Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2021

གཞུང་ཆེན་ཁག་ལ་སློབ་གཉེར་གནང་རྒྱུ་ནི་སྟོན་པའི་རྗེས་དྲན་ཡག་ཤོས་དེ་རེད།

དེ་རིང་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་པ་ ༡༥ ཉིན་བོད་མིའི་བླ་ན་མེད་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་གཙོ་རྣམ་གསུམ་དང་སེམས་བསྐྱེད་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་བ་དང་སྦྲགས། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་རྣམ་པས་ གཞུང་ཆེན་ཁག་ལ་སློབ་གཉེར་གནང་རྒྱུ་ནི་སྟོན་པའི་རྗེས་དྲན་ཡག་ཤོས་དེ་རེད་ཅེས་ལམ་སྟོན་མཛད་སོང་།རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་འབྲས་སྤུང་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་གཉིས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ནས་དེ་རིང་སྔ་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ཐོག་བརྒྱུད་དད་ལྡན་མང་ཚོགས་རྣམས་ལ་༸རྗེ་རིན་པོ་ཆེ་མཆོག་གིས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འགྲེལ་བཀའ་དྲིན་བསྐྱངས་སོང་བ་དང་སྐབས་དེར་༸གོང་ས་མཆོག་ནས་བཀའ་ཆོས་ཀྱི་སྔོན་འགྲོའི་བཀའ་སློབ་ཁྲོད་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་འདི་གཙོ་བོ་ལམ་རིམ་གྱི་སྙིང་པོ་བསྡུས་པ་ཞིག་ཆགས་ཀྱི་ཡོད་པ་དང་། དེའི་ནང་ངེས་བྱུང་དང་བྱང་སེམས། ཡང་དག་པའི་ལྟ་བ་གསུམ་གྱི་སྐོར་ཤིན་ཏུ་ཟབ་མོ་གསུངས་ཡོད་པ་སོགས་བཀའ་སྩལ་དང་སྦྲགས་ཏེ། མང་ཚོགས་རྣམས་ནས་དཔེ་ཆའི་ནང་གསུངས་པའི་བསླབ་བྱ་དེ་ཚོར་བསམ་བློ་ཟབ་མོ་བཏང་ནས་སེམས་ལ་བསྒྱུར་བཅོས་ཐེབས་པ་ཞིག་གནང་དགོས་པ་དང་། དེ་ཡང་དད་པ་རྐྱང་པའི་ཐོག་ནས་མིན་པར་རིགས་པས་དཔྱད་དེ་སེམས་ལ་འགྱུར་བ་ཐེབས་པ་ཞིག་གནང་དགོས་པའི་ལམ་སྟོན་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་ནས་༸རྗེ་རིན་པོ་ཆེ་མཆོག་གིས་མཛད་པའི་ལེགས་བཤད་རྩ་མཇུག་གི་རྣམ་བཤད་གཉིས་དང་ལྷག་མཐོང་ཆེ་ཆུང་གཉིས། དེ་བཞིན་གྲངས་ངེས་ལེགས་བཤད་སྙིང་པོ་བཅས་ནི་སྲོག་རྩ་ལྟ་བུ་ཞིག་ཡིས་པས་གདན་ས་ཁག་ཏུ་ཡོད་པ་རྣམས་ནས་དེ་དག་ཐོག་སློབ་གཉེར་གནང་སྟེ་འཇམ་མགོན་བླ་མའི་བསྟན་པ་དང་མཇལ་གོ་ཆོད་པ་ཞིག་གནང་དགོས་པའི་ལམ་སྟོན་སྩལ་བ་དང་ཆབས་ཅིག ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དབུ་འཛུགས་བཀའ་དྲིན་བསྐྱངས་ཡོད།ལམ་གཙོ་རྣམ་གསུམ་གྱི་ཆོས་འགྲེལ་ལེགས་པར་གྲུབ་མཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དད་ལྡན་མང་ཚོགས་རྣམས་ནས་ཆོ་ག་ཕྱག་ལེན་ཁོ་ནའི་ཐོག་མ་ཕྱིན་པར་གཞུང་ཆེན་ཁག་གི་ཐོག་སློབ་གཉེར་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་དེ་རིང་ས་ག་ཟླ་བའི་དུས་ཆེན་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་བཀའ་དྲིན་རྗེས་སུ་དྲན་དགོས་པ་དང་དེ་ཡང་གཙོ་བོ་སངས་རྒྱས་གང་ཉིད་མཆོག་གིས་བཀའ་སྩལ་བའི་བཀའ་དག་ལ་བརྟག་དཔྱད་བྱེད་དགོས་ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་རྗེས་འབྲང་པ་ཚོས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་རྒྱུ་ནི་སྟོན་པའི་རྗེས་དྲན་ཡག་ཤོས་དེ་རེད་ཅེས་བཀའ་སློབ་ལམ་སྟོན་མཛད་སོང་།དེ་རིང་དུས་ཚིགས་ཁྱད་པར་ཅན་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