Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2020

རེས་གཟའ་ཉི་མ། ༢༠༢༠།༠༥།༡༠

ཉན་པ།: Listen ཕབ་ལེན། Download ཏོག་དབྱིབས་གཉན་རིམས་དང་རྒྱ་ནག་ནང་གི་འགྱུར་ལྡོག Sunday 10/05/2020 Post COVID-19: Challenges facing China

རེས་གཟའ་སྤེན་པ། ༢༠༢༠།༠༥།༠༩

ཉན་པ།: Listen ཕབ་ལེན། Download གྲྭ་ཆོས་ཀྱིས་ལགས་ཀྱི་འདས་རྐྱེན་ཐོག་ཕྱོགས་རིས་མེད་པར་རྟོག་ཞིབ་བྱེད་དགོས། ཨ་རི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་གྲོས་ཚོགས་གོང་མའི་ནང་གཏན་འབེབས་གནང་འཆར། ཨརྱ་ཚེ་དབང་རྒྱལ་པོ་ལགས་ཉི་ཧོང་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་འགྲོ་གྲོན་དང་འབྲེལ་བའི་དཀའ་ངལ་ལ་གདོང་ལེན་གནང་མུས། ནུབ་ཕྱོགས་བོད་རིགས་གཞོན་ནུའི་མི་རིགས་ཀྱི་ལར་ཞེན་གླེང་བ། Saturday 09/05/2020 Tibetan rights group calls for investigation into former political prisoner's death US Senate committee to hear Tibet support bill next week DIIR Sec. Tsewang Gyalpo Arya appointed new Japan Representative New York Tibetans struggle to sustain their community center Tibetan struggle and youth in the west: interview with TYC President

རེས་གཟའ་པ་སངས། ༢༠༢༠།༠༥།༠༨

ཉན་པ།: Listen ཕབ་ལེན། Download གཉན་རིམས་རྐྱེན་པས་དཀའ་ངལ་འཕྲད་མཁན་བོད་རིགས་ཚོར་ཧིན་སྒོར་འབུམ་ལྔ་བཅུ་གནང་རྒྱུ། བཞུགས་སྒར་དུ་ཕྱིར་ཕེབས་པའི་བོད་མི་དག་ལ་དེ་རིང་ནས་བཟུང་བཞུགས་གནས་དང་ཞལ་ལག་གི་མཐུན་རྐྱེན་སྦྱོར་ངེས། རྒྱ་མཚོ་ལགས་ཀྱི་གསོལ་ཞིབ་དང་དེའི་ཕན་ཡོན། Friday 08/05/2020 CTA assures 50 lacs cash relief to Tibetans in distress Tibetans returning to Dharamsala under quarantine, TWO provides meal and accomodation Diaspora feature: Gyatso's Tsampa

