Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: June, 2022

༢༠༢༢ ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་དོན་གྲུབ་གླིང་རུ་ཁག་ལ་ཐོབ་སོང་།

ཁ་སང་ཕྱི་དྲོ་འདི་ག་ཧི་མཱ་ཅལ་མངའ་སྡེའི་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་གཟིགས་མོ་བ་སྟོང་ཕྲག་ལྷག་འདུ་འཛོམས་གནང་བའི་ཁྲོད་ཕྱི་ལོ་ ༢༠༢༢ ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྩེ་ཕུད་རུ་ཁག་ Clement Town དོན་གྲུབ་གླིང་རུ་ཁག་དང་སིམ་ལ་རུ་ཁག་གཉིས་དབར་རྩེད་འགྲན་གནང་ཡོད་ཀྱང་། རྩེད་འགྲན་དབུ་འཛུགས་གནང་ནས་སྐར་མ་ ༡༧ ཙམ་ལས་ཕྱིན་མེད་པའི་མཚམས་འདིར་སྤོ་ལོ་བླུགས་ཡིན་མིན་གྱི་ཐག་གཅོད་གཅིག་གི་རྐྱེན་གྱིས་རྩེད་འགྲན་ལ་རྙོག་གླེང་བྱུང་སྟེ་གློ་བུར་དུ་རྩེད་འགྲན་མཚམས་འཇོག་གནང་ཡོད་པ་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་ཕྱི་ལོ་ ༢༠༢༢ ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་དེ་དོན་གྲུབ་གླིང་གཞིས་སྒར་གྱི་རུ་ཁག་ལ་རྒྱལ་ཁ་ཐོབ་པའི་གསལ་བསྒྲགས་གནང་ཡོད་པ་རེད། ཕྱི་དྲོའི་ཆུ་ཚོད་ ༧༌༣༠ ཙམ་ནས་རྩེད་འགྲན་དབུ་འཛུགས་ཀྱིས་ཕྱོགས་གཅིག་ནས་དོན་གྲུབ་གླིང་གཞིས་ཆགས་ཀྱི་རྒྱབ་སྐྱོར་བ་ཚོས་དགའ་བསུ་དང་རྩེད་འགྲན་པ་ཚོར་སེམས་ཤུགས་འཕེལ་བའི་སྐད་འབོད་དང་། ཕྱོགས་གཞན་སིམ་ལ་རུ་ཁག་གི་རྒྱབ་སྐྱོར་བ་ཚོས་ཀྱང་དེ་མཚུངས་སུ་སྐད་འབོད་གནང་བ་དང་སྦྲགས་རྩེད་འགྲན་དེ་ཆེས་ཤིན་ཏུ་ནས་འཁྲུག་ཆ་དོད་པོར་འགྲོ་བཞིན་པར་མ་ཟད་གཟིགས་མོ་བ་རྣམས་དགའ་སྤྲོ་ངང་ནས་རྩེད་འགྲན་ལ་རོལ་བཞིན་པའི་སྐབས་དེར་སྐར་མ་ ༡༧ ཙམ་གྱི་མཚམས་སུ་ Clement Town རུ་ཁག་གིས་སྤོ་ལོ་གཅིག་བླུགས་ཡོད་ཀྱང་། སིམ་ལ་རུ་ཁག་གིས་རྩེད་དཔང་གི་ཐག་གཅོད་དེ་ནོར་འཁྲུལ་ཡིན་པ་དང་མཐའ་མའི་ཐག་གཅོད་མ་གནང་གོང་སླར་བརྙན་པར་ལ་གཟིགས་དགོས་པའི་དགོས་འདུན་ཆེད་བཏོན་གནང་ཡོད། འོན་ཀྱང་རྩེད་དཔང་དང་རྩེད་འགྲན་གོ་སྒྲིག་གནང་མཁན་གི་ངོས་ནས་གཏན་འབེབས་གནང་བའི་སྒྲིག་གཞིའི་ནང་དེ་ལྟར་འཁོད་མེད་པར་མ་ཟད་རྩེད་དཔང་གི་ཐག་གཅོད་གང་གནང་བ་དེ་མཐའ་མའི་ཐག་གཅོད་ཡིན་སྐོར་གསུངས་པར་བརྟེན་སིམ་ལ་རུ་ཁག་གིས་ངོ་རྒོལ་རྣམ་པའི་ཐོག་ནས་རྩེད་ཐང་ནས་ཕྱིར་ཐོན་གནང་ཡོད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༢ ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྒྱལ་ཁ་དེ་དོན་གྲུབ་གླིང་གཞིས་སྒར་གྱི་རྐང་སྤོལ་རུ་ཁག་ལ་ཐོབ་ཡོད་པའི་གསལ་བསྒྲགས་གནང་སོང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་ངོས་ནས་རྙོག་གྲ་ཡོང་རྐྱེན་ལ་དོགས་ནས་དོན་གྲུབ་གླིང་རུ་ཁག་ལ་གཟེངས་རྟགས་གནང་རྒྱུའི་མཛད་སྒོ་ཚོགས་མེད་པ་དང་། སིམ་ལ་རུ་ཁག་གིས་ངོ་རྒོལ་རྣམ་པའི་ཐོག་ནས་རྩེད་ཐང་ནས་ཕྱིར་ཐོན་ཡོད་སྟབས། རྩེ་ཕུད་ཀྱི་རྩེད་འགྲན་རུ་ཁག་གཉིས་པ་ཡིན་པའི་གསལ་བསྒྲགས་ཀྱང་གནང་མེད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་ངོས་ནས་གསལ་བསྒྲགས་ཤིག་གནང་བར་ལྟོས་མེད་སིམ་ལ་རྩེད་འགྲན་རུ་ཁག་དང་རྒྱབ་སྐྱོར་བ་ཚོས་རྩེད་འགྲན་དེ་བསྐྱར་དུ་གནང་དགོས་པའི་རེ་སྐུལ་གནང་ཡོད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་དང་ས་གནས་ཀྱི་གོ་སྒྲིག་ཚོགས་ཆུང་། རྩེ་ཕུད་རུ་ཁག་གཉིས་ཀྱི་རུ་དཔོན། དེ་བཞིན་སྐབས་དེར་ས་གནས་སུ་ཉེན་སྲུང་ཆེད་སྐོར་སྲུང་བའི་དཔོན་རིགས་ཀྱང་ཕེབས་ཡོད་པ་བཅས་ཀྱི་དབར་གྲོས་བསྡུར་རིམ་པ་གནང་བར་མ་ཟད། སྐབས་དེར་གཟིགས་མོ་རྣམས་ཀྱང་རྙོག་འཛིང་ཡོང་བའི་དངངས་སྐྲག་དང་ཕྱོགས་གཞན་ནས་མཐའ་མའི་རྩེད་འགྲན་དེ་འདོད་པ་འཁེངས་པ་ཞིག་བྱུང་མེད་སྟབས་ཕྱི་དྲོའི་ཆུ་ཚོད་བཅིུག་བར་ཐག་གཅོད་གང་གནང་མིན་ལ་རེ་སྒུག་གནང་ཡོད་པ་དེ་ལྟར་ནའང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གིས་མཐར་མི་མང་རྣམས་ཕྱིར་ལོག་གནང་དགོས་པའི་འབོད་སྐུལ་གནང་བ་དང་ཆབས་ཅིག ཕྱི་ལོ་ ༢༠༢༢ ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་མཐའ་མའི་རྕེད་འགྲན་དེ་རྙོག་གྲའི་འོག་ནས་ཐག་གཅོད་གནང་དགོས་པ་བྱུང་ཡོད།

རེས་གཟའ་སྤེན་པ། ༢༠༢༢།༠༦།༢༥

ཉན་པ།: Listen ཕབ་ལེན། Download རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་སྒྲིལ། རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་བོད་མི་ཚོས་ཞི་རྒོལ་གྱི་ལས་འགུལ་སྤེལ་བ། ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་དོན་གྲུབ་གླིང་རུ་ཁག་ལ་ཐོབ་པ། གསུང་ཆོས་ལས་རིམ། ༸གོང་ས་མཆོག་གིས་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་སྩལ་བའི་ཚན་པ། Saturday 25/06/2022 8th World Parliamentarians Convention on Tibet concludes in Washington D.C Tibetans in Switzerland hold protest against China during ongoing UN rights session Dhondupling Clement Town FC wins 27th GCMGC FEATURE:His Holiness the Dalai Lama’s teaching on ‘Three Principal Aspects of the Path’

རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་བོད་མི་ཚོས་ཞི་རྒོལ་གྱི་ལས་འགུལ་སྤེལ་བ།

ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༠ འཚོགས་བཞིན་པ་དང་བསྟུན་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་དང་ཞི་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་སོང་།ཁ་སང་ཕྱི་ཚེས་ ༢༤ ཉིན་འདི་ག་ཇི་ནི་ཝར་གནམ་གཤིས་གྲང་ངར་ཆེ་ཞིང་། ཆར་རླུང་དྲག་འཚུབ་ཆེ་བའི་ཁྲོད་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་སྣེ་ཁྲིད་དེ་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་མདུན་ཐང་དུ་བོད་མི་དང་བོད་བོད་དོན་རྒྱབ་སྐྱོར་བ་རྣམས་འདུ་འཛོམས་གནང་སྟེ་རྒྱ་གཞུང་བཙན་གནོན་འོག་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་དང་གཞིས་བཞུགས་བོད་མིའི་དཀའ་སྡུག་མངོན་གསལ་གནང་ཕྱིར་ལས་འགུལ་བ་རྣམ་པས་ཕྱག་ཏུ་བོད་ཀྱི་རྒྱལ་དར་འཕྱར་ཞིང་། རྒྱ་ནག་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་ཤོག་བྱང་བསྣམགས་ཏེ་ཞི་བའི་ངོ་རྒོལ་གནང་ཡོད།ལས་འགུལ་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་། སུད་སི་ས་གནས་བེུད་ལྷན་ཚོགས། ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས། དེ་བཞིན་སུད་བོད་མཐུན་ཚོགས་བཅས་ཀྱི་སྐུ་ཚབ་ཚོས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་སྤེལ་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་གནང་ཡོད་པ་རེད།ཐེངས་འདིའི་ལས་འགུལ་དང་འབྲེལ་ནས་རྒྱུན་ལྡན་ལྟར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ངོས་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ Michelle Bachelet མཆོག་གི་མཚན་ཐོག་ལ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞིབ་ཕྲ་གསལ་བའི་ཞུ་སྙན་ཞིག་ཕུལ་ཡོད་པར་མ་ཟད། ལྷག་པར་དུ་ཞུ་སྙན་ནང་ཁོང་རྣམས་ནས་གཙོ་འཛིན་མཆོག་གིས་ཉེ་ཆར་རྒྱ་ནག་ནང་གི་འཚམས་གཟིགས་དང་འབྲེལ་ཏེ་མང་ཚོགས་ཀྱི་རེ་བ་སྣང་མེད་དུ་བཏང་བ་དེས་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མཚན་གནས་ལོག་པར་སྤྱོད་ཡོད་སྟབས་བོད་མི་གཙོས་རྒྱ་ནག་གི་བཙན་གནོན་འོག་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་མང་ཚོགས་རྣམས་ཧ་ཅང་བློ་ཕམ་བྱུང་ཡོད་པ་རེད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༠ བརྒྱུད་ནས་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་དང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལས་ཁུངས་གཉིས་མཉམ་རུབ་ཀྱིས་ད་བར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་པའི་ནག་ཉེས་ཁག་འགན་ཁུར་ལྡན་པ་བཟོ་དགོས་པའི་ནན་བརྗོད་གནང་འདུག

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་སྒྲིལ་གནང་བ།

བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་དང་། ད་ཆ་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་ཞུ་དགོས་པ་སོགས་འཁོད་པའི་བསྒྲགས་གཏམ་ཞིག་གཏན་འབེབས་གནང་སྟེ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་སྒྲིལ་གནང་སོང་། ཟླ་བ་འདིའི་ཕྱི་ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་ས་ Washington DC དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་ཕྱི་དྲོ་སྐུ་ཞབས་ Michael Van Walt Praag ལགས་ཀྱིས་གཙོས། ཐེངས་འདིའི་ཚོགས་ཆེན་གྱི་ཟིན་བྲིས་ཚོགས་ཆུང་ནས་ཚོགས་ཆེན་གྱི་སྤྱི་བསྒྲགས་རགས་ཟིན་ཚོགས་བཅར་བར་སྙན་སྒྲོན་དང་སྦྲགས། ཚོགས་བཅར་བ་རྣམས་ཀྱིས་དེའི་ཐོག་དགོས་ངེས་ཀྱི་བཅོས་སྒྲིག་དང་ཁ་སྣོན་སོགས་གནང་སྟེ་ཚོགས་ཆེན་གྱི་མཐའ་མའི་སྒྲགས་གཏམ་གཏན་འབེབས་གནང་སོང་། བསྒྲགས་གཏམ་གྱི་སྔོན་གླེང་ནང་ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ ༢༨ ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དངོས་སུ་ས་གནས་སུ་ཕེབས་པ་དང་། ཁག་ཅིག་དྲ་ཐོག་ནས་མཉམ་ཞུགས་གནང་སྟེ། བོད་ནང་གི་གནས་སྟངས་དང་། ལྷག་པར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་འགལ་ཐོག་ནས་བོད་བཙན་བཟུང་བྱས་པ་ནས་བཟུང་ད་བར་རྒྱུན་མར་གནས་བཞིན་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐད་ལ་གྲོས་བསྡུར་ཞིབ་རྒྱས་གནང་ཡོད་པ་སོགས་གསུངས་འདུག ལྷག་པར་དུ་བསྒྲགས་གཏམ་དེར་ཚོགས་བཅར་བ་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་གཞུང་ནས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་གུས་བརྩི་དང་། རྒྱ་ནག་གཞུང་གིས་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་སྐོར་བཤད་པ་ལྟར་ངོས་ལེན་གནང་རྒྱུ་མེད་པ་དང་། བོད་འདི་རྒྱ་ནག་གི་ཆ་ཤས་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ། དེ་བཞིན་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་ཟུང་འབྲེལ་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱའི་དབར་གྲོས་མོལ་ཡོང་ཐབས་ལ་འབད་རྩོན་གནང་དགོས་པའི་སྐུལ་འདེད་གནང་དགོས་སྐོར་སོགས་གསུངས་འདུག ཚོགས་བཅར་བ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་ནང་ལ་བོད་དོན་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་དང་། ཉན་ཞིབ་ཀྱི་ལས་རིམ་འཚོགས་ཐབས་གནང་དགོས་པར་མ་ཟད། རྒྱ་ནག་གཞུང་གིས་༸གོང་ས་མཆོག་གིས་དབུས་པའི་བོད་མིའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པར་ངོས་ལེན་མེད་པའི་ཐག་གཅོད་གནང་གལ་ཆེ་བ་དང་། དེ་བཞིན་རྒྱ་ནག་གཞུང་ནས་བོད་ཀྱི་ལོ་རྒྱུས་གནས་བབ་ལ་ད་བར་འཁྱོག་བཤད་བྱེད་བཞིན་པ་ཁག་ལ་གདོང་ལེན་གནང་དགོས་པ་སོགས་འཁོད་འདུག དེ་བཞིན་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་གཏེར་ཁ་སྔོག་འདོན་དང་། གཙང་པོ་ཁག་ཏུ་ཆུ་མཛོད་སྣ་མང་གསར་རྒྱག་བྱས་པ་སོགས་ཀྱི་ལས་གཞིའི་ཁྲོད་དུ་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་གི་གནས་བབ་ལ་དོ་ཕོག་དང་གནོད་འཚེ་ཆེན་པོ་བཏང་ཡོད་པ་སོགས་བཀོད་འདུག་པ་དང་སྦྲགས། ཚོགས་ཆེན་མཇུག་སྒྲིལ་མཛད་སྒོའི་སྐབས་སུ་བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་གྱི་ཚོགས་ཆེན་དང་འབྲེལ་བའི་གནས་ཚུལ་བརྗེ་ཡུལ་གྱི་དྲ་ཚིགས་ཤིག་ཀྱང་སླར་གསོ་གནང་ཡོད།སྐབས་དེར་ཚོགས་གཞོན་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་སྦྲགས། མུ་མཐུད་རྒྱ་གཞུང་གི་བྱེད་བབ་ཁག་ཐེར་འདོན་དང་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སོང་།གཞི་རྩའི་ཐེངས་འདིའིཨ་རིའི་རྒྱལ་སར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་བརྒྱད་པའི་དབུ་འབྱེད་མཛད་སྒོ་དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཚོགས་ཏེ་༸གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་སྩལ་བ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་དངོས་སུ་ཆེད་ཕེབས་ཀྱིས་གསུང་བཤད་སོགས་གནང་ཡོད་པ་དང་། ཚོགས་འདུ་ཉིན་གཉིས་རིང་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། བོད་ཀྱི་ལོ་རྒྱུས་གནས་བབ། བོད་མཐོ་སྒང་གི་ཁོར་ཡུག མང་གཙོ་སོགས་གནད་དོན་མང་དག་ཅིག་གི་ཐོག་གྲོས་བསྡུར་སྦྱང་བཤད་ལྷུག་པོ་གནང་ཡོད། གཞན་ཡང་ཚོགས་ཆེན་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་པ་ཆེད་བཅར་གནང་ཡོད་པ་ལྟར། དེ་རིང་ནས་ཉིན་གྲངས་གཉིས་ཀྱི་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ལྷན་རྒྱས་དབུ་ཞུགས་ཐོག་སྐུ་ཚབ་དོན་གཅོད་རྣམ་པའི་ཚོགས་འདུ་སྐོང་ཚོགས་གནང་གི་ཡོད་འདུག

རེས་གཟའ་པ་སངས། ༢༠༢༢།༠༦།༢༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུར་ཐུགས་བསྐྱེད་ཡོད་ཅེས་བཀའ་བཞེས་སྨིན་སྩལ། ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་ལོ་རྒྱུས་བདེན་དཔང་གི་ཉན་ཞིབ་ལས་རིམ་ཚོགས་པ། རྒྱ་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་བཟོ་ཕྱིར་དམིགས་པའི་བཅའ་སྡོད་སློབ་གྲྭའི་སྐོར་སྙན་སེང་། ཨོ་སི་ཊོ་ལི་ཡར་རྒྱ་ནག་གཞུང་ཚབ་པས་གཏམ་བཤད་བྱས་སྐབས་ངོ་རྒོལ་གནང་འདུག གཟའ་འཁོར་འདིའི་ནང་ཏོག་དབྱིབས་གཉན་རིམས་རྐྱེན་བོད་མི་གཅིག་འདས་གྲོངས་སུ་གྱུར་བ། དོན་གྲུབ་གླིང་དང་སིམ་ལ་གཉིས་དབར་༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་མཐའ་མའི་འགྲན་བསྡུར་གནང་རྒྱུ། Friday 24/06/2022 Dalai Lama reaffirms to live to be at least 100 years U.S conducts hearing barriers to settling Tibet’s unresolved conflict China’s systematic blockage of Tibetan kids from learning in their mother tongue raised at the UN human rights council China’s Amb. to Australia speech disrupted in Sydney One Tibetan succumbed to Covid-19 this week Defending champion Shimla United will play Dhondupling Clement town FC in 27th GCM final

༸གོང་ས་མཆོག་གིས་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུར་ཐུགས་བསྐྱེད་ཡོད་ཅེས་བཀའ་བཞེས་སྨིན་སྩལ།

ཡར་འབྲོག་གཞིས་བྱེས་མི་མང་དང་འཇོལ་ཀོང་རྒྱལ་གསུམ། མངའ་རིས་སྤྱི་མཐུན་ཚོགས་པ། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ། དེ་བཞིན་བྱང་རིགས་གཞིས་བྱེས་མི་མང་བཅས་ཚོགས་པ་ལྔས་དེ་རིང་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་བ་དང་སྦྲགས། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལས་དབང་བཙན་པོའི་ཐོག་ནས་ངོས་དང་བོད་གངས་ཅན་ལྗོངས་དབར་ཐུན་མིན་གྱི་འབྲེལ་བ་ཡོད་སྟབས་ད་དུང་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུར་ཐུགས་བསྐྱེད་ཡོད་པ་དང་དེ་ལྟར་ཐུབ་ཀྱི་རེད་ཅེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་།དེ་རིང་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་སྔ་དྲོ་ཚོུད་ ༦ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་འདུན་འདུས་མང་ནས་༸སྐུའི་ཚེ་སྒྲུབ་གནང་གྲུབ་མཚམས་སུ་ཚོུད་ ༧༌༢༠ ཡོལ་ཙམ་ལ་ཚོགས་ཁག་གི་སྐུ་ཚབ་རྣམ་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆོན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་སྤོས་སྣེའི་སྤྱན་འདྲེན་གཟབ་རྒྱས་ཞུས་པ་དང་། མགོན་པོ་༸གང་ཉིད་མཆོག་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་དངོས་དང་འབྲེལ་བའི་མཎྡྲལ་ལྗགས་བཤད་གནང་བ་དང་འབྲེལ་ཏེ་མཁའ་ཁྱབ་སྐྱེ་འགྲོ་སྤྱི་དང་ལྷག་པར་དུ་ཁ་བ་རི་པ་རྣམས་ཀྱི་འཕྲལ་ཕུགས་ལེགས་ཚོགས་ཀུན་གྱི་གཞི་རྩར་དགོངས་ཡངས་ཆེན་པོས་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀའ་བཞེས་བཟང་པོ་སྤྱི་བོའི་མཛེས་རྒྱན་དུ་གྱུར་བ་མཁྱཻན། མཁྱཻན། མཁྱཻན་ཞེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་། བརྟན་བཞུགས་ཀྱི་མཛད་རིམ་ཡོངས་སུ་གྲུབ་པ་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་འཇོལ་ཀོང་རྒྱལ་གསུམ་གཙོས་ཚོགས་པ་ལྔས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་ཕུལ་བ་རེད། ལས་དང་སྨོན་ལམ་བཙན་པོའི་ཐོག་ནས་ངོས་དང་བོད་གངས་ཅན་ལྗོངས་དབར་ཐུན་མིན་གྱི་འབྲེལ་བ་ཡོད་སྟབས་ད་དུང་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་སེམས་ཤུགས་དང་ཡིད་ཆེས་ཡོད་པ་ལྟར་བཞུགས་ཐུབ་ངེས་ཡིན་སྟབས། ཚང་མ་བློ་བདེ་པོ་བྱས་ནས་སྡོད་ཨ་ཞེས་ཐུགས་བརྩེ་བ་ཆེན་པོས་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་སོང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བདེན་དོན་གསལ་བར་ཐུགས་རེ་གནང་ཆོག་པ་དང་དེའང་དེང་སྐབས་རྒྱ་ནག་ནང་ལ་འགྱུར་བ་ཤུགས་ཆེན་པོ་འགྲོ་ཡི་འདུག་ལ། བོད་ཀྱི་ནང་ཆོས་དང་༸གོང་ས་མཆོག་གི་མཚན་གནས་སོགས་ལ་དོ་སྣང་ཞེ་དྲག་བྱེད་ཀྱི་འདུག་ཅེས་བཀའ་སྩལ་བ་དང་འབྲེལ། བོད་རྒྱ་ཆེ་མང་ཚོགས་ཚོས་ཀྱང་བོད