དད་ལྡན་མང་ཚོགས་ཡོངས་ལ་ཐུགས་རྩེ་ཆེན་པོས་སེམས་བསྐྱེད་ཀྱི་ཆོས་འགྲེལ་དང་སྦྲགས་བྱང་ཆུབ་སེམས་ཉམས་ལེན་གནང་ཐུབ་ཚེ་ཚེ་འདི་དང་ཕྱི་མ། དེ་བཞིན་རང་གཞན་གཉིས་ཀར་ཕན་པའི་དགེ་མཚན་དུ་མ་ལྡན་ཡོད་པ་སོགས་ཀྱི་ལམ་སྟོན་བཀའ་དྲིན་ཆེན་བ་སྩལ་སོང་བ་མ་ཟད་མགོན་པོ་༸གང་ཉིད་མཆོག་གིས་ད་ལྟའི་ཆར་རྒྱ་གར་སྤྱི་དང་། ལྷག་པར་དུ་མོན་དང་ལ་དྭགས། བལ་ཡུལ་སོགས་སུ་རིམས་ནད་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་ཐུགས་གསོ་དང་སྦྲགས་ཏེ་རིམས་ནད་འདི་རིམ་པས་ཞི་བའི་སླད་དུ་༸རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་འདོན་ན་ཕན་ངེས་ཡིན་པའི་ལམ་སྟོན་མཛད་ཡོད།གཞི་རྩའི་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལམ་གཙོ་རྣམ་གསུམ་དང་སེམས་བསྐྱེད་ཀྱི་ཆོས་འགྲེལ་མ་མཛད་པའི་གོང་དུ་སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དགོན་པས་སྔོན་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སོག་ཡུལ་རྒྱལ་ཡོངས་སུ་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་པའི་མཛད་སྒོར་དྲྭ་ཐོག་ནས་ལྷན་ཞུགས་མཛད་དེ་བོད་སོག་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བའི་སྐོར་སོགས་ངོ་སྤྲོད་མཛད་པ་དང་ཆབས་ཅིག སོག་པོའི་ཆོས་གྲོགས་ཚོས་རང་ཉིད་ཀྱི་སེམས་མ་ཞི་བ་རྣམས་ཞི་བ་དང་མ་འདུལ་བ་རྣམས་བཏུལ་བར་སྨོན་ལམ་ཁོ་ནས་ཕན་ཐབས་མེད་སྟབས་རིགས་པས་དཔྱད་དགོད་གལ་ཡིན་པར་ལམ་སྟོན་མཛད་ཡོད།མགོན་པོ་༸གང་ཉིད་མཆོག་ནས་ང་ཚོ་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པའི་ཆ་ནས་གཞན་ཕན་གྱི་བསམ་བློ་གོང་འཕེལ་བཏང་ནས་ཆགས་སྡང་གི་འདུ་ཤེས་དེ་དག་ཉུང་འཕྲི་གནང་དགོས་གལ་ཡིན་པའི་ལམ་སྟོན་སྩལ་བ་མ་ཟད། སོག་པོའི་ཆོས་གྲོགས་ཚོས་བོད་པ་རྣམས་བཙན་བྱོལ་དུ་ཐོག་མར་འབྱོར་དུས་སློབ་གྲྭ་ལོགས་སུ་བཙུགས་ཏེ་སློབ་གྲྭའི་ནང་དུ་མཚན་ཉིད་སློབ་ཁྲིད་བྱས་ཡོད་པ་བཞིན་སོག་པོ་ནང་དུ་ཡང་མི་སྐྱ་ཕོ་མོ་རྣམས་ནས་མཚན་ཉིད་ལ་སློབ་སྦྱོང་བྱས་ཏེ་ཆོས་ལ་རྨོངས་དད་བྱ་རྒྱུ་མིན་པར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་ལའང་དྲང་དོན་དང་ངེས་དོན་ཡོད་པ་རྣམས་ལ་མཚན་ཉིད་རིགས་པས་བརྟག་དཔྱད་རིམ་པ་གནང་ཐབས་ལ་འབད་བརྩོན་གནང་དགོས་པར་ལམ་སྟོན་མཛད་ཡོད།གཞན་ཡང་དེ་རིང་ས་ག་ཟླ་བའི་ཚེས་པ་ ༡༥ དང་བསྟུན་མགོན་པོ་༸གང་ཉིད་མཆོག་ནས་རྒྱལ་སྤྱིའི་ས་གནས་གང་སར་ཡོད་པའི་སྟོན་པའི་རྗེས་འབྲང་པ་ཡོངས་ལ་འཚམས་འདྲི་དང་སྦྲགས་ཏེ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་རྣམ་ཁག་ཅིག་དྲན་གསོ་མཛད་པ་མ་ཟད་སངས་རྒྱས་ཀྱི་ཆོས་དེ་ནི་རྒྱུ་མཚན་དང་ལག་བསྟར་ལྡན་པའི་ཆོས་ཤིག་ཡིན་པ་དང་ཆོས་དེ་ཡང་ཚོགས་སྡེ་དང་རྒྱལ་ཁབ་བྱེ་བྲག་པ་ཞིག་ལ་གསུངས་པ་ཞིག་མིན་པར་འགྲོ་བ་སྤྱི་ལ་གསུངས་པའི་ཆོས་ཤིག་ཡིན་སྟབས་མང་ཚོགས་རྣམས་ནས་སོ་སོའི་རིག་སྟོབས་དང་ནུས་ཚད་ལ་གཞིགས་ཏེ་སློབ་གཉེར་གནང་རྒྱུ་ཡོད་པ་ཞིག་རེད་ཅེས་སོགས་ལམ་སྟོན་བཀའ་སྩལ་འདུགདེ་རིང་གི་ཉིན་མོར་ནང་པ་ཚོས་ས་གནས་གང་སར་ཆོས་ཕྱོགས་ཀྱི་བྱ་བ་སྤེལ་བཞིན་པ་དང་བསྟུན་ཚང་མས་དེང་གི་འཛམས་གླིང་ཐོག་འཕྲད་བཞིན་པའི་ཏོག་དབྱིབས་རིམས་ནད་གཙོས་པའི་གོད་ཆག་དང་འཇིགས་པའི་རང་བཞིན་ཁག་ལས་རྒྱལ་ཐུབ་སླད་དུ་ནུས་པ་མཉམ་སྤུངས་གནང་གལ་སོགས་ཀྱི་བཀའ་སློབ་སྩལ་ཡོད།