གཉན་རིམས་རྐྱེན་པས་དཀའ་ངལ་འཕྲད་མཁན་བོད་རིགས་ཚོར་ཧིན་སྒོར་འབུམ་ལྔ་བཅུ་གནང་རྒྱུ།

ཁ་སང་ཉིན་ཕྱི་དྲོ་ཆུ་ཚོད་ ༥ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་འབྲེལ་དྲུང་ཆེ། དེ་བཞིན་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་ཚེ་རིང་མཚམས་གཅོད་ལགས་སོགས་ལྷན་ཞུགས་ཐོག་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་གཉན་རིམས་རྐྱེན་པས་ཛ་དྲག་གི་གནས་སྟངས་ཁྲོད་མངའ་སྡེ་དང་རྫོང་གཞན་ནང་དུ་ལྷག་པ་དང་ལས་ཤོར་བོད་རིགས་ཆིག་སྟོང་ཙམ་ལ་འཚོ་སྣོན་ཧིན་སྒོར་འབུམ་ལྔ་བཅུ་གནང་རྒྱུ་ཡིན་པ་གསུངས་སོང་།སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ Covid 19 འམ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གོད་ཆག་ཁྲོད་བོད་མི་མང་དག་ཅིག་རྒྱ་གར་གྱི་མངའ་སྡེ་གཞན་ནང་ལྷག་པའི་རྐྱེན་གྱིས་རང་གནས་མངའ་སྡེར་ཕྱིར་ཕེབས་མ་ཐུབ་པའི་གནས་སྟངས་སུ་གྱུར་པ་དང་ཁག་ཅིག་ལས་ཀ་ཤོར་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཆེས་ཛ་དྲག་གི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་ནས་དེ་འབྲེལ་དཀའ་ངལ་འོག་ལྷུང་པའི་བོད་མི་རེ་རེ་ལ་འཚོ་སྣོན་ཆེད་ཧིན་སྒོར་ལྔ་སྟོང་རེ་གནང་གི་ཡོད་པ་བཞིན་ཁྱོན་བོད་མི་ཆིག་སྟོང་ཙམ་ལ་ཧིན་སྒོར་འབུམ་ལྔ་བཅུ་གནང་རྒྱུ་ཡིན་པ་གསུངས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཟླ་བ་སྔོན་མའི་ཕྱི་ཚེེས་ ༢༦ ཉིན་རྒྱ་གར་དབུས་གཞུང་གིས་མངའ་སྡེ་གཞན་ནང་ལྷག་པའི་གང་ཟག་དེ་རྣམས་རང་གནས་མངའ་སྡེར་ཕྱིར་འགྲོ་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་ཀྱང་། ད་ལྟའི་ཆར་ས་ཁུལ་གཞན་ནང་ལྷག་པའི་བོད་མི་དེ་དག་རིམ་བཞིན་རང་གནས་མངའ་སྡེ་སོ་སོར་ཕྱིར་ཕེབས་ཐུབ་སླད་དུ་འབད་བརྩོན་གང་ཐུབ་གནང་མུས་ཡིན་པ་དང་། འོན་ཀྱང་རྒྱ་གར་གྱི་ཡུལ་ཁྲིམས་ཀྱི་གནས་སྟངས་རྐྱེན་པས་ Adhar card ཡོད་མཁན་བོད་མི་རྣམས་ནས་རང་ཉིད་ཀྱི་ Adhar card དེ་ས་གནས་གང་ནས་བཟོས་པ་བཞིན་མངའ་སྡེ་དེར་བསྐྱོད་ཆོག་པ་ལས་དེ་མིན་དཀའ་བའི་གནས་ཡིན་པ་ལྟར། ད་ལྟའི་ཆར་རྒྱ་གར་ Gujarat མངའ་སྡེའི་གྲོང་ཁྱེར་བྷ་རི་ཌ་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་ཉེན་འོག་ཁུལ་དེར་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་རྣམས་རང་ཉིད་ཀྱི་སྡོད་ཁང་ནས་ཕྱིར་ཐོན་དགོས་པའི་བཀའ་རྒྱ་བསྒྲགས་པར་བརྟེན་བོད་མིའི་སྒྲིག་འཛུགས་ནས་མངའ་སྡེ་སོ་སོའི་འབྲེལ་ཡོད་ལས་ཁུངས་ཁག་ལ་འབྲེལ་ལམ་ཞུས་པ་བརྒྱུད་གོང་གསལ་བོད་རིགས་སློབ་མ་རྣམས་རང་ཉིད་ཀྱི་ Adhar card ཐོག་འཁོད་པའི་ཁ་བྱང་ལྟར་ཕྱིར་སློག་དང་དེ་མིན་སློབ་མ་གཞན་རྣམས་ལྡི་ལིར་བཞུགས་གནས་གྲ་སྒྲིག་གནང་རྒྱུ་ཡིན་པ་གསུངས་སོང་།སྐབས་དེའི་གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་བདུན་ཕྲག་རྗེས་མའི་ནང་བོད་གཞིས་སྒར་ཁག་ཡོངས་རྫོགས་སུ་ Sanitization ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་གཙང་བཟོ་གནང་རྒྱུ་ཡིན་པ་གསུངས་སོང་བ་མ་ཟད། དེ་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་དྲོ་ཕྱག་ཚོད་ ༧ ཐོག་དྷ་ས་གནས་ཆུང་གྲྭ་ཚང་དུ་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་རྐྱེན་འདས་གྲོངས་སུ་གྱུར་པའམ་ནད་ཀྱིས་མནར་བཞིན་པ་རྣམས་ཀྱི་སླད་དུ་ཞབས་རིམ་གསོག་སྒྲུབ་གནང་རྒྱུ་ཡིན་པ་རེད། གཞན་ཡང་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཉན་རིམས་དང་འབྲེལ་བའི་སྤྱི་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་སླེབས་ལ་ཉེ་བའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ཧྲིལ་པོ་ ༢༥ འཁོར་བའི་ཉིན་མོ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ཚེས་ ༡༧ ཉིན་དྲྭ་ལམ་བརྒྱུད་བོད་སྐད་ཐོག་མཁས་པའི་བགྲོ་གླེང་གཙོས་ལས་འགུལ་ཁག་གཅིག་སྤེལ་རྒྱུ་ཡིན་པ་གསུངས་སོང་། འབྲེལ་ཡོད་པར་བོད་མིའི་སྒྲིག་འཛུགས།

བཞུགས་སྒར་དུ་ཕྱིར་ཕེབས་པའི་བོད་མི་དག་ལ་བཞུགས་གནས་དང་ཞལ་ལག་མཐུན་རྐྱེན་སྦྱོར་རྒྱུ་རེད་འདུག

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་ཟླ་བ་འདིའི་ཕྱི་ཚེས་ ༤ ཉིན་སླར་ཡང་རྒྱ་གར་དབུས་གཞུང་གིས་རིམས་ནད་སྔོན་འགོག་ལ་དམིགས་ཏེ་ཐེམ་སྤང་གི་བཀའ་རྒྱ་རིམ་པ་གསུམ་པ་དེ་བཏང་སྟེ་ཟླ་བ་འདིའི་ཕྱི་ཚེས་ ༡༧ བར་ཁྱོན་གཟའ་འཁོར་གཉིས་ཀྱི་རིང་ལ་མུ་མཐུད་ཕྱི་ལ་གང་བྱུང་མི་འགྲོ་བར་སོ་སོའི་ནང་དུ་བཞུགས་དགོས་པའི་གནས་སྟངས་སོར་གནས་བྱུང་ཡོད་པ་རེད།འོན་ཀྱང་རྒྱ་གར་དབུས་གཞུང་གིས་རྒྱ་གར་ཡུལ་གྱི་གཙོས་པའི་རྒྱ་གར་ནང་དུ་གནས་སྡོད་བྱེད་མཁན་གང་ཟག་གང་ཞིག་རང་ཉིད་གཏན་སྡོད་བྱེད་ཡུལ་མངའ་སྡེའི་ཕྱི་ཕྱོགས་མངའ་སྡེ་གཞན་ནང་དུ་ལྷག་མཁན་ཚོར་ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་ནས་གནས་ཡུལ་མངའ་སྡེའི་ནང་དུ་འགྲོ་ཆོག་པའི་བཀའ་རྒྱ་ཡོངས་གྲགས་གནང་དོན་ལྟར་མངའ་སྡེ་གཞན་ནང་ལུས་པའི་༸རྒྱལ་བའི་བཞུགས་སྒར་ཧི་མཱ་ཅལ་མངའ་སྡེ་ནང་དུ་གནས་བཞུགས་བོད་མི་མི་ཉུང་བ་ཞིག་གོང་ཚེས་ཉིན་ནས་བཟུང་སྟེ་ཉིན་རེ་བཞིན་ཡོང་མཁན་ཇེ་མང་དུ་འགྲོ་མུས་ཡིན་པ་རེད། འདི་ག་རླུང་འཕྲིན་ཁང་གིས་རྒྱལ་ས་ལྡི་ལི་ནས་ཆེས་ཐོག་མ་ཧི་མཱ་ཅལ་མངའ་སྡེར་ཕྱིར་ཡོང་བའི་བོད་མི་གཅིག་དང་དེ་བཞིན་དྷ་སཱའི་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་གཉིས་སུ་གནས་ཚུལ་དེ་འབྲེལ་སྐོར་བཅར་འདྲི་ཞུས་ཡོད།རྩ་བའི་ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་ཐེམ་སྤང་གི་བཀའ་རྒྱ་རིམ་པ་གསུམ་པ་འདི་ཟླ་བ་འདིའི་ཕྱི་ཚེས་ ༡༧ བར་གནས་ཀྱི་ཡོད་པ་དང་། རྒྱ་གར་ནང་ལ་ད་ལྟའི་ཆ་ལ་ཏོག་དབྱིབས་རིམས་ནད་ཕོག་པ་མི་གྲངས་ ༥༦༣༤༢ ལྷག་དང་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ ༡༨༨༦ ལྷག དེ་བཞིན་དྲག་སྐྱེད་བྱུང་བ་མི་གྲངས་ ༡༦༥༤༠ ཆགས་ཀྱི་ཡོད་པ་རེད། ཧི་མཱ་ཅལ་མངའ་སྡེ་ནང་ཏོག་དབྱིབས་རིམས་ནད་ཕོག་པ་མི་གྲངས་ ༤༥ དང་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ ༢ དེ་བཞིན་དྲག་སྐྱེད་བྱུང་བ་མི་གྲངས་ ༣༨ ཆགས་ཀྱི་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༢༠།༠༥།༠༧

