོང་བཀའ་འདྲི་ཞུས་འདུག རུ་ཐོག་རྫོང་དུ་གངས་རུད་བྱུང་པ་དེ་གནམ་གཤིས་འགྱུར་ལྡོག་རྐྱེན་པས་ཡིན་པར་མངོན་གསལ་གནང་པ། བཞུགས་སྒར་དུ་ཆེས་ཐོག་མའི་དེང་དུས་གློག་བརྙན་ཁང་དབུ་འབྱེད། རིས་མེད་ཀྱི་རྣ་མཆོག་བརྟག་དཔྱད་ལས་གཞི་སྤེལ་བཞིན་པ། ཁེ་ན་ཊ་གཞུང་གིས་རྒྱ་གཞུང་ནས་བོད་མིའི་འགྲུལ་སྐྱོད་རང་དབང་ལ་དམ་དྲག་བྱེད་བཞིན་པར་ཐུགས་སྣང་དགོས་པའི་འབོད་སྐུལ། ༸གོང་ས་མཆོག་གི་ལ་དྭགས་ཁུལ་དུ་ཆོས་འབྲེལ་དང་བཀའ་སློབ་སོགས་མཛད་འཆར་སྤྱི་ཡོངས་སྐོར་བཅར་འདྲི། Friday 26/08/2016 Dalai Lama joins Thai talk show host Woody for a fb live interview Deadly ice slide in Rudog baffles researchers, blame climate change for the tragedy Sikyong attends opening of new cinema theatre in Dharamsala Free distribution of Hearing Aid for Tibetan elderlies in Dharamsala Denial of passports to Tibetans and Canada’s new visa policy Interview on Dalai Lama’s recently conclude Ladakh trip

Latest news