Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2021

བོད་ཞི་བས་བཅིངས་གྲོལ་བཏང་བ་མིན་པར་དྲག་པོས་བཙན་འཛུལ་བྱས་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁ་སང་གི་ཉིན་མོ་དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པ་རྩ་མེད་བཏང་བའི་མུན་ནག་གི་ཉིན་མོ་ཞིག་ཡིན་ཅེས་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་འདུགཁ་སང་ཕྱི་ཚེས་ ༢༣ ཉིན་མོ་དེ་ནི་རྒྱ་གཞུང་གིས་བཙན་དབང་གི་སྒོ་ནས་བོད་མིའི་ཐོག་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་བཞག་པའི་ཉིན་མོ་ཞིག་ཡིན་པ་དང་རྒྱ་ནག་དམར་ཤོག་གཞུང་གིས་ཉིན་དེ་ནི་བོད་ཞི་བས་བཅིངས་བཀྲོལ་བཏང་བའི་ཉིན་མོ་ཞིག་ལ་ངོས་འཛིན་གྱིས་འདི་ལོར་འུད་གཏམ་ཆེན་པོའི་ཐོག་མི་ལོ་ཧྲིལ་པོ་ ༧༠ འཁོར་བའི་དགའ་སྟོན་གྱི་ཉིན་མོ་སྲུང་བཙི་བྱེད་བཞིན་ཡོད་ཀྱང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཁ་སང་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་གནང་བར་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྲོང་ཁྱེར་ཏེཛ་པུར་དུ ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཡོད་པ་བསྐྱར་ནན་མཛད་པ་མ་ཟད། གྲོས་མཐུན་དོན་བཅུ་བདུན་ཟེར་བ་དེ་བོད་རྒྱ་གཉིས་མོས་རང་དབང་ཐོག་གྲོས་མཐུན་བྱས་ནས་བཞག་པ་མ་ཡིན་པ་རྒྱ་དམར་གྱི་དྲག་གནོན་བཙན་དབང་སྡིགས་སྐུལ་འོག་བཞག་བཅུག་པ་ཞིག་ཡིན་པས་ཡིག་ཆ་དེར་ཁྲིམས་མཐུན་གྱི་གནས་བབ་རྩ་བ་ནས་མེད་པ་ཞིག་ཏུ་གྱུར་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་པའི་བོད་གཞུང་མང་གཉིས་ནས་མི་ལོ་བརྒྱད་ཙམ་རིང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྒྱ་དམར་དང་ལྷན་ཞི་མཐུན་མཉམ་གནས་ཡོང་ཐབས་གནང་ཀྱང་རྒྱ་གཞུང་གི་དབང་འཛིན་པ་ཚོས་གྲོས་མཐུན་གྱི་དོན་ཚན་ཁག་རྩིས་མེད་བརྡལ་བཤིག་བཏང་ཡོད་པས་ཕྱོགས་གཅིག་ནས་ལག་ལེན་འཁེལ་ཐབས་བྱ་རྒྱུའི་ཆ་རྐྱེན་ལྡན་མེད་པར་བརྟེན་བོད་ཕྱོགས་ནས་ཀྱང་གྲོས་མཐུན་དེར་ངོས་ལེན་མེད་པའི་གསལ་བསྒྲགས་ཟིན་པ་ལྟར་ད་ལྟ་གཞི་མེད་དུ་གྱུར་ཡོད་ཅེས་བཀོད་འདུག དེ་བཞིན་རྒྱ་གཞུང་གི་དབང་འཛིན་པ་ཚོས་ད་དུང་ཡང་གྲོས་མཐུན་གྱི་མིང་བྱང་འཕྱར་ནས་བོད་ཞི་བས་བཅིངས་གྲོལ་བཏང་སྟེ་མི་ལོ་ ༧༠ འཁོར་ཡོད་ཟེར་བ་ནི་རྩ་བ་ནས་བདེན་པ་མིན་པ་སྟེ་གྲོས་མཐུན་ཟེར་བ་དེ་བཞག་ཟིན་པའི་རྗེས་སུ་རྒྱ་དམག་དྲག་དཔུང་གིས་རིམ་བཞིན་བོད་ས་ཡོངས་རྫོགས་སུ་དྲག་གནོན་དམག་འཐབ་བྱས་ཏེ་བཙན་བཟུང་བྱས་པ་ཞིག་དང་། བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཕྲོགས་པ། འཛིན་བཟུང་བཙོན་འཇུག་དང་རྡུང་རྡེག་མནར་གཅོད་ཚད་ལས་འདས་པ་བཏང་སྟེ་ཆེས་ཡ་ང་བའི་གནས་སུ་གྱུར་དང་འགྱུར་བཞིན་ཡོད་པས་བོད་ཞི་བས་བཅིངས་གྲོལ་བཏང་བ་མིན་པ་བོད་ལ་དྲག་པོའི་བཙན་འཛུལ་བྱས་པ་ཞིག་ཆགས་ཡོད་པ་དང་། ཕྱི་ཟླ་ ༥ ཚེས་ ༢༣ ཉིན་རྒྱ་དམར་དབུས་སའི་གཞུང་གིས་བོད་ལ་ཞི་བས་བཅིངས་གྲོལ་བཏང་བའི་ཉིན་མོ་ཡིན་ཟེར་བ་དེར་ངོས་ལེན་ནམ་ཡང་བྱ་ཐབས་མེད་པ་དང་། དེ་བཞིན་བོད་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་འཛམ་གླིང་ཤར་ནུབ་ཀྱི་སྲིད་གཞུང་ཁག་གིས་ཀྱང་ངོས་ལེན་མེད། ཉིན་མོ་འདི་ནི་བོད་མི་ཡོངས་ལ་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པ་རྩ་མེད་བཏང་བའི་མུན་ནག་གི་ཉིན་མོ་ཞིག་ཏུ་ངོས་འཛིན་ངོས་འཛིན་བྱེད་བཞིན་ཡོད་སྐོར་བསྒྲགས་འདུགཁ་སང་གི་ཉིན་མོ་དེ་དང་བསྟུན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གཞུང་གིས་བོད་བཅིངས་གྲོལ་བཏང་ནས་མི་ལོ་ ༧༠ འཁོར་བ་ཞེས་པའི་བརྗོད་གཞིའི་ཐོག་དྲྭ་ཐོག་ལས་རིམ་ཞིག་ཚོགས་ཡོད་པ་དང་དེའི་ཐོག་རྒྱ་གར་གྱི་རྩོམ་པ་པོ་དང་གསར་འགོད་པ་སྐུ་ཞབས། Vijay Kranti ལགས་ཀྱིས་གཙོ་སྐྱོང་འོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་ཚོགས་ནང་གི་ཁྲིམས་དོན་ཞུ་གཏུག་འགན་འཛིན་སྐུ་ཞབས་ Kai Mueller ལགས་དང་རྒྱ་གར་གྱི་རྒྱ་ནག་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དང་ཆབ་སྲིད་དཔྱད་བརྗོད་པ་སྐུ་ཞབས་ Jayadeva Ranade དེ་བཞིན་བོད་རང་བཙན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་སོགས་ནས་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་བདུན་ཕྲག་སྔོན་མར་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་ཀྱང་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་དང་འདས་པའི་ལོ་ངོ་ ༧༠ གོང་བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་ལ་དྲག་པོས་བཙན་འཛུལ་བྱས་པར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་བ་དང་འབྲེལ་ཏེ། རྒྱ་གཞུང་གིས་བོད་མིར་དྲག་གནོན་བྱེད་མཚམས་འཇོག་དགོས་པ་མ་ཟད་བོད་མིའི་ཁྲིམས་མཐུན་གྱི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།གཞི་རྩའི་ཟླ་ ༥ ཚེས་ ༢༡ ཉིན་རྒྱ་ནག་གཞུང་གིས་བོད་ཞི་བས་བཅིངས་གྲོལ་དང་ཡར་རྒྱས་གོང་འཕེལ་བཏང་ཡོད་ཚུལ་གྱི་རྒྱབ་ཤ་དཀར་པོའི་ཡིག་ཆ་འདོན་སྤེལ་བརྒྱུད་བོད་ནང་དབུལ་སྐྱོབ་ལས་གཞི་དང་མི་རིགས་དང་ཆོས་ལུགས་ཀྱི་ལས་དོན་ལེགས་གྲུབ་བྱུང་ཡོད་ཚུལ་སོགས་བཀོད་ཡོད་པ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དེ་རྒྱ་ནག་དབུས་གཞུང་ནས་ངོས་འཛིན་ཆོག་མཆན་ཡོད་པའི་ཐོག་ནས་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་གྱི་འཁྱོག་བཤད་ཀྱང་བྱས་ཡོད་པ་རེད།