ཉན་པ།: Listen ཕབ་ལེན། Download གནས་བརྟན་སྡེ་པའི་ལུགས་ཀྱི་དུས་ཆེན་གསུམ་འཛོམས་ཀྱི་ཐོག་༸གོང་ས་མཆོག་གི་དབུས་བོད་ཀྱི་བླ་སྤྲུལ་ཁག་ཅིག་ནས་དབུ་བཞུགས་གནང་བ། ཆབ་སྲིད་བཙོན་ཟུར་དགེ་འདུན་པ་ཆོས་ཀྱིས་ལགས་ནད་མནར་གྱིས་འདས་གྲོངས་སུ་གྱུར་བ། འཛམ་གླིང་ཚོགས་སྡེ་༡༥༩ ཡིས༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་ཞུ་གཏུགས། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། རིན་ཆེན་རིལ་བུ་བསྟེན་ཚུལ་དང་ངོ་སྤྲོད།། Thursday 07/05/2020 Dalai Lama and scores of Tibetan religious leaders join online observation of Vesak Day Former Tibetan political prisoner succumbs to illness sustained during incarceration 159 organizations urge the UN to work for Panchen Lama’s release Health and Wellness: Benefits of ‘Rinchen Rilbu’ (Tibetan Precious Pills)

ཆབ་སྲིད་བཙོན་ཟུར་དགེ་འདུན་པ་ཆོས་ཀྱིས་ལགས་ནད་མནར་གྱིས་འདས་གྲོངས་སུ་གྱུར་བ།

དེ་རིང་བོད་ནང་གི་ཉིན་གུང་ཕྱག་ཚོད་ ༣.༣༠ ཡས་མས་ཤིག་ལ་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཞོ་སང་སྡེ་བ་ནས་ཡིན་པའི་བོད་མི་ཆབ་སྲིད་བཙོན་ཟུར་གྲྭ་ཆོས་ཀྱིས་ལགས་རྒྱ་ནག་གིས་མནར་གཅོད་ཚད་མེད་བཏང་པར་བརྟེན་ནད་གཅོང་དུ་གྱུར་ནས་སྐུ་གྲོངས་འདུག དགེ་འདུན་པ་ཆོས་ཀྱིས་ལགས་ནི་ཕྱི་ལོ་ ༢༠༡༥ ལོར་༸སྐུའི་གྱ་སྟོན་དང་འབྲེལ་བའི་སྟོད་གོས་བཟོས་པ་དང་སྐད་འཕྲིན་ཐོག་ཆབ་སྲིད་དང་འབྲེལ་བའི་པར་རིས་བཞག་པ་སོགས་ཀྱི་བསྙད་འདོགས་ཀྱི་འོག   ལོ་དེའི་ཕྱི་ཟླ་ ༦ ནང་རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་སྡུག་སྦྱོང་མནར་གཅོད་མང་དག་ཅིག་བཏང་ཡོད་པར་བརྟེན་མཐར་ནད་གཅོད་དུ་གྱུར་ནས་ཛ་དྲག་གནས་སྟངས་འོག་སྔར་ལོའི་ཕྱི་ཟླ་ ༡ ཚེས་ ༡༨ ཉིན་བཙོན་འཇུག་དུས་ཡུན་མ་ཚང་གོང་དུ་བཙོན་གྲོལ་བཏང་ཡོད་པ་རེད། ཁོང་ཕྱིར་རང་ཡུལ་དུ་འབྱོར་སྐབས་ཡུལ་མི་དང་སྡེ་མི་འགའ་ཞིག་ཁོང་གི་ཕ་ཡུལ་དུ་བསུ་བར་ཆེད་བཅར་གྱིས་རྟེན་འབྲེལ་གྱི་མཇལ་དར་ཕུལ་བ་སོགས་གནང་ཡོད་ཀྱང་རྒྱ་ནག་ཉེན་རྟོག་པས་ཆོས་ཀྱིས་ལགས་ལ་ཕེབས་བསུ་ཞུ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད་མཇལ་དར་སོགས་འཕྲོག་པའི་གནས་ཚུལ་བྱུང་ཡོད་པ་རེད། ཆབ་སྲིད་བཙོན་ཟུར་གྲྭ་མགོ་ལོག་འཇིགས་མེད་ལགས་ཀྱིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། ཆོས་ཀྱིས་ལགས་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་འཛིན་བཟུང་གིས་མི་ལོ་བཞིའི་བཙོན་འཇུག་བྱས་པ་མ་ཟད། བཙོན་ཁང་ནང་ཁོང་ལ་རྣམ་པ་འདྲ་མིན་ཐོག་ནས་མི་སྤྱོད་ལས་འདས་པའི་ཉེས་རྡུང་སྣ་ཚོགས་ཕོག་རྐྱེན་མཁལ་མ་དང་མཆིན་པ་སོགས་འཕྲོད་བརླགས་ཀྱིས་མཐར་ནད་གཅོང་དུ་གྱུར་རྗེས་བཙོན་གྲོལ་བཏང་བ་དང་ཕྱིས་སུ་ཁོང་ནད་མནར་གྱིས་ཁྲིན་ཏུའུ་དང་འབར་ཁམས་ཀྱི་སྨན་ཁང་ཁག་ལ་སྔ་རྗེས་སུ་བསྟེན་གཏུགས་བྱས་ཀྱང་། ནད་གཞི་ལ་དྲག་སྐྱེད་མ་བྱུང་བས་ཕྱག་མོ་སོགས་ཀྱི་ནང་ལྷ་སའི་སྨན་ཁང་ཆེ་བ་ཞིག་ཏུ་སོང་ན་བཟང་གི་ཞེས་ཁ་གཅིག་གྲགས་བྱུང་སྟེ་ནད་པ་ཁོང་ཉིད་ཀྱང་དེ་ལ་ཕེབས་འདོད་ཤིན་ཏུ་ཆེ་རུང་། རྒྱ་གཞུང་གིས་ཁོང་ཉེ་འཁྲིས་ཀྱི་སྨན་ཁང་མ་གཏོགས་ལྷ་ས་ནང་གི་སྨན་ཁང་ཁག་ཏུ་སྨན་བཅོས་ཆེད་བསྐྱོད་རྒྱུར་བཀག་འགོག་བྱས་པའི་རྐྱེན་གྱིས་མཐར་སྐུ་འདས་གྲོངས་སུ་གྱུར་ཡོད་པ་གསུངས་ཀྱི་འདུག ལྷག་དོན་གནས་ཚུལ་ངོ་སྤྲོད་པས། ཆོས་ཀྱིས་ལགས་ཀྱི་ངོ་ཤེས་གྲོགས་པོ་བོད་ནང་གི་རྩོམ་པ་པོ་དང་ཆབ་སྲིད་བཙོན་ཟུར་སྒྱིས་ཚང་སྟག་སྨྱུག་ལགས་ཉེ་ལམ་ཕྱི་ཟླ་ ༤ པའི་ཟླ་མཇུག་ཏུ་གསེར་རྟ་རྫོང་དུ་དགེ་འདུན་པ་ཆོས་ཀྱིས་ལགས་ཐུགས་འཕྲད་ཆེད་བསྐྱོད་སྐབས་རྒྱ་ནག་གཞུང་གིས་ཆོས་སྐྱིད་ལགས་སྨན་བཅོས་ཀྱི་ཆེད་ལྷ་ས་ལ་བསྐྱོད་རྒྱུར་བཀག་སྡོམ་བྱས་ཡོད་པའི་རྐྱེན་ཁོང་གི་གནས་སྟངས་ཤིན་ཏུ་ཛ་དྲག་ཡིན་པ་མ་ཟད།  ཁོང་གི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་པ་སྒེར་གྱི་མྱོར་ཚོར་དང་མཐོང་སྣང་འཁོད་པའི་རྩོག་ཡིག་ཅིག་རང་ཉིད་ཀྱི་སྐད་འཕྲིན་ཐོག་སྤེལ་ཡོད་པར་གསུངས་སོང་། དགེ་འདུན་པ་ཆོས་ཀྱིས་ལགས་ནི་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཞོ་སང་སྡེ་བ་ནས་ཡིན་པ་དང་ད་ལྟ་ཁོང་དགུང་ལོ་ ༤༣ ལ་ཕེབས་ཡོད་པ་མ་ཟད། ཁོང་གི་ཕ་མིང་ལ་ཞོ་སྐྱ་ཉོ་དང་མ་མིང་ལ་ཚེ་རིང་སྐྱིད་ཡིན་པ་དང་ཁོང་ཆུང་དུས་ནས་སྙ་སྟོད་ཡུལ་ཚོ་ཕུ་གུ་དགོན་དུས་ཆོས་ཞུགས་གནང་ཡོད་པ་རེད། རྩ་བའི་ཉེ་ཆར་རང་མི་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་ཡོད་པ་བོད་མི་ཆབ་སྲིད་བཙོན་ཟུར་ཚེ་རིང་བག་གྲོ་ལགས་ཀྱང་རྒྱ་ནག་གིས་བཙོན་འཇུག་འོག་ཚད་ལས་བརྒལ་བའི་མནར་གཅོད་བཏང་ཡོད་སྟབས་བཙོན་གྲོལ་ཐོབ་རྗེས་ནད་གཅོང་དུ་གྱུར་ནས་ཟླ་བ་སྔོན་མའི་ཚེས་ ༢༦ ཉིན་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གནས་བརྟན་སྡེ་པའི་ལུགས་ཀྱི་དུས་ཆེན་གསུམ་འཛོམས་ཀྱི་ཐོག ༸གོང་ས་མཆོག་གི་དབུས་བོད་ཀྱི་བླ་སྤྲུལ་ཁག་ཅིག་ནས་དབུ་བཞུགས་གནང་བ།

གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་ལུམ་བི་ནིར་སྐུ་བལྟམས་པ་དང༌། གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་པ། རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་ནས་མི་ལོ་ ༢༦༠༠ འཁོར་བའི་དུས་ཆེན་གསུམ་འཛོམས་ Buddha Purnima ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༧ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༦།༣༠ ཐོག་ International Buddhist Confederation ཞེས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ངོས་ནས་དྲྭ་ཐོག་བརྒྱུད་དེ་དུས་ཆེན་གསུམ་འཛོམས་ཀྱི་དུས་སྟོན་སྲུང་བརྩི་གནང་བ་དང་འབྲེལ།  ཆོས་ཕྱོགས་ཀྱི་དུས་སྟོན་དེའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་བོད་ཀྱི་བླ་སྤྲུལ་ཁག་ཅིག་དང་། གཞན་ཡང་རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་གི་དབུས་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་ནང་པའི་བླ་ཆེན་བཅས་གནད་ཡོད་མི་སྣ་ཁྱོན་ ༢༩ ལྷག་མཉམ་བཞུགས་ཀྱིས་བཀའ་སློབ་ལམ་སྟོན་གནང་སོང་། དེ་ཡང་དེ་རིང་དྲ་ཐོག་བརྒྱུད་དེ་སྲུང་བརྩི་ཞུས་པའི་ཆོས་ཕྱོགས་ཀྱི་དུས་སྟོན་དེའི་ཐོག་རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་གིས་ཆེས་ཛ་དྲག་གི་ད་ལྟའི་དུས་ཚིགས་འདིར་ང་ཚོ་ལྷན་འཛོམས་ཤིག་བྱུང་མེད་ནའང་། འཕྲུལ་ཆས་བརྒྱུད་དེ་ཐག་རིང་ནས་ལྷན་འཛོམས་བྱུང་བར་འཚམས་འདྲི་དང་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ངོས་ནས་དྲྭ་ཐོག་བརྒྱུད་དེ་ཆོས་ཕྱོགས་ཀྱི་དུས་སྟོན་སྲུང་བརྩི་གནང་བར་ཡི་རངས་བསྔགས་བརྗོད་གནང་བ་དང་སྦྲགས། འཛམ་གླིང་ཁྱོན་ཡོངས་ལ་གོད་ཆག་ཆེན་པོ་བྱུང་བའི་དུས་སྐབས་འདིར་སྟོན་པའི་གསུང་དེ་དག་ཕན་རླབས་ཆེན་པོ་ཡོད་སྐོར་དང་། ལྷག་པར་དུ་སངས་རྒྱས་ཀྱི་གསུང་ལས་བཏང་སྙོམ་གྱི་བློ་དང་། བྱམས་དང་སྙིང་རྗེ་སོགས་ཉམས་ལེན་གནང་བ་བརྒྱུད་སྤྱི་ཚོགས་བདེ་ཐབས་ལ་དམིགས་ནས་ཞབས་ཞུ་སྒྲུབ་དགོས་སྐོར་གསུང་པ་དང་ཆབས་ཅིག ཉིན་མཚན་དུས་དྲུག་ཏུ་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་དེ་དག་ནི་སྟོན་པའི་སློབ་མ་ངོ་མ་ཞིག་ཡིན་པ་དང་། ཆེས་ཛ་དྲག་གི་དུས་ཚིགས་འདིར་རང་ཉིད་གཙོས་རང་གྱི་ནང་མི་རྣམས་གཅེས་སྐྱོང་གནང་བའི་ཐོག་གཞན་ལ་རོགས་འདེགས་ཞུས་པ་བརྒྱུད་ང་ཚོ་ཚང་མ་མགྱོགས་མྱུར་དཀའ་ངལ་ལས་གྲོལ་བའི་སྨོན་ལམ་ཡོད་ཅེས་གསུངས་སོང་། གཞི་རྩའི་༸གོང་ས་མཆོག་གིས་དེ་རིང་གི་དུས་སྟོན་ཐོག་བསྩལ་བའི་གསུང་འཕྲིན་དེ་ཁ་སང་ཕྱི་ཚེས་ ༦ ཉིན་ཡོངས་ཁྱབ་འདོན་སྤེལ་གནང་ཡོད་པ་དང་། ༸གང་ཉིད་མཆོག་གི་གསུང་འཕྲིན་དེའི་ནང་དུ་བདག་ཅག་གི་སྟོན་པ་མཆོག་གིས་དེ་སྔ་བསྩལ་བའི་བཀའ་ཆོས་དེ་དག་འཛམ་གླིང་སྤྱི་དང་ལྷག་པར་དུ་དེང་གི་དུས་འདིར་ཕན་རླབས་ཆེན་པོ་ཡོད་པར་ཐུགས་རེ་ཡོད་སྐོར་སོགས་བཀའ་གནང་བ་དང་འབྲེལ། དེང་སྐབས་ང་ཚོས་དཀའ་ངལ་ལ་གདོང་ལེན་བྱེད་པའི་བརྒྱུད་རིམ་ནང་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་དེ་དགོས་ངེས་ཅན་ཞིག་ཆགས་ཡོད་པར་ལམ་སྟོན་བསྩལ་འདུག་པ་མ་ཟད། འགྲོ་བ་མི་རྣམས་ལ་མཚོན་ན་ཕྱི་ཚུལ་མི་འདྲ་བའི་ཁྱད་པར་ཡོད་ཀྱང་འགྲོ་བ་མིའི་རང་བཞིན་དེ་ནི་ཞི་བདེ་དང་བདེ་སྐྱིད་འདོད་པ་གཅིག་མཚུངས་ཡིན་པ་དང་། ནང་པ་སངས་རྒྱས་པའི་གཞུང་ནས་ཀྱང་ང་ཚོའི་བློ་དེ་སྒོམ་གྱི་ཐོག་ནས་བཅོས་དགོས་པ་མ་ཟད། བློ་དེའང་ཞི་བདེ་བག་ཕེབས་དང་བྱམས་བརྩེ། སྙིང་རྗེ། གཏོང་ཕོད། བཟོད་བསྲན་བཅས་གོང་འཕེལ་གཏོང་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་དོན་ལྟར་ང་རང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དེ་དག་གི་ཤུགས་རྐྱེན་ཐེབས་པ་ཞིག་བྱེད་དགོས་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་༸གང་ཉིད་མཆོག་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་དཔལ་ནཱ་ལེནྡཱའི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་མཁན་ཞིག་ལ་ངོས་བཞེས་གནང་གི་ཡོད་པ་མ་ཟད། རྒྱ་གར་ནང་གི་དཔལ་ནཱ་ལེནྡཱའི་སློབ་གཉེར་དེ་དག་གཏན་ཚིགས་རིག་པའི་ཐོག་ནས་གནང་སྲོལ་ཡོད་པ་དེ་ཧ་ཅང་གི་ཚད་མཐོ་པོ་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། དུས་རབས་ཉེར་གཅིག་གི་ནང་པ་ཞིག་ཡིན་ཚེ་ནང་པའི་རིག་གནས་ལ་སློབ་གཉེར་དང་སངས་རྒྱས་ཀྱི་བཀའ་ཆོས་ལ་ཉམས་ཞིབ་གནང་དགོས་གལ་ཡིན་པ་མ་ཟད་སྔར་གྱི་ནཱ་ལེནདཱའི་མཁན་པོ་ཚོས་གནང་བ་ལྟར་གཏན་ཚིགས་རིག་པར་དཔྱད་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པར་ལམ་སྟོན་མཛད་འདུག ༸གོང་ས་མཆོག་གིས་བསྩལ་བའི་གསུང་འཕྲིན་གྱི་མཇུག་ཏུ་ཆེས་གཉན་འཕྲང་ཅན་གྱི་ད་ལྟའི་དུས་ཚིགས་འདིར་རང་རེས་ནང་མི་དང་གཉེན་འབྲེལ་འདས་གྲོངས་སུ་གྱུར་པའི་སྡུག་བསྔལ་དང་རང་གི་འཕྲོད་བསྟེན་གྱི་ཉེན་ཚབས་སོགས་ལ་བརྟེན་ནས་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་ནང་མི་ལྟར་རྡོག་རྩ་གཅིག་སྒྲིལ་དང་མཉམ་འབྲེལ་བྱེད་དགོས་གལ་ཡིན་པར་ལམ་སྟོན་མཛད་པ་དང་ཆབས་ཅིག ང་ཚོས་ངེས་པར་དུ་འགྲོ་བ་མི་གཅིག་གྱུར་ཡིན་པའི་གནས་བབ་ལ་བསམ་གཞིགས་ནན་པོ་བྱེད་དགོས་པ་མ་ཟད། བྱམས་བརྩེ་དང་ལྡན་པའི་སྒོ་ནས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་དགོས་པ་དང་དེ་ལྟར་བྱས་ཚེ་གོ་ལ་ཧྲིལ་པོར་སྔོན་ཆད་མ་བྱུང་བའི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཐོན་ངེས་ཡིན་པར་ལམ་སྟོན་བཀའ་དྲིན་ཆེ་བར་བསྩལ་འདུག དྲ་རྒྱ་བརྒྱུད་གོ་སྒྲིག་ཞུས་པའི་དེ་རིང་གི་ཆོས་ཕྱོགས་ཀྱི་མཛད་སྒོ་དེའི་ཐོག་གཞན་ཡང་དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་ད་ཆ་ཏོག་དབྱིབས་ནད་དུག་གི་ཆེས་ཛ་དྲག་གི་དུས་སྐབས་འདི་དང་འབྲེལ་ནས་འགྲོ་བ་མིའི་རིགས་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་བྱམས་བརྩེ་དང་སྙིང་རྗེ་ལག་ལེན་གྱི་ཐོག་ནས་གཅིག་ཕན་གཅིག་གྲོགས་གནང་གལ་ཆེན་པོ་ཡིན་པར་བཀའ་གནང་བ་དང་འབྲེལ།   