སང་ཉིན་བདམས་ཐོན་སྲིད་སྐྱོང་མཆོག་གི་ལས་ཁུར་དང་གསང་རྒྱའི་དམ་འབུལ་བཞེས་གནང་རྒྱུ།

བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་ནས་ལས་ཁུར་དང་གསང་རྒྱའི་དམ་འབུལ་བཞེས་གནང་རྒྱུ་རེད་འདུགཁ་སང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བདམས་ཐོན་སྲིད་སྐྱོང་གསར་པའི་དམ་འབུལ་མཛད་རིམ་ཞིག་ཡོངས་ཁྱབ་གནང་འདུག་པར་གཞིགས་ན། སང་ཉིན་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༥༥ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་བཅས་ལྷན་བཞུགས་སར་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ལས་ཁུར་དང་གསང་རྒྱའི་དམ་འབུལ་བཞེས་གནང་རྒྱུ་ཡིན་པ་དང་། དམ་འབུལ་མཛད་སྒོ་དེའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་རྒྱུ་རེད་འདུགཐེངས་འདིའི་དམ་འབུལ་གྱི་མཛད་རིམ་འདི་བཞིན་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲགས་ཁྲོད་དུ་འཁེལ་ཡོད་སྟབས་ས་གནས་མངའ་གཞུང་གི་བཀའ་རྒྱ་ལམ་སྟོན་ཁག་ལ་གཞིགས་ཏེ། དམ་འབུལ་མཛད་སྒོའི་ཐོག་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་སྲིད་སྐྱོང་མཆོག དེ་བཞིན་ཚོགས་གཞོན་མཆོག་བཅས་ལས་དེ་མིན་མཛད་གཙོ་རྣམ་པ་དང་། དམིགས་བསལ་སྐུ་མགྲོན་སོགས་དངོས་སུ་ཆེད་བཅར་མི་དགོས་པ་མ་ཟད། དམ་འབུལ་དང་འབྲེལ་བའི་ཤིས་བརྗོད་ཀྱི་ཆོ་ག་ཁག་ཀྱང་དྲྭ་ཐོག་བརྒྱུད་གནང་གཏན་ཁེལ་འདུག དེ་བཞིན་དེ་སྔ་དབུས་འོས་བསྡུ་ལས་ཁང་ནས་ཡོངས་གྲགས་གནང་ཟིན་པའི་ ༢༠༢༡ སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་མཛད་རིམ་ལ་གཞིགས་ཚེ་བདུན་ཕྲག་འདིའི་རེས་གཟའ་ཉི་མ་སྟེ་ཕྱི་ཚེས་ ༣༠ ཉིན་བདམས་ཐོན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་དམ་འབུལ་གྱི་མཛད་རིམ་ཁག་གནང་གཏན་འཁེལ་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༢༡།༠༥།༢༥

ཉན་པ།: Listen ཕབ་ལེན། Download ནད་རླབས་གཉིས་པའི་ཁྲོད་བལ་ཡུལ་ནང་དཀའ་ངལ་རིམ་འཕྲད། ཁ་ན་ཊའི་གཙུག་ལག་སློབ་ཆེན་བཞིས་རྒྱ་ནག་དང་ལྷན་འབྲེལ་ལམ་གཅོད་དགོས་བའི་བཀའ་རྒྱ། ལྡི་ལི་ནང་གི་གཉན་རིམས་རྒྱུས་ལོན་དང་ནད་ཡམས་ལ་གདོང་ལེན་གནང་ཕྱོགས། གཏོང་ཕོད་ཅན་གྱི་བོད་མི་ཚེ་དབང་སྟོབས་རྒྱལ་ལགས་སུ་ཐུགས་རྗེ་ལེགས་གསོལ། Tuesday 25/05/2021 Situation of Tibetans in Nepal amidst covid second wave Alberta orders Universities to curb ties with China Tackling covid-19 in Delhi Tibetan donates assets to CTA prior to his demise