བོད་དོན་ལས་འགུལ་བ་དང་བོད་དོན་རྒྱབ་སྐྱོར་བ་གཉིས་འདས་གྲོངས།

ནིའུ་ཛ་ལན་ཌི་ནང་གནས་སྡོད་གནང་མཁན་བོད་མི་དང་པོ་སྐུ་ཞབས་ཐུབ་བསྟན་སྐལ་བཟང་ལགས་ཁ་སང་ཚེས་ ༢༣ ཉིན་དགོངས་པ་རྫོགས་པ་དང་དེ་བཞིན་བོད་དོན་ལ་རྒྱུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཁོར་ཡུག་ལས་འགུལ་གྲགས་ཅན་པ་སྐུ་ཞབས་ Sunderlal Bahuguna ལགས་ཚེས་ ༢༡ ཉིན་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་གྱིས་སྐུ་ཚེའི་འཕེན་པ་རྫོགས་པར་ཡིད་སྐྱོའི་གནས་ཚུལ་ཐོན་འདུགབོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Bahuguna དམ་པ་ཁོང་གི་ནང་མི་ལྷན་རྒྱས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་ཏེ་སྐུ་ཞབས་ཁོང་ཉིད་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་ཕམ་བྱུང་བ་དང་སྦྲགས། ཁོང་ཉིད་ཀྱི་ཆེད་དུ་ཐུགས་སྨོན་མཛད་རྒྱུ་ཡིན་པར་བཀའ་བསྩལ་འདུག ལྷག་པར་དུ་སྐུ་ཞབས་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ཁྲོད་འཚེ་མེད་ཞི་བའི་ལྟ་གྲུབ་གཙོ་བོར་བཟུང་ནས་ལས་འགུལ་སྤེལ་བར་རྗེས་སུ་ཡི་རང་དང་ཆབས་ཅིག ཁོང་གིས་ཧི་མཱ་ལ་ཡའི་རི་བོ་དང་རྒྱུག་ཆུ། དེ་བཞིན་ནགས་ཚལ་སྲུང་སྐྱོབ་གནང་བ་ཙམ་མ་ཟད་མང་ཚོགས་གཞན་ནས་ཀྱང་ཁོང་ཡུག་སྲུང་སྐྱོབ་ཐད་ཐུགས་སྣང་སླད་ཕྱག་ལས་རྒྱ་གང་ཆེ་གནང་ཡོད་པར་བཀའ་སྩལ་མཛད་འདུགདེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ཁོང་དང་ཐེངས་གཅིག་མཇལ་འཕྲད་གནང་སྐབས་ཁོང་གིས་མགོན་པོ་༸གང་ཉིད་མཆོག་གིས་གོ་སྐབས་ནམ་བྱུང་ལ་མང་ཚོགས་ལ་ཤིང་སྣ་འདེབས་འཛུགས་ཀྱི་གལ་གནད་སྐོར་བཀའ་སློབ་མཛད་རྒྱུའི་ཞུ་སྐུལ་གནང་སྐོར་ཐུགས་དྲན་གསོ་དང་སྦྲགས་ཏེ། ༸མགོན་པོ་མཆོག་ནས་ལ་དྭགས་དང་སི་ཀིམ། དེ་བཞིན་ཨ་རུ་ནཱ་ཅལ། ས་གནས་གཞན་ལ་ཆིབས་བསྒྱུར་མཛད་སྐབས་དེ་མཚུངས་སུ་བཀའ་སློབ་སྩལ་ཡོད་སྐོར་བཀའ་སྩལ་མཛད་འདུག ༸མགོན་པོ་མཆོག་གིས་ཁོང་ནས་སྐུ་ཚེ་གང་པོའི་རིང་དོན་སྙིང་ལྡན་པའི་འཚོ་བར་རོལ་ཡོད་པ་དང་ད་ལན་ཁོང་ང་ཚོའི་ཁྲོད་བཞུགས་མེད་ཀྱང་ཁོང་གི་མཛད་རྗེས་དེ་བཞིན་གསོན་པོར་གནས་ཡོད་པ་དང་ང་ཚོས་ཁོང་གི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དེ་ནི་ཁོང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་རྒྱུ་དེ་ཡིན་པར་བཀའ་སྩལ་མཛད་འདུག སྐུ་ཞབས་ཁོང་སྐུ་ཚེའི་འཕེན་པ་རྫོགས་པར་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རེན་དྷ་རཱ་མོ་རྡི་མཆོག་གིས་དབུས་ཨུ་ཏྟ་ར་ཁན་ཌ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་འགོ་ཁྲིད་གཞན་ཚོས་ཀྱང་ཁོང་གི་ནང་མི་ལྷན་རྒྱས་ལ་ཐུགས་གསོ་གནང་འདུག དེའི་ཁྲོད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྐུ་ཞབས་དམ་པ་ཁོང་གི་སྐུ་ཟླ་ Vimla Bahuguna ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་ཕྱག་བྲིས་གནང་བར་སྐུ་ཞབས་དམ་པ་ཁོང་སྐུ་ཚེའི་འཕེན་པ་རྫོགས་པར་བློ་ཕམ་དང་། ད་ལན་ཁོང་དགོངས་པ་རྫོགས་པ་དེ་རྒྱ་གར་ཙམ་མ་ཟད་བོད་མིར་ཡང་གྱོང་གུད་བྱུང་ཡོད་པ་གསུངས་འདུག གཞི་རྩའི་སྐུ་ཞབས་དམ་པ་ Sundarlal