བདག་ཅག་གི་སྟོན་པས་བཀའ་གནང་བ་ལྟར། རིམས་ནད་འདི་བརྒྱུད་ནས་ང་ཚོ་རང་ཉིད་ཀྱི་ཚེ་སྲོག་གི་མཚོན་པའི་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་མི་རྟག་པ་ཡིན་པའི་རང་བཞིན་རྙེད་ཡོད་པ་དང་། ཕྱོགས་གཅིག་ནས། རིམས་ནད་ཁྱབ་བརྡལ་སྔོན་འགོག་དང་འབྲེལ་ནས་སྲིད་གཞུང་གི་ཁྱིམ་སྡོད་བཀའ་རྒྱའི་འོག་ཏུ་བཟོ་ལས་ཁང་གི་གཙོས་འགྲོ་བ་མིའི་རིགས་ཀྱི་སྤྱོད་སྒོར་གྱུར་བའི་འཕྲུལ་ལས་ཡོད་ཚད་གནས་སྐབས་མཚམས་འཇོག་གནང་བ་དེས་གོ་ལའི་གནམ་གཤིས་ཇེ་ཡག་ཏུ་ཕྱིན་ཏེ་མཁའ་རླུང་གཙང་མ་ཆགས་ཡོད་པར་ལུང་འདྲེན་གྱིས། གནས་སྟངས་འདིའི་ཁྲོད་ང་ཚོས་འགྲོ་བ་མིའི་རིགས་ཀྱིས་ཕྱིའི་སྣོད་བཅུད་ལ་གནོད་སྐྱོན་ག་ཚོད་ཅིག་བྱེད་ཀྱི་ཡོད་པ་གསལ་བོ་ཆགས་ཡོད་སྟབས། མ་འོངས་བར་བསླབ་བྱ་འདི་དང་དུ་བླངས་བའི་ཐོག་ནས་ཁོར་ཡུག་གཙང་མ་དང་དོན་དན་གྱི་མི་ཚེ་ཞིག་སྐྱེལ་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་མཛད་འདུག 34 ཕྱོགས་མཚུངས་༸འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་ཀྱང་དེང་སྐབས་འཛམ་གླིང་ཡོངས་རྫོགས་རིམས་ནད་ཀྱི་དངངས་སྐྲག་གི་འོག་ཏུ་འཚོ་བཞིན་ཡོད་སྟབས།་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྔོན་ཆད་ནས་ལུང་དུ་བསྟན་པ་བཞིན།  འགྲོ་བ་མི་ཡོད་ཚད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་ཐར་ཐབས་མེད་པའི་གནས་ལུགས་འགྲེལ་བརྗོད་དང་སྦྲགས། རིམས་ནད་དེ་ལ་དངངས་སྐྲག་བྱས་པ་ཙམ་གྱིས་ཐར་ཐབས་མེད་པར་གཙོ་བོ་འདུ་འཛོམས་ཡོད་སར་མི་འགྲོ་བར་རང་ཁྱིམ་དུ་སྡོད་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་གནང་བ་དང་སྦྲགས། ཐེངས་འདིའི་རིམས་ནད་ཀྱི་ཁྲོད་གོད་ཆག་བྱུང་བའི་སྐྱེ་འགྲོ་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་ལྷན་དུ།  ཁོང་རྣམས་གང་མགྱོགས་སྡུག་བསྔལ་ལས་ཐར་བའི་ཐུགས་སྨོན་སྐྱབས་འཇུག་གནང་སོང་། རྩ་བའི་རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་ནད་དུག་དེས་རྐྱེན་གྱིས་འཛམ་གླིང་ས་ཕྱོགས་གང་སར་ཐེམ་སྤང་གི་བཀའ་བརྒྱའི་འོག་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་མི་མང་འདུ་འཛོམས་སོགས་གནང་ཆོག་གི་མེད་སྟབས། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ངོས་ནས་ཀྱང་ཐད་གཏོང་གི་ལམ་ནས་སྤྱི་ཚོགས་དྲ་ལམ་ངོ་དེབ་དང་། youtube དེ་བཞིན་instagram སོགས་ཀྱི་བརྒྱུད་དེ་འདི་ལོའི་ Buddha Purnima ཆོས་ཕྱོགས་ཀྱི་དུས་སྟོན་སྲུང་བརྩི་ཞུས་པའི་ཆོས་ཕྱོགས་ཀྱི་མཛད་སྒོའི་ཐོག་གནས་ཆེན་ངོ་སྤྲོད་དང་། དེ་བཞིན་༸གོང་ས་མཆོག་གི་དབུས་པའི་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག ༸འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག དེ་བཞིན་ ༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག བ་ཀུ་ལ་རིན་པོ་ཆེ་མཆོག མཆོག་སྤྲུལ་རྒྱང་ཁང་རིན་པོ་ཆེ་མཆོག དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་སོགས་བོད་ཀྱི་བླ་སྤྲུལ་ཁག་ཅིག་གིས་བཀའ་སློབ་ལམ་སྟོན་གནང་སོང་བ་མ་ཟད། རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་དང་། གཞན་བློན་ཆེན་ཁག་ཅིག དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་གནས་བཞུགས་ནང་པའི་བླ་ཆེན་སོགས་ཁྱོན་གནད་ཡོད་མི་སྣ་༢༩ ལྷག་གིས་མཉམ་ཞུགས་ཀྱིས་གསུང་འཕྲིན་དང་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད་ཡོད་པ་མ་ཟད། དོ་དགོང་ ༦།༣༠ ཐོག་སླར་ཡང་གནས་མཆོག་རྡོ་རྗེ་གདན་ནས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ཅིག་ཐད་གཏོང་ཞུ་རྒྱུ་རེད་འདུག  