ནད་རླབས་གཉིས་པའི་ཁྲོད་བལ་ཡུལ་ནང་ངལ་བ་རིམ་འཕྲད།

རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་ཆེས་ཛ་དྲག་གི་གནས་སྟངས་འོག་མང་ཚོགས་མང་པོའི་ཚེ་སྲོག་ཤོར་བའི་གནས་སྟངས་བྱུང་བ་ལྟར་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ནང་དུའང་ཁྱབ་གདལ་ཆེས་ཆེར་སོང་རྐྱེན་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དངཉེ་ལམ་རེས་གཟའ་པ་སངས་ཉིན་བལ་ཡུལ་ནང་མི་གྲངས་ ༨༦༠༧ ལ་ནད་གཞི་ཕོག་པ་དང་མི་གྲངས་ ༡༧༧ འདས་གྲོངས་སུ་གྱུར་འདུགསྤྱིར་བལ་ཡུལ་ནི་བོད་མིའི་ཕོན་ཆེ་བཞུགས་གནས་ཤིག་ཆགས་ཀྱི་ཡོད་པ་དང་དེ་སྔ་ཚེས་ ༡༢ བར་བལ་ཡུལ་ནང་བོད་མི་ནད་རྟགས་ཐོན་པ་ ༧༨ དང་འདས་གྲོངས་སུ་ཕྱིན་མཁན་ ༣ བྱུང་ཡོད་པ་རེད།   རླུང་འཕྲིན་ཁང་ནས་དེ་རིང་བསྐྱར་དུ་བལ་ཡུལ་སྐུ་ཚབ་དོན་གཅོད་ཚུལ་ཁྲིམས་རྡོ་རྗེ་ལགས་སུ་བལ་ཡུལ་ནང་གི་བོད་མིའི་སྤྱིའི་གནས་སྟངས་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་བྱུང་བ་ནས་བཟུང་བལ་ཡུལ་ནང་བོད་མིའི་ས་གནས་སོ་སོར་ཟུར་འཇོག་ཁང་དང་ཕྱི་ལུགས་དང་བོད་ལུགས་གཉིས་ཀྱི་གསོལ་སྨན་གནང་བ་དང་ལྷག་པར་དུ་ས་གནས་ནང་དང་བླངས་པ་བཅས་གོ་སྒྲིག་ཞུས་ཡོད་པ་དང་། ད་ལྟའི་ཆར་ཐོ་འགོད་བྱུང་བར་གཞིགས་ན་བལ་ཡུལ་ནང་ད་བར་ནད་རྟགས་ཐོན་པ་བོད་མི་ ༢༠༢ དང་འདས་གྲོངས་ཟིན་པ་ ༥ བྱུང་ཡོད་སྐོར་འགྲེལ་བརྗོད་གནང་སོང་། གཞན་ཡང་རླུང་འཕྲིན་ཁང་ནས་བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ངག་དབང་མཆོག་གྲུབ་ལགས་སུ་ཁུལ་དའི་ཁྱབ་ཁོངས་བོད་མི་ཚོའི་གནས་སྟངས་ཇི་ཆགས་ཐད་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས་ཆོས་འབྱོར་ས་གནས་ཁྱབ་ཁོངས་དེ་ཁ་འཐོར་ཡིན་པས་བོད་མི་ཁག་ཅིག་ནས་ནད་གཞི་ཕོག་སྐབས་ཐོ་འགོད་སོགས་གནང་གི་མེད་སྐོར་དང་ལྷག་དོན་ས་གནས་ནང་ཏོག་དབྱིབས་ཀྱི་ཛ་དྲག་ཚོགས་ཆུང་ནས་ལས་དོན་ཇི་གནང་སྐོར་འགྲེལ་བརྗོད་གནང་བ་མ་ཟད། དེ་སྔ་ས་གནས་ནང་མི་ཆའི་ཆ་ནས་དཀའ་ངལ་ཁག་ཅིག་འཕྲད་པ་དེ་དག་ད་ཆ་གཙང་སེལ་ཐུབ་པ་ལྟ་བུར་གྱུར་ཡོད་སྐོར་སོགས་གསུངས་སོང་། གཞི་རྩའི་ད་ཆ་བལ་ཡུལ་ནང་ནད་རླབས་གཉིས་པའི་རྐྱེན་སྨན་ཁང་ནང་ཉལ་ཁྲི་དང་སྲོག་རླུང་གི་ཡོ་ཆས་འདང་ངེས་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། worldometer གྲངས་ཐོར་གཞིགས་ན། བལ་ཡུལ་ནང་ད་བར་ཏོག་དབྱིབས་ནད་གཞི་ཕོག་མཁན་མི་གྲངས་ ༥༢༠༤༦༡ བྱུང་ཡོད་པ་དང་དེའི་ཁྲོད་ ༦༥༣༡ འདས་གྲོངས་དང་དྲག་སྐྱེད་བྱུང་བ། ༣༩༨༤༨༣ བྱུང་འདུགདེ་སྔ་རྒྱ་གར་ནས་ཏོག་དབྱིབས་སྔོན་ཁབ་བཟོ་སྐྲུན་མང་དག་ཅིག་གནང་བའི་རྗེས་སུ་བལ་ཡུལ་ནང་དུའང་སྔོན་ཁབ་འོར་འདྲེན་བྱས་ཡོད་ཀྱང་། ཕྱིས་སུ་རྒྱ་གར་ནང་ནད་གཞི་ཛ་དྲག་ཆགས་སྐབས་དེ་འབྲེལ་གྱི་སྔོན་ཁབ་ཕྱིར་ཚོང་གནང་མཚམས་བཞག་ཡོད་པ་རེད།   ཁ་སང་རིང་རྒྱ་གར་ནང་ནད་གཞི་ཕོག་མཁན་ ༡༩༦༤༢༧ བྱུང་ཡོད་པ་དང་དེ་ནི་ཟླ་ ༤ ཚེས་ ༡༥ ནས་བཟུང་ནད་གཞི་ཕོག་མཁན་གྱི་ཁ་གྲངས་ཉུང་ཤོས་དང་འདས་པའི་ཆུ་ཚོད་ ༢༤ ནང་ནད་ལས་དྲག་སྐྱེད་བྱུང་མཁན་འབུམ་གསུམ་ལྷག་བྱུང་འདུག སྤྱིར་རྒྱ་གར་གྱི་མངའ་སྡེ་སོ་སོ་ནས་གཉན་རིམས་ཁྱབ་གདལ་སྔོན་འགོག་སླད་ས་གནས་ཀྱི་གནས་སྟངས་ལ་གཞིགས་ཏེ་ས་གནས་སོ་སོར་སྒོ་རྒྱ་བསྡམས་ཡོད་པ་དང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེ་ལྟ་བུར་མཚོན་ན་ཕྱིར་བསྐྱོད་མི་ཆོག་པའི་བཀའ་རྒྱ་དེ་ཟླ་ ༥ ཚེས་ ༣༡ བར་དུ་འཕར་འགྱངས་གནང་ཡོད།

ཁ་ན་ཊའི་གཙུག་ལག་སློབ་ཆེན་བཞི་ཡིས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་གཅོད་དགོས་བའི་བཀའ་རྒྱ།