ལགས་ནི་བོད་དོན་སླད་རྒྱབ་སྐྱོར་གནང་མཁན་ཞིག་དང་ཁོང་ནས་དེ་སྔ་བོད་དོན་དང་འབྲེལ་ཆབ་སྲིད་ཀྱི་ལས་འགུལ་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་དང་འབྲེལ་བགྲོ་གླེང་ལྷན་ཚོགས་བཅས་ནང་ལན་མང་མཉམ་ཞུགས་གནང་བར་མ་ཟད། གནད་དོན་དེ་འབྲེལ་ཐད་དཔྱད་རྩོམ་ཡང་མང་དག་ཅིག་བྲིས་རྩོམ་གནང་ཡོད་པ་རེད་འདུག རྩ་བའི་དགུང་ལོ་ ༩༤ ལ་ཕེབས་པ་ཁོར་ཡུག་ལས་འགུལ་བ་སྐུ་ཞབས་ Sunderlal Bahuguna ལགས་དེ་སྔ་ ༡༩༧༠ ནང་ Chipko movement འམ་ Chipko Andolan ཞེས་ཤིང་ནགས་གཅོད་འབྲེགས་ལ་ངོ་རྒོལ་ལས་འགུལ་གྱི་དབུ་ཁྲིད་ཡོད་པ་དང་། ཁོང་གིས་སྐུ་ཚེ་གང་པོར་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་རྒྱ་ཆེ་གནང་བར་ རྒྱ་གར་གཞུང་གིས་ཁོང་ལ་ཆེད་བསྟོད་མཚོན་ཆེད་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་མཐོ་ཤོས་གཉིས་པ་ Padma Vibhushan འབུལ་ལམ་གནང་ཡོད་པ་རེད།ཁོང་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་ཏོག་དབྱིབས་གཉན་རིམས་ ༡༩ ཡི་ནད་གཞི་ཕོག་རྐྱེན་རི་ཤི་ཀེཤ་ནང་ཡོད་པའི་ AIIMS སྨན་ཁང་དུ་སྨན་བཅོས་སླད་ཕེབས་འདུག་ཀྱང་ཕྱི་ཚེས་ ༢༡ རེས་གཟའ་པ་སངས་ཉིན་སྐུ་འདས་གྲོངས་སུ་གྱུར་འདུག གཞན་ཡང་ཟླ་བ་འདིའི་ཚེས་ ༢༣ ཉིན་དགུང་ལོ་ ༧༦ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་བོད་དོན་ལས་འགུལ་བ་ཐུབ་བསྟན་སྐལ་བཟང་ལགས་ནི་ནིའུ་ཛ་ལན་ཌིར་གནས་སྡོད་གནང་མཁན་བོད་མི་ཐོག་མ་དང་སྐུ་ཚེ་ཧྲིལ་པོར་བོད་དོན་ཆེད་ཐོག་མཐའ་བར་གསུམ་དུ་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང། ཁོང་སྐུ་ཟིན་པའི་གནས་ཚུལ་ཐོན་ཕྲལ་ཨོཀ་ལེནཌ་བོད་རིགས་ཚོགས་པས་གཙོས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཁོང་གི་ནང་མི་ལྷན་རྒྱས་ལ་སེམས་གསོ་དང་སྨོན་འདུན་གནང་བཞིན་འདུགགཞི་རྩའི་དམ་པ་ཁོང་ནི་ཕྱི་ལོ་ ༡༩༤༤ ལོར་ལྷ་སར་སྐྱེས་ཤིང་། ༡༩༥༠ འི་ནང་རྒྱ་ནག་གི་བོད་བཙན་འཛུལ་མ་བྱས་གོང་རྒྱ་གར་ལ་འབྱོར་བ་དང་ཕྱིས་སུ་ཀ་ལིམ་པོང་ནང་རྟེན་གཞི་བྱས་པའི་ཡེ་ཤུའི་སློབ་གྲྭ་ Dr Graham's Homes ནས་བསླབ་པ་ཐར་སོན་བྱུང་འདུག ཕྱི་ལོ་ ༡༩༦༧ ལོར་ཁོང་ནིའུ་ཛ་ལན་ཌི་ནང་གནས་སྤོར་གནང་བ་དང་ལོ་མང་རིང་ཁུལ་དེའི་ནང་བོད་མི་གཅིག་པོ་དེ་ཆགས་ཀྱི་འདུག ཁོང་ནས་སྐབས་དེར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྣ་མང་སྤེལ་བ་མ་ཟད། དེ་ལོར་ Tibetan Children Relief Society གྱི་ཕྱག་མཛོད་གནང་བ་དང་ལྷག་པར་དུ་ཕྱི་ལོ་ ༡༩༨༦ ལོར་ Friends of Tibet ཚོགས་པ་ཆེད་འཛུགས་ཀྱིས་ཚོགས་གཙོའི་ལས་འགན་བཞེས་འདུག དམ་པ་ཁོང་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་དང་རྒྱབ་སྐྱོར་འཚོལ་རྒྱུ་སོགས་བོད་དོན་ཆེད་ལས་འགུལ་སྣ་མང་སྤེལ་ཡོད་སྟབས་ཁོང་ལ་ Unsung Heroes of Compassion ཞེས་པའི་གཟེངས་རྟགས་དང་། ནིའུ་ཛ་ལན་ཌི་གཞུང་ནས་ Queen's Service Medal གཟེངས་རྟགས། དེ་བཞིན་ Peace Foundation དང་ Auckland Council ཞེས་པ་ནས་ Auckland City for Peace Award སོགས་གཟེངས་རྟགས་ཁག་ཅིག་འབུལ་བཞེས་གནང་ཡོད་པ་རེད།

དབང་འདུས་ལགས་ཀྱི་རྒྱལ་ཚོགས་ལ་ཞུ་གཏུག་གི་ལས་འགུལ་མཇུག་སྒྲིལ།

རྒྱ་ནག་ནང་དུ་འཚོགས་རྒྱུའི་ ༢༠༢༢ ལོའི་དགུན་དུས་པེ་ཅིང་ཨོ་རྩལ་འགྲན་རྩོད་ཕྱིར་འཐེན་དགོས་པ་དང་རྒྱ་གཞུང་ནས་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་འོག་ཏུ་སུད་སིར་རྒྱལ་ཡོངས་སུ་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་མཁན་ཚེ་རིང་དབང་འདུས་ལགས་ཀྱིས་འདས་པའི་ཉིན་གྲངས་ ༡༣ ལྷག་གི་རིང་སུད་སི་གྲོང་ཁྱེར་ ༡༦ ལྷག་དང་སྤྱི་ལེ་ ༩༧༠ ལྷག་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་གནང་མཐར་ཟླ་བ་འདིའི་ཕྱི་ཚེས་ ༢༡ ཉིན་ཁོང་ནས་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོོབ་ཐང་གཙོ་འཛིན་མཆོག་གི་མཚན་ཐོག་ལ་གོང་འཁོད་དགོས་འདུན་ཁག་ཞུ་གཏུག་བརྒྱུད་ཐེངས་འདིའི་བོད་དོན་རྐང་འཁོར་སྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་གནང་སོང་། སྐབས་དེར་ཚེ་རིང་དབང་འདུས་ལགས་སྐོར་སྐྱོད་ལས་འགུལ་མཇུག་སྒྲིལ་གནང་ཡུལ་གྱི་མཐའ་མའི་ས་ཚིགས་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་གྱི་མདུན་ཐང་དུ་བདེ་འབྱོར་དང་བསྟུན་སུད་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་དང་ཇི་ནི་ཝའི་བོད་རིགས་ཚོགས་ཆུང་གི་ཚོགས་གཙོ་གཙོས་འབྲེལ་ཡོད་རྒྱུན་ལས་དང་ཚོགས་མི། དེ་བཞིན་སུད་བོད་མཐུན་གྲོགས་ཀྱི་སྐུ་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་དང་སྦྲགས་ཁོང་གིས་ལས་འགུལ་ལ་རྒྱབ་སྐྱོར་ཞུས་ཡོད་པ་རེད། རླུང་འཕྲིན་ཁང་གིས་ས་དབང་འདུས་ལགས་ཀྱི་ལས་འགུལ་མཇུག་སྒྲིལ་དང་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་གི་༸སྐུ་ནའི་བབ་དང་བོད་དོན་འཐབ་རྩོད་ཀྱི་གཉན་འཕྲང་དུས་སྐབས་འདིར་བྱེས་བཞུགས་བོད་མི་རྣམས་ནས་ནང་ཁུལ་རྩོད་རེས་མ་གནང་བར་མཐུན་སྒྲིལ་གནང་སྟེ་རྒྱ་གཞུང་ལ་འཐབ་རྩོད་ཀྱིས་བོད་དོན་ལས་འགུལ་སྤེལ་དགོས་ཞེས་གསུངས་ཡོད་པ་རེད། རྩ་བའི་བོད་དོན་ལས་འགུལ་བ་ཚེ་རིང་དབང་འདུས་ལགས་ཀྱིས་མ་སྐུལ་དང་བླངས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་སུད་སི་གྲོང་ཁྱེར་ Winterthur ནས་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་དབུ་འཛུགས་གནང་ཡོད་ཅིང། ལས་འགུལ་དེ་བརྒྱུད་གཙོ་བོ་༸གོང་ས་མཆོག་བོད་དུ་གང་མགྱོགས་གདན་འདྲེན་ཞུ་དགོས་པ་དང། རྒྱ་གཞུང་ནས་བཙན་འཁྲིད་བྱས་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པ། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་མཚམས་འཇོགས་དགོས་པ། ༢༠༢༢ ལོའི་དགུན་དུས་པེ་ཅིང་ཨོ་རྩལ་མགྲན་རྩོད་ཕྱིར་འཐེན་དགོས་པ་སོགས་དགོས་འདུན་དོན་ཚན་ལྔ་ཆེརད་བཏོན་གནང་ཡོད་པ་རེད།

ཁྲིམས་ཞིབ་པ་འཕོ་འགྱུར་ལས་འཕྲོས་པའི་དཀའ་ངལ་ཐོག་༧གོང་ས་མཆོག་ནས་ལམ་སྟོན་ཞུ་རྒྱུ།

སྐབས་ ༡༦ པའི་བོད་མི་མང་སྤི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བཏང་བའི་གནད་དོན་ལས་འཕྲོས་པའི་འཕྲོ་སྐྱོང་གི་ལས་དོན་སླད་འཚོགས་གཏན་འཁེལ་བའི་གྲོས་ཚོགས་ཚོགས་དུས་འཕར་མ་དེ་ཕྱིར་འཐེན་དང་འབྲེལ་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོའི་དགོངས་དོན་འོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་ལམ་སྟོན་བཀའ་སློབ་ཞུ་རྒྱུར་ཐག་གཅོད་གནང་འདུག ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་ཚོགས་དྲུང་ལས་ཁུངས་ནས་གྲོས་ཚོགས་ཚོགས་དུས་འཕར་མ་དེ་བཞིན་ཟླ་ ༥ ཚེས་ ༢༤ ཉིན་འཚོགས་གཏན་འཁེལ་ཡོད་སྟབས་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༢༢ འགྱངས་མེད་ཐོག་བཞུགས་སྒར་རྡ་རམ་ས་ལར་འབྱོར་ཏེ་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་འགོད་གནང་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་། ཁ་སང་འབྱོར་ཐོ་འགོད་པའི་སྐབས་སུ་ཁྱོན་བོད་མི་མང་སྤྱི་འཐུས་ ༤༥ ནས་སྤྱི་འཐུས་ ༢༡ གིས་གྲོས་ཚོགས་ཚོགས་དུས་འཕར་མའི་ཐོག་ཚོགས་བཅར་ཐུབ་མིན་གྱི་དགོངས་ཞུ་ཕུལ་བ་དང་། དེ་བཞིན་སྤྱི་འཐུས་གཞན་ ༣ ནས་ཚོགས་བཅར་ཐུབ་མིན་གྱི་ལན་གསལ་མ་གནང་བ་བཅས་ཀྱི་གནས་སྟངས་ལ་གཞིགས་ནས་ཁ་སང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོགས་ཐོག་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཏེ་གྲོས་ཚོགས་ཚོགས་དུས་འཕར་མ་དེ་འཚོགས་སླད་སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཀྱི་གྲུབ་ཆ་ལོངས་ཀྱི་མེད་སྟབས་གྲོས་ཚོགས་ཚོགས་དུས་འཕར་མ་དེ་བསྐོང་ཚོགས་གནང་ཐབས་བྲལ་བའི་ཐག་གཅོད་གནང་འདུག གཞི་རྩའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བཏང་བའི་རྐྱེན་གྱིས་བདམས་ཐོན་སྲིད་སྐྱོང་དང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོའི་ལས་འཁུར་དམ་འབུལ་ཞུ་ཡུལ་མེད་པའི་གནས་སྟངས་ཆགས་ཡོད་སྟབས། ཁྲིམས་ཞིབ་པ་གསར་པ་བསྐོ་གཞག་གནང་རྒྱུ་དང་འབྲེལ་བའི་མི་སྣ་གསུམ་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་ཞིག་ཀྱང་བསྐོ་གཞག་གནང་ཡོད་ཀྱང་། ཁ་སང་དགོང་དྲོ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་ལས་རིམ་ཐོག་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་བཀའ་ཟུར་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཚོགས་ཆུང་ལ་ཁྲིམས་ཞིབ་པའི་འོས་མི་རག་མེད་པ་དང་། དེ་འབྲེལ་ཟླ་བ་འདིའི་ཚེས་ ༡༤ ཉིན་ལས་སྡོམ་སྙན་ཐོ་ཞིག་སྲིད་སྐྱོང་མཆོག་ལ་ཕུལ་ཟིན་ཡོད་པ་གསུངས་འདུག གནས་སྟངས་དེ་དག་ཁྲོད་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་ལས་འཕྲོས་པའི་དཀའ་ངལ་ཁག་མུ་མཐུད་དེ་མུར་གནས་པ་དང་། རིང་མིན་བདམས་ཐོན་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པ་དམ་འབུལ་ཞུ་ས་མེད་པར་འགྱུར་སྟབས། ཁ་སང་ལྷན་ཚོགས་གནང་བའི་སྤྱི་འཐུས་རྒྱུན་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནད་དོན་དེ་དག་སྐོར་གླེང་སློང་གང་བྱུང་ཡོད་མེད་དང་འབྲེལ་ཚོགས་གཞོན་མཆོག་ལ་ཞལ་པར་བརྒྱུད་རྒྱུས་ལོན་ཞུ་ཐབས་ཞུས་ཀྱང་འབྲེལ་བ་མཐུད་ཐུབ་པ་བྱུང་མ་སོང་བ་དེ་ལྟར་ཡང་། མཚན་མངོན་གསལ་གནང་འདོད་མེད་པའི་འབྲེལ་ཡོད་ཞིག་ནས་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བཏང་བ་ལས་འཕྲོས་པའི་གནད་དོན་ཁག་དང་འབྲེལ་སྤྱི་འཐུས་རྒྱུན་ལས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་དགོངས་དོན་འོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་དང་སྦྲགས་ལམ་སྟོན་བཀའ་སློབ་ཞུ་རྒྱུའི་མང་མོས་ཐག་གཅོད་བྱུང་ཡོད་པ་གསུངས་སོང་། རྩ་བའི་དེ་སྔ་ཕྱི་ཟླ་གསུམ་པའི་ནང་ཚོགས་པའི་གྲོས་ཚོགས་ཚོགས་དུས་ ༡༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བ་ཏང་བ་དང་འབྲེལ་བའི་ངལ་བ་ཁག་སེལ་ཆེད་སྐབས་དེའི་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་ཕྱི་ཟླ་ལྔ་པའི་ནང་གྲོས་ཚོགས་ཚོགས་དུས་འཕར་མ་ཞིག་འཚོགས་རྒྱུ་ཡིན་ཞེས་གསུངས་ཡོད་ཀྱང་། ད་ལྟའི་ཆ་ལ་རྒྱ་གར་རྒྱལ་ཡོངས་དང་ལྷག་པར་དུ་བོད་མི་སྒྲིག་འཛུགས་ཆགས་ས་ཧི་མཱ་ཅལ་མངའ་སྡེའི་ནང་ལ་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཆེས་ཆེར་སོང་བར་བརྟེན། མངའ་སྡེའི་གཞུང་ནས་ཟླ་བ་འདིའི་ཕྱི་ཚེས་ ༢༦ བར་མི་མང་རྣམས་གང་བྱུང་ཕྱིར་བསྐྱོད་གནང་རྒྱུ་དང་། མི་ལྔ་ལས་ལྷག་པ་འདུ་འཛོམས་སོགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་སྟབས། ད་རེས་གྲོས་ཚོགས་ཚོགས་དུས་འཕར་མ་ནས་དགོངས་ཞུ་གནང་མཁན་གྱི་སྤྱི་འཐུས་ཁག་ཅིག་ནས་ཚོགས་དུས་ལ་བཅར་བ་ཡིན་ན་ས་གནས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པ་རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ཡུལ་ཁྲིམས་ལ་བརྩི་སྲུང༌ཞེས་པ་གཉིས་དང་འགལ་ཟླ་ཆགས་ཀྱི་ཡོད་པ་གསུང་མཁན་བྱུང་འདུག དེ་བཞིན་ཁག་ཅིག་ནས་གྲོས་ཚོགས་ཚོགས་དུས་འཕར་མ་འཚོགས་རྒྱུ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་གཅིག་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ། ཞེས་པའི་དགོངས་དོན་ལྟར་བྱུང་མེད་སྟབས་ཚོགས་བཅར་ཞུས་མེད་ཅེས་གསུང་མཁན་འདུག་པ་མ་ཟད། ལ་ལ་ནི་ད་ལྟའི་རིམས་ནད་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དམ་དྲག་འོག་ཚོགས་བཅར་ཞུ་ཐུབ་མ་སོང་ཞེས་གསུང་མཁན་འདུག ད་ལྟའི་ཆ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དུས་གཅིག་ལ་འཕོ་འགྱུར་བཏང་བའི་གནད་དོན་ལས་འཕྲོས་པའི་དཀའ་ངལ་ཁག་གཙང་སེལ་མ་ཐུབ་པར་སྤྱི་འཐུས་རྒྱུན་ལས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ལམ་སྟོན་ཞུ་རྒྱུའི་ཐག་གཅོད་གནང་འདུག་ཀྱང་། དཀའ་ངལ་འདི་ཐོག་མར་བྱུང་སྐབས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་ཁྲིམས་ཞིབ་པ་ཟུར་པ་རྣམས་ནས་ཁྲིམས་དོན་གྱི་གསལ་བཤད་དང་སྦྲགས་གྲོས་ཚོགས་སུ་བཞག་པའི་ཁྲིམས་ཞིབ་པ་འཕོ་འགྱུར་གྱི་གྲོས་ཆོད་དེ་ཕྱིར་འཐེན་གནང་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་ཡོད་པ་མ་ཟད། ཉེ་བའི་ཟླ་ཤས་ཁྲོད་དུ་བཀའ་ཟུར་དང་སྲི་ཞུ་བ་ཟུར་པ། དེ་བཞིན་མང་ཚོགས་སྒེར་དང་ཚོགས་སྡེ་ཁག་མི་ཉུང་བ་ཞིག་ནས་ཀྱང་ད་ལྟའི་དཀའ་ངལ་དེ་སེལ་ཐབས་སུ་གྲོས་ཚོགས་སུ་བཞག་པའི་གྲོས་ཆོད་དེ་ཕྱིར་འཐེན་གནང་རྒྱུ་དང་། དེ་བཞིན་ཕྱིར་བཤོལ་གནང་བའི་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་གསུམ་འཕྲལ་དུ་ལས་བཅར་ཞུ་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་བཞིན་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༢༡།༠༥།༢༣

ཉན་པ།: Listen ཕབ་ལེན། Download བློ་གསར་གཞོན་ནུ། སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་གསར་པ་གཞོན་སྐྱེས་ཁག་ཅིག་དང་གླེང་མོལ། Sunday 23/05/2021 Young Minds: Discussion with new young members of the 17th TPiE

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མ་ཕྱིར་འཐེན།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་བའི་གནད་དོན་ལས་འཕྲོས་པའི་འཕྲོ་སྐྱོང་གི་ལས་དོན་ཁག་གི་སླད་ཐོག་མའི་འཆར་ཟླ་ ༥ ཚེས་ ༢༠ ཉིན་གྲོས་ཚོགས་ཚོགས་དུས་འཕར་མ་ཞིག་ཚོགས་རྒྱུའི་བཀོད་ཁྱབ་གནང་ཡོད་ཀྱང་། རྒྱ་གར་རྒྱལ་ཡོངས་དང་ལྷག་པར་དུ་ཧི་མཱ་ཅལ་མངའ་སྡེ་ནང་གི་ཏོག་དབྱིམས་རིམས་ནད་ཀྱི་གནས་སྟངས་སོགས་ལ་གཞིགས་ཏེ་འཕར་འགྱངས་ཀྱིས་རིང་མིན་ཕྱི་ཚེས་ ༢༤ ཉིན་འཚོགས་རྒྱུའི་ཐག་གཅོད་གནང་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་གྲོས་ཚོགས་འཕར་མ་དེ་ཕྱིར་འཐེན་གནང་ཡོད་པ་རེད་འདུག རྩ་བའི་སྤྱི་འཐུས་རྒྱུན་ལས་ནས་གྲོས་ཚོགས་ཕྱིར་འཐེན་གནང་དགོས་པའི་རྒྱུ་མཚན་གང་ཡིན་ད་ལྟའི་ཆར་ཁ་གསལ་གང་ཡང་ཡོངས་གྲགས་གནང་མེད་ཀྱང་། སྤྱི་འཐུས་རྣམ་པ་དེ་རིང་ཕྱི་ཚེས་ ༢༢ འགྱངས་མེད་ཐོག་བཞུགས་སྒར་དྷ་རྨ་ས་ལར་འབྱོར་ཏེ་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་འགོད་གནང་དགོས་ཀྱི་ཡོད་པའི་ཁྲོད་སྤྱི་འཐུས་ ༢༠ ལྷག་གིས་དགོངས་ཞུ་གནང་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག

མགོ་ལོག་རྨ་སྟོད་རྫོང་དུ་རིམ་པ་ ༧་༤ ཅན་གྱི་ས་འགུལ།

རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་ཕྱོགས་སུ་རིམ་པ་ ༧་༤ ཅན་གྱི་ས་འགུལ་ཞིག་བརྒྱབས་ཏེ་ས་གནས་མང་ཚོགས་ཀྱི་ཁང་པ་རྡིབ་པ་དང་གཞུང་ལམ་ལམ་འགག་པ། ཟམ་པ་རྡིབ་པ་སོགས་བྱུང་བ་མ་ཟད་བརྒྱུད་ལམ་ཁག་ཅིག་ཏུ་མི་གསུམ་གྱི་ཚེ་སྲོག་ཤོར་བ་དང་མི་ཉེར་བརྒྱད་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་བྱུང་འདུག ཁ་སང་ཟླ་ ༥ ཚེས་ ༢༢ ཉིན་གྱི་བོད་ནང་གི་ནམ་གུང་ཡོལ་ཆུ་ཚོད་༢་༤ སྟེང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་ལ་སའི་གཏིང་རིམ་སྤྱི་ལེ་ ༡༧ གྱི་མཚམས་ནས་ཡོང་བའི་རིམ་པ་ ༧་༤ ཅན་གྱི་ས་ཡོམ་བྱུང་ཡོད་པ་དང་ས་ཡོམ་ཁྲོད་ཁང་ཁྱིམ་ ༡༩༢ ལྷག་ཙམ་ལ་གཏོར་སྐྱོན་ཐེབས་འདུག མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་ནང་བཀོད་པར་གཞིགས་ན། དེ་རིང་ཚེས་ ༢༢ ཉིན་གྱི་སྔ་དྲོ་བར་དུ་རྨ་སྟོད་དང་རྨ་ཆེན་རྫོང་ཁོངས་ནས་བསྡོམས་པའི་ས་གནས་ཀྱི་མང་ཚོགས་བརྒྱད་ལ་རྨས་སྐྱོན་ཡང་ཕོག་ཡོད་ཅིང་། མང་ཚོགས་ཀྱི་ཁང་པ་དང་ཕྱུགས་ར་ཁག་ལ་རྡིབ་སྐྱོན་ཤོར་བ། དེ་བཞིན་དུ་ལམ་དང་ཟམ་པ་སོགས་ལ་ཡང་གཏོར་བརླག་ཆེན་པོ་བྱུང་ཡོད་འདུག མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་དཔོན་རིགས་མཱ་ཡུས་ཧུའུ་ཡིས་རྨ་སྟོད་རྫོང་མཁར་དང་མཛོ་རྒན་ར་བར་གྲོང་རྡལ། རྨ་ཆུ་ཡུལ་མཚོ་བཅས་ཀྱི་ཡོམ་ཤུགས་དང་། ཟི་ལིང་གི་ཡོམ་ཤུགས་ཅུང་ཆེ་བ་ལ། ཞིང་ཆེན་ཡོངས་ནས་ས་ཡོམ་བྱུང་བ་ཚོར་ཐུབ་འདུག དེ་རིང་གི་སྔ་དྲོའི་ཆུ་ཚོད་ ༡༠་༥༠ བར་དུ་ཁྱོན་བསྡོམས་ས་ཡོམ་ཆུང་ངུ་ཐེངས་ ༤༥༣ བྱུང་བ་དང་། རིམ་པ་གསུམ་པའི་ཡན་ཐེངས་ ༤༥ དང་། རིམ་པ་བཞི་པའི་ཡན་ཐེངས་ ༨ རིམ་པ་ལྔ་པའི་ཡན་ཐེངས་ ༡ བཅས་བྱུང་བ་མ་ཟད་ཆེས་མཐོ་ཤོས་རིམ་པ་ ༥་༡ རེད་འདུག

རེས་གཟའ་སྤེན་པ། ༢༠༢༡།༠༥།༢༢

ཉན་པ།: Listen ཕབ་ལེན། Download རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་དུར་འཇུག་གི་ཞབས་ཞུ། Saturday 22/05/2021 Covid warriors of Dharamsala: Volunteers conduct last rites of Covid victims

རེས་གཟའ་པ་སངས། ༢༠༢༡།༠༥།༢༡

ཉན་པ།: Listen ཕབ་ལེན། Download རྒྱ་ནག་གཞུང་ནས་བོད་མི་རིགས་ཀྱི་མངོན་འདོད་སྒྲུབ་རྒྱུར་རྒྱབ་ཤ་དཀར་པོའི་ཡིག་ཆ་འདོན་དགོས། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་ཚོང་འབྲེལ་གྱི་གྲོས་མཐུན་རྩིས་མེད་ཀྱི་གྲོས་ཆོད་བཞག་པ། ལཱི་ཐོ་ནི་ཡཱ་གྲོས་ཚོགས་ཀྱིས་རྒྱ་གཞུང་གིས་༸གོང་ས་མཆོག་དང་ལྷན་གྲོས་མོལ་འགོ་འཛུགས་ཀྱི་ཞུ་སྐུལ། དམིགས་བསལ་ལས་རིམ། བྷང་ལོར་ནང་གི་འཕྲུལ་ལས་ཉམས་ཞིབ་པར་བཅར་འདྲི། Friday 21/05/2021 Exile think tank slams China’s white paper, urges China to issue white paper exploring solution to Tibet issue EU parliament freezes China deal ratification until Beijing lifts sanctions Lithuania Parliament passes resolution calling China to begin talks with Dalai Lama DIASPORA feature: Kalsang Tharpa, researcher at Shell technology Center

Latest news