འཛམ་གླིང་ཚོགས་སྡེ་༡༥༩ ཡིས༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་ཞུ་གཏུགས།

དེ་ཡང་རིང་མིན་ཕྱི་ཟླ་༥པའི་ཚེས་༡༧དེ་བཞིན། རྒྱ་ནག་གཞུང་གིས་༸པཎ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་༢༥འཁོར་གྱི་ཡོད་པ་རེད།  དུས་ཚིགས་དེ་དང་བསྟུན་ནས་ཉེ་ཆར་ཡོ་རོབ་དང་ཨ་རི། ཨ་ཧྥ་རི་ཀ་དང། ལྷོ་ཨ་མི་རི་ཀ   དེ་བཞིན་ཨེ་ཤེ་ཡ་བཅས་རྒྱལ་ཁབ་༡༨ནང་གི་ཚོགས་སྡེ་ཁག་༡༥༩ ལྷག་གི་འཐུས་མི་ཡོངས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་དོན་ཚན་བཞི་ཅན་གྱི་རེ་འདུན་ཞིག་ཞུས་འདུག    དེ་ཡང་རྒྱལ་ཚོགས་ཀྱིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྐུ་འཁོར་ནང་མི་རྣམས།  དེ་བཞིན་བྱ་བྲལ་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་སྐྱོང་ཡོང་བ་དང་།  རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་མཚོན་པའི་ཁ་ཆེ་དང་ཡེ་ཤུ་ཆོས་ལུགས་ཁག་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཐོག་ཐེ་བྱུས་མཚམས་འཇོག་ཡོང་རྒྱུ། རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་བོད་གཙོས་པའི་རྒྱ་ནག་མངའ་འོག་ས་ཁུལ་ཁག་ཏུ་འགྲོ་རུ་འཇུག་རྒྱུའི་ཐད་རྒྱལ་ཚོགས་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རོགས་ཅེས་པ་དང།  དེ་བཞིན་རྒྱལ་ཚོགས་དང་འབྲེལ་ཡོད་ཚོགས་མི་རྒྱལ་ཁབ་དང་ཚོགས་ཆུང་ཁག་གྱིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་༢༥འཁོར་བའི་གནད་དོན་ཐོག་གླེང་སློང་བྱེད་རྒྱུའི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་སྐྱོང་ཡོང་བ་བཅས་ཀྱི་རེ་འདུན་ཞུས་འདུག མ་ཟད་ད་ལན་ཞུ་གཏུགས་བྱེད་མཁན་ཚོགས་སྡེ་ཁག་༡༥༩ ལྷག་གིས་རྒྱ་ནག་དམར་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་གྱི་ལམ་སྲོལ་ཐོག་ཐེ་བྱུས་ཀྱི་མཚོན་པའི་བོད་བརྒྱུད་ནང་བསྟན་གྱི་གཞི་རྩའི་ལམ་སྲོལ་རྩ་གཏོར་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་རྣམས་ད་བར་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་གྱུར་བ་ནི་ རིན་པོ་ཆེ་མཆོག་དང་སྐུ་ཉིད་ཀྱི་སྐུ་འཁོར་ནང་མི་དང་། དེ་བཞིན་བོད་མི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་ཙམ་ཞིག་མིན་པར།  བྱ་སྤྱོད་འདི་ནི་འགྲོ་བ་མིའི་ཐོབ་ཐང་ལ་ཡིད་ཆེས་བྱེད་མཁན་དང་འགྲོ་བ་མིའི་རིགས་ཡོངས་ལ་རྒྱབ་འགལ་བྱས་པ་དང་གཅིག་མཚུངས་ཤིག་ཆགས་ཀྱི་ཡོད་པར་བརྟེན།   རྒྱ་གཞུང་གིས་རང་ཉིད་ཀྱི་བསགས་པའི་ནག་ཉེས་ལ་འགན་འཁྱེར་དུ་འཇུག་དགོས་ཞེས་བརྗོད་འདུག སུད་སི་སྐུ་ཚབ་དོན་གཅོད་ཁང་ནས་གསུངས་པར་གཞིགས་ན། ད་ལན་ཚོགས་སྡེ་ཁག་༡༥༩ ལག་གི་མཉམ་འཐུས་ཀྱིས་མཚན་བརྟགས་བཀོད་པའི་ཞུ་སྙན་དེ་འདི་ག་སུད་སི་དོན་གཅོད་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres མཆོག་གི་གཙོས་བྱས་པའི་ཇི་ནི་ལྦར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༩༢ ལྷག་གི་སྐུ་ཚབ་ལས་ཁུངས་ཁག་དང་།   འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་ཚོགས་གཙོ་ Elisabeth Tichy མཆོག་དང།   དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན། Michelle Bachelet མཆོག་དང། མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་Christian Braun མཆོག  དེ་བཞིན་རྒྱལ་ཚོགས་ཀྱི་བཙན་ཁྲིད་འོག་གར་སོང་ཆ་མེད་ཀྱི་ཁེ་ལས་རྟོག་ཞིབ་ཚོགས་ཆུང་བཅས་ཁག་སོ་སོའི་མཚན་ཐོག་ལ་བཏང་ཡོད་པ་རེད་འདུག གཞན་ཡང་ད་རེས་ཞུ་སྙན་འདིའི་ནང་ བོད་མི་དང་དེ་བཞིན་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་མང་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབ་ཆེན་གཏོང་མཁན་གྱི་རྒྱ་ནག་གི་གཞུང་འཛིན་ལམ་སྲོལ་འདིའི་འོག་ནས་ད་ཆ་འཛམ་གླིང་ཁྱོན་ཡོངས་ལ་ཚབས་ཆེ་བའི་ནད་ཡམས་ཁྱབ་གདལ་ཇེ་ཆེར་སོང་དེ།  མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་བཏང་ཡོད་པ་གསལ་སྟོན་གནང་བ་དང་འབྲེལ། ང་ཚོའི་ངོས་ནས་རྒྱ་ནག་གཞུང་གི་མགོ་སྐོར་བསླུ་བྲིད་དང་དྲག་གནོན་ལམ་ལུགས་སྒྲོམ་གཞི་འོག གོ་ལ་ཁྱོན་ལ་གཏོར་སྐྱོན་བྱ་སྤྱོད་མུ་མཐུད་སྤེལ་རྒྱུར་མཚམས་འཇོག་བྱེད་དགོས་ཅེས་བརྗོད་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ནས་ཟླ་བ་སྔོན་མའི་༤ ཚེས་ ༢༥ ཉིན་ཏེ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༡ ཕེབས་ནས། རིང་མིན་ཟླ་བ་འདིའི་ཕྱི་ཚེས་༡༧སྟེ། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་པའི་དུས་ཚིགས་བར།  ཕྱི་རྒྱལ་སྐུ་ཚབ་དོན་ཁང་དང་འབྲེལ་ཡོད་བོད་རིགས་ཚོགས་པ་དང་དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་བརྒྱུད་རྒྱལ་སྤྱིའི་སྡིངས་ཆའི་ཐོག ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུུའི་གསལ་བསྒྲགས་སྤེལ་ཡོད་པ་ལྟར། ཐེངས་འདིའི་ཞུ་གཏུགས་ཀྱི་ལས་འགུལ་དེ་ཡང་འདིའི་ཆ་ཤས་ཞིག་ཆགས་ཀྱི་འདུག

Latest news