ཁ་སང་ཁ་ན་ཊའི་ནང་གི་ The Globe and Mail ཞེས་པའི་གསར་ཤོག་ཐོག་གནས་ཚུལ་འཁོད་པའི་ནང་དུ། ཡུལ་དེའི་ Alberta མངའ་སྡེའི་གཞུང་གི་ངོས་ནས་ Edmonton ཁུལ་དུ་ཆགས་པའི་ Alberta གཙུག་ལག་སློབ་ཆེན་གྱི་དབུས་པའི་གཙུག་ལག་སློབ་ཆེན་བཞི་ལ་ཆེད་དུ་བཀའ་རྒྱ་བཏང་སྟེ། གཙུག་ལག་སློབ་ཆེན་དེ་དག་གིས་རྒྱ་ནག་གི་སྲིད་གཞུང་དང་འབྲེལ་བའི་ཡུལ་མི་བྱེ་བྲག་པའམ། ཡང་ན་ཚོགས་སྡེ་སུ་ལ་ཡང་འབྲེལ་བ་བྱེད་མཚམས་འཇོག་དགོས་བ་དང་།  གནད་དོན་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ལ་འབྲེལ་བ་ཡོད་པ་ཞིག་ཡིན་སྐོར་ཡོངས་གྲགས་གནང་འདུགཁ་སང་གི་བཀའ་རྒྱ་དེའི་ཁྱབ་ཁོངས་སུ་མངའ་སྡེ་དེའི་ནང་རྟེན་གཞི་བྱས་པའི་ Alberta དང་། Calgary,lethbridge དེ་བཞིན་ Athabasca བཅས་གཙུག་ལག་སློབ་ཁང་བཞི་ཚུད་ཡོད་པ་དང་། ད་ཆ་ Alberta ནང་གི་གཙུག་ལག་སློབ་ཆེན་ཁག་གི་ནང་དུ་རྒྱ་ནག་དང་འབྲེལ་བ་ཡོད་མེད་ལ་ཞིབ་འཇུག་ཞིབ་ཚགས་བྱེད་བཞིན་ཡོད་སྐོར་འཁོད་འདུག གསར་གནས་དེར་འཁོད་པའི་གནས་ཚུལ་ལྟར་ན། མངའ་སྡེའི་མཐོ་རིམ་གྱི་ཤེས་ཡོན་བློན་ཆེན་སྐུ་ཞབས་ Demestrios Nicolaides ལགས་ཀྱིས་ཟླ་བ་འདིའི་ཚེས་ ༢༠ ཉིན་གཙུག་ལག་སློབ་ཆེན་དེ་དག་གི་འགན་འཛིན་ལྷན་ཚོགས་ལ་གློག་འཕྲིན་ཞིག་བཏང་སྟེ། ཉིན་གྲངས་ ༩༠ ནང་ཚུད་དུ་གཙུག་ལག་སློབ་ཆེན་ཁག་གིས་རྒྱ་ནག་དང་ལྷན་དུ་བཞག་པའི་གྲོས་མཐུན་ཅི་ཡོད་དང་། དེ་བཞིན་ཞིབ་འཇུག་ཐད་ཀྱི་འབྲེལ་ལམ། གཞན་ཡང་རྒྱ་ནག་དམར་ཤོག་སྲིད་གཞུང་དང་འབྲེལ་བའི་ དངོས་ཡོད་གནས་ཚུལ་ཅི་ཡོད་ཡོངས་རྫོགས་ཞིབ་ཚགས་ཀྱིས་སྙན་ཐོར་ཕབ་འབྲི་བྱས་ཏེ་གོང་རིམ་ལ་འབུལ་དགོས་བར་སྐུལ་ཡོད་པ་མ་ཟད། ཁོང་གིས་ཁུལ་དེའི་གཙུག་ལག་སློབ་ཆེན་ཁག་དང་རྒྱ་ནག་གི་བཟོ་ཚོང་ཁང་དང་སྲིད་གཞུང་དང་འབྲེལ་བའི་སྡེ་ཚན་སོགས་ཀྱི་བར་དུ་འབྲེལ་འདྲིས་ཀྱི་ཁྱབ་ཁོངས་དང་ཁྱབ་རྒྱ་ཅི་ཡོད་སོགས་ཀྱང་ཞིབ་ཚགས་ཀྱིས་འདྲི་གཅོད་བྱས་ཡོད་པར་གསལ་འདུག ཁོང་གིས་ད་དུང་གཙུག་ལག་སློབ་ཁང་དེ་དག་ནས་སྙན་ཐོའི་ནང་རང་ཉིད་དང་རྒྱ་ནག་གི་འབྲེལ་ལམ་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཙམ་མ་ཟད། རྒྱ་ནག་དང་ལྷན་དུ་འབྲེལ་ཐག་བཅད་ཟིན་པའི་རྗེས་ཤུགས་རྐྱེན་ཅི་བྱུང་སོགས་ཀྱང་བཀོད་དགོས་པར་བཀོད་ཁྱབ་གནང་འདུག གཞི་རྩའི་ཟླ་བ་འདིའི་ཟླ་འགོར། The Globe and Mail གསར་ཁང་གིས་ Alberta གཙུག་ལག་སློབ་ཁང་ཁག་གིས་ཁུལ་དེར་འཐབ་བྱུས་ཀྱི་གལ་གནད་ལྡན་པའི་འཕྲུལ་ལས་གསར་གཏོད་ཀྱི་རིགས་དང་སྐྱེ་ཁམས་འཕྲུལ་ལས། གཞན་ཡང་རྩོལ་ཤུགས་འཕྲུལ་ལས་སོགས་དང་འབྲེལ་བའི་མཉམ་ལས་ཀྱི་ལས་གཞི་མང་དག་ཅིག་གཉེར་བཞིན་ཡོད་པའི་ཐད་ནས་གནས་ཚུལ་བསྡུ་སྒྲིག་བྱས་པར་བརྟེན་ནས། ད་ཆ་གཙུག་ལག་སློབ་ཁང་དེ་དག་དང་རྒྱ་ནག་གི་འབྲེལ་ལམ་གྱི་ཐད་ནས་འདྲི་རྩལ་བྱེད་འགོ་ཚུགས་པ་ཞིག་རེད་འདུག སྤྱིར་རྒྱ་ནག་གིས་འདས་བའི་ལོ་འགའི་རིང་ནས། རྒྱལ་མཚམས་རྒྱ་བསྐྱེད་ཀྱི་སྲིད་བྱུས་ལག་བསྟར་ཤུགས་ཆེན་བྱེད་འགོ་ཚུགས་པའི་ཁྲོད།  རྒྱ་ནག་དང་ས་འབྲེལ་ཡོད་པའི་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་བྱེད་ཀྱི་ཡོད་པ་མ་ཟད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཡང་ཚོང་ལས་དང་འཕྲུལ་ལས་མཉམ་འབྲེལ་གྱི་འབྲེལ་ལམ་རྒྱ་ཆེར་གཏོང་བཞིན་པ་དང་། ལྷག་པར་ཁུང་ཙི་སློབ་གླིང་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་ཀྱི་དགོས་མཁོ་སྐོང་ཐབས་བྱེད་པ་དང་། བོད་དང་ཤིན་ཅང་སོགས་དང་འབྲེལ་བའི་འཁྱོགས་བརྗོད་ཀྱི་ལོ་རྒྱུས་སྣང་བརྙན་སྐྲུན་ཐབས་བྱེད་ཀྱི་ཡོད་པར་བརྟེན། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོ་བོར་གྱུར་བའི་ཚོགས་པ་ཁག་གི་འགོ་ཁྲིད་འོག འདས་བའི་ལོ་གཅིག་གཉིས་ཤིག་གི་ནང་དུ། ནུབ་གླིང་ཁུལ་དུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་བརྒྱ་ཕྲག་སྒོ་བརྒྱབ་སྟེ། ད་ལྟའི་ཆར་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་སྣང་བརྙན་དངོས་དེ་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དམར་རྗེན་དུ་ཐོན་བཞིན་པ་རེད་འདུག

གཏོང་ཕོད་ཅན་གྱི་བོད་མི་ཚེ་དབང་སྟོབས་རྒྱལ་ལགས་སུ་ཐུགས་རྗེ་ལེགས་གསོལ།

གཏོང་ཕོད་ཅན་གྱི་བོད་མི་ཚེ་དབང་སྟོབས་རྒྱལ་ལགས་ཀྱིས་ཁོང་གི་ཚ་མོ་བརྒྱུད་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ཁེ་མེད་སྤྱི་ཚོགས་ཞབས་ཞུ་ཐེབས་རྩ་ཁང་གི་མིང་ཐོག་དུ་ཨ་སྒོར་༨༨༠༠༠༠ ལྷག་ཙམ་ཞལ་འདེབས་གནང་ནས་མི་རིགས་ཀྱི་དུང་ཞེན་དང་བརྩེ་བ་མཚོན་པར་གནང་འདུགབོད་མིའི་སྒྲིགས་འཛུགས་ཀྱི་དྲ་གནས་ཐོག་འཁོད་པར་གཞིགས་ན། སྐུ་ཞབས་ཚེ་དབང་སྟོབས་རྒྱལ་ལགས་ཕྱི་ལོ་ ༢༠༡༩ ལོར་རང་ཤག་ཏུ་ནང་མི་གཉེན་འབྲེལ་གྱི་དྲུང་དུ་དགོངས་པ་རྫོགས་ཡོད་པ་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་ཡོངས་དང་དེབ་སྐྱེལ་ཚོགས་པའི་འགན་ལྷན་ཐུན་མོང་གིས་ཚེ་འདས་ཁོང་གིས་གཏོང་ཕོད་ཀྱི་ཞལ་འདེབས་ཕོན་ཆེན་གནང་བར་ཐུགས་རྗེ་གྲངས་མེད་ཞུས་འདུག སྐུ་ཞབས་ཚེ་དབང་སྟོབས་རྒྱལ་དམ་པ་དེ་ཉིད་ནི་ཕྱི་ལོ་ ༡༩༤༩ ལོར་བོད་དུ་འཁྲུངས་ཤིང་ཕྱིས་སུ་རྒྱ་གར་དུ་སློབ་སྦྱོང་གང་འཚམས་ཤིག་གནང་རྗེས། ཕྱི་ལོ་༡༩༦༦ ལོར་ཤེས་རིག་བཀྲ་བའི་སློབ་མ་ཁག་ཅིག་དང་མཉམ་ཨ་རིའི་ལྷོ་ཀེ་ལི་ཕོར་ཎི་ཡའི་རེདྲ་ལེནདྲ་གཙུག་ལག་སློབ་ཆེན་གྱི་ནང་དུ་བདམས་གསེས་ཀྱིས་ཁུལ་དེར་སློབ་སྦྱོང་གནང་བ་བརྒྱུད་ནས་ཕྱི་ལོ་ ༡༩༩༡ ལོར་ཀོ་ལོ་རེ་ཌོ་མངའ་སྡེའི་ས་གནས་ཌན་ཝར་ཕེབས་ཏེ་ EVEREST IMPORT ཞེས་པའི་ཚོང་འཁོས་སྡེ་ཚན་ཞིག་གསར་འཛུགས་མཛད་དེ་རྒྱ་གར་དུ་སོ་སོའི་ཕ་མ་སྤུན་མཆེད་ལ་རོགས་ཕན་གཟིགས་རྟོགས་གནང་བ་དང། ༢༠༡༣ ལོ་ནས་རྒས་ཡོལ་གནང་སྟེ་ལྷོ་ཀེ་ལི་ཕོར་ཎི་ཡར་གནས་སྤོས་གནང་འདུག གཞི་རྩའི་དམ་པ་ཁོང་ཉིད་སྐུ་ཚེ་འཕེན་པ་མ་རྫོགས་ཀྱི་སྔོན་དུ། ཕྱི་ལོ་ ༢༠༡༩ ལོར་བྱང་ཨ་རིའི་སྐུ་ཚབ་གཅོད་ལ་ཞལ་པར་ཐོག་ཇི་དགེའི་བརྩད་གཅོད་གནང་ཞིང་། ཁྲིམས་རྩོད་ལས་ཁང་བརྒྱུད་ཁྲིམས་མཐུན་ཞལ་ཆེམས་གན་ཡིག་འཇོག་གནང་མཛད་པའི་ནང་ཁོང་གི་སྡོད་ཁང་དང་དངུལ་ཁང་ནང་དངུལ་འབབ་ཡོད་པ་རྣམས་དམ་པ་ཁོང་གི་དྲིན་ཆེན་ཕ་མ་གཉིས་ཀྱི་མིང་ཐོག་ནས་བོད་མི་ཉམས་ཐག་རྒན་གཅོང་རིགས་ཀྱི་ངལ་སེལ་སླད་དང་ཕྱོགས་མཚུངས་བོད་མིའི་སྐད་ཡིག་གཙོ་གྱུར་ཆོས་དང་། རིག་གཞུང་བཅས་སྲུང་སྐྱོབ་བཅས་སླད་སྨིན་གཏོང་ཡོང་ཐབས་གྲོན་གཏོང་དགོས་པའི་དགོངས་བཞེས་འོག  བྱང་ཨ་རིའི་ཐེབས་རྩར་ཞལ་འདེབས་འབུལ་ཕྱོགས་འཐུས་གཙང་ཡོང་ཐབས་ཀྱིས། ཁོང་གི་ཚ་མོ་བསྟན་འཛིན་སྒྲོལ་དཀར་སྒོ་རབ་ལགས་སུ་འགན་ཁུར་དགོས་པའི་མངགས་ཆ་བྱས་གནང་ཡོད་པ་ལྟར། ཚ་མོ་བསྟན་འཛིན་ས་སྒོ་རབ་ལགས་ནས་ཞང་པོའི་བཀའ་མངགས་ལྟར་ཁྲིམས་ལས་ཁང་དང་ལྷན་དུ་སྡོད་ཁང་ཚོང་བསྒྱུར་དང་དངུལ་འབབ་ལྷག་འཕྲོས་ཇི་ཡོད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དུ་རྩིས་འབུལ་བྱུང་བར་སྐུ་ཚབ་དོན་ཁང་གིས་ཐུགས་རྗེ་ཆེ་ཞུས་ཀྱིས་ཞལ་འདེབས་ཀྱི་གནང་སྒོ་དང་འབྲེལ་བའི་གནས་ཚུལ་མཐའ་ཐག་བོད་མིའི་སྒྲིག་འཛུགས་ལ་སྙན་གསེང་ཞུས་ཡོད་པར་འཁོད་འདུག དེ་བཞིན་སྐུ་ཚབ་དོན་ཁང་གིས་བཏང་བའི་གནས་ཚུལ་གྱི་ནང་དུ། དམ་པ་ཁོང་གིས་གཏོང་ཕོད་ཆེན་པོའི་གནང་ཕྱོགས་དེ་ནི་རང་མི་རིགས་ལ་ལར་ཞེན་ཆེ་ཞིང་། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་སྲུང་སྐྱོབ་གལ་ཆེ་ངོས་འཛིན་གནང་མཁན་རྒྱལ་གཅེས་པ་ཞིག་ལ་ངོས་འཛིན་དང་སྦྲགས་དམ་པ་ཁོང་དལ་འབྱོར་རྟེན་བཟང་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ལུགས་གསལ་འདུག

རེས་གཟའ་ཟླ་བ། ༢༠༢༡།༠༥།༢༤

ཉན་པ།: Listen ཕབ་ལེན། Download ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པས་ལས་ཁུར་རྒྱུན་སྐྱོང་གནང་བ། ཨ་རིའི་ནང་དུ་བོད་རང་བཙན་གོམ་བགྲོད་ལས་འགུལ་དབུ་འཛུགས། བོད་ཞི་བས་བཅིངས་གྲོལ་བཏང་བ་མིན་པར་དྲག་པོས་བཙན་འཛུལ་བྱས་པ་རེད། དབང་འདུས་ལགས་ཀྱི་རྒྱལ་ཚོགས་ལ་ཞུ་གཏུག་གི་ལས་འགུལ་མཇུག་སྒྲིལ། བོད་དོན་ལས་འགུལ་བ་དང་བོད་དོན་རྒྱབ་སྐྱོར་བ་གཉིས་འདས་གྲོངས། Monday 24/05/2021 Impeached TSJC Commissioners resume post TPiE slams TSJC commissioner’s action, says will not follow up on resolution no.39 Tibetan activists begin Rangzen march from Philadelphia to D.C. Tibetan Parliament refutes 70th anniversary of China’s so called Tibet’s liberation Tibet activist concludes solo bike ride in Geneva Obituary: Thupten Kelsang and Sundarlal Bahuguna

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པས་ལས་ཁུར་རྒྱུན་སྐྱོང་གནང་བ།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་ལས་གནས་ནས་ཕྱིར་བཤོལ་གནང་སྟེ་ཟླ་བ་གཉིས་ཙམ་འགྲོ་བཞིན་པའི་མཚམས་འདིར་དེ་རིང་ཁྲིམས་ཞིབ་པ་རྣམ་པས་དོན་ཚན་ལྔ་ཅན་གྱི་གསལ་བསྒྲགས་ཤིག་ཡོངས་ཁྱབ་གནང་བ་དང་སྦྲགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པས་ལས་ཁུར་རྒྱུན་སྐྱོང་གནང་སོང་།

ཨ་རིའི་ནང་དུ་བོད་རང་བཙན་གོམ་བགྲོད་ལས་འགུལ་དབུ་འཛུགས།

ཁ་སང་གི་གཟའ་མཇུག་སྟེ། རྒྱ་ནག་གི་བཙན་དབང་གི་འོག་ཏུ་ཕྱི་ལོ་ ༡༩༥༡ ལོའི་ཟླ་བ་ལྔ་བའི་ཚེས་ ༢༣ ཉིན་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པའི་ཉིན་ནག་གི་ཉིན་མོ་དང་བསྟུན། ཨ་རིའི་ཧྥི་ལ་ཌ་ཧྥེ་ཡའི་ (Philadelphia)རང་བཙན་ཚོགས་ཁང་ནས་རྒྱལ་ས་Washington DC བར་རང་བཙན་གོམ་བགྲོད་ལས་འགུལ་དབུ་འཛུགས་གནང་འདུག ལས་འགུལ་གྱི་དབུ་འབྱེད་མཛད་སྒོའི་ཐོག་ཏུ། རྒྱ་ནག་གི་བཙོན་འོག་ཏུ་མི་ལོ་བཅོ་ལྔ་ལྷག་བཙོན་དུ་ཚུད་པའི་རྒྱལ་གཅེས་དཔའ་བོ་དང་། བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཟུར་པ། ཞེ་བོ་བློ་བཟང་དར་རྒྱས་ལགས་དང་ཆབ་སྲིད་བཙོན་ཟུར་རྟའུ་བློ་བཟང་སྦྱིན་པ་ལགས་གཉིས་ཀྱི་གཙོ་བྱས་པའི་ཧྥི་ལ་ཌ་ཧྥེ་ཡའི་བོད་རིགས་ཚོགས་པ་དང་། ནིའུ་ཡོག་ནིའུ་ཇར་སིའི་ས་གནས་གཞོན་ནུ། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས དེ་བཞིན་ཨ་རི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཐུན་མོང་གིས་ཉམས་ཞུགས་གནང་ཡོད་པ་དང་། ལས་འགུལ་དེ་ནི་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་དང་བོད་རང་བཙན་ལ་རྒྱབ་སྐྱོར་ཡོང་ཐབས་ཆེད་སྤེལ་བ་ཞིག་ཡིན་པ་དང་། ཉིན་གྲངས་བཅུའི་རིང་གི་ལས་འགུལ་དེ་ནི་བོད་མི་བོད་མི་དྲུག་གིས་རྩ་འཛུསག་གནང་བ་གནང་བ་ཞིག་རེད་འདུག གོམ་བགྲོད་ཀྱི་ལས་འགུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཀྱི་བསྒྲགས་ཡིག་ནང་དུ། ལས་འགུལ་དེ་ཨ་རིའི་ཧྥི་ལ་ཌ་ཧྥེ་ཡའི་རང་བཙན་ཚོགས་པའི་མདུན་ཐང་དུ་སྤེལ་དོན་ནི། ཨ་རིའི་རང་བཙན་འཐབ་རྩོད་ཀྱི་ནང་དུ་ས་གནས་དེར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད་པ་ལྟར། ཐེངས་འདིའི་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དེར་ཡང་ཨ་རིའི་རང་བཙན་འཐབ་རྩོད་ཀྱི་ས་ཁུལ་དམིགས་བསལ་བ་དེ་ནས་སྐུལ་སློང་ཐེབས་ཐབས་སུ་བདམས་ཡོད་སྐོར་དང་འབྲེལ་ནས། རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དེའི་དམིགས་འབེན་གཙོ་བོ་ནི་ཨ་རིའི་ངོས་ནས་བོད་ཀྱི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཡོང་ཐབས་དང་། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པར་སྐྱོན་བརྗོད་གནང་ཐབས་ཡིན་པར་བསྒྲགས་འདུག དེ་བཞིན་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་ཀྱི་མཛད་སྒོའི་སྐབས་སུ། ལས་འགུལ་བ་དོན་འགྲུབ་ལྷ་དར་ལགས་ཀྱིས་གཏམ་བཤད་གནང་བའི་ནང་དུ། འདི་ལོ་རྒྱ་ནག་གིས་བོད་ས་ཞི་བའི་བཅིངས་གྲོལ་བཏང་ནས་མི་ལོ་བདུན་ཅུ་འཁོར་གྱི་ཡོད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟེང་ལ་དྲིལ་བསྒྲགས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་འཁྱོགས་བརྗོད་གནང་གི་ཡོད་པ་དེར་མཐའ་གཅིག་གི་ཏུ་ངོ་རྒོལ་ཡོད་པའི་རྣམ་འགྱུར་སྟོན་ཡ་དང་། ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམ་ནད་ཀྱིས་རྒྱལ་སྤྱིའི་སྤྱོ་ཚོགས་ཧྲིལ་བོར་དཀའ་ངལ་འཕྲད་བཞིན་ཡོད་པ་ལྟར། ཨ་རིའི་ནང་དུ་ཆ་མཚོན་ནའང་མི་མང་འབུམ་ཕྲག་གི་ཚེ་སྲོག་ཤོར་ཡོད་པ་དེའི་འགན་ཡོངས་རྫོགས་རྒྱ་ནག་ལ་ཡོད་པར་བསྒྲགས་པ་དང་ལྷན་དུ། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དེ་ནི་ཞི་བདེ་དང་རང་དབང་མཚོན་བྱེད་ཅིག་ཡིན་པར་བརྟེན། ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་དེ་རྒྱ་ནག་ཏུ་འཚོགས་རྒྱུའི་འོས་བབ་མེད་པར་རྩེད་འགྲན་དེ་ཕྱིར་འཐེན་བྱེད་དགོས་བ་སོགས་ཀྱི་གཏམ་བཤད་གནང་འདུག  དེ་བཞིན་དོན་འགྲུབ་ལྷ་དར་ལགས་ཀྱིས་ཁ་སང་གི་གོམ་བགྲོད་ཀྱི་ཡུལ་དངོས་ཀྱི་ཉམས་མྱོང་ཟིན་བྲིས་སུ་བཏང་བའི་ནང་དུ། རྒྱ་ནད་ཀྱི་དཀའ་ངལ་སོགས་ལ་བརྟེན། རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་དོ་སྣང་ཆེ་བའི་གནས་ཚུལ་དེ་ང་ཚོའི་གོ་སྐབས་ཡིན་པ་ལྟར། སྔོན་མ་ནང་བཞིན་མ་ཡིན་པར། དེ་རིང་གོམ་བགྲོད་ཀྱི་ཡིག་ཆ་བཀྲམས་སྐབས། ཨ་རིའི་མི་མང་གི་ཁྲོད་ནས། དོ་སྣང་སྔར་ལས་ཆེ་ཞིང་། ཡིག་ཆ་ལེན་སྐབས། ཕར་ཐུགས་རྗེ་ཆེ་ཞུ་དུས། ཚུར་ལ་ཐུགས་རྗེ་ཆེ་ལབ་པ་སོགས། ཡིག་ཆ་ཧ་ཅང་ཕོན་ཆེ་འགྲེམས་སྤེལ་ཐུབ་པ་བྱུང་སོང་བ་ནི། དེ་རིང་ལས་འགུལ་འདིའི་རེ་བའི་ཆ་ཤས་གལ་ཆེན་པོ་ཞིག་འགྲུབ་ཀྱི་ཡོད་པའི་དགའ་ཚོར་བྱུང་ཡོད་པར་འགྲེལ་བརྗོད་གནང་འདུག སྤྱིར་ཁ་སང་གི་ལས་འགུལ་དེའི་ཐོག ཁ་ན་ཊ་ནས་བོད་མི་ལས་འགུལ་བ་ sunny sonam ལགས་ཀྱང་མཉམ་བཞུགས་གནང་གི་ཡོད་ཀྱང་ཏོག་དབྱིབས་རྐྱེན་གྱིས་ཁོང་ཨ་རིར་ཕེབས་རྒྱུར་དཀའ་ངལ་འཕྲད་པ་ལྟར། ཁོང་གིས་ཁ་སང་ ཀེ་ན་ཀྲའི་ Niagra falls གྱི་ rainbow ཟམ་ཆེན་ནས་ Toronto གྲོང་ཁྱེར་བར་དུ་དེ་མཚུངས་ཀྱི་གོམ་བགྲོད་ལས་འགུལ་ཞིག་དབུ་འཛུགས་གནང་འདུག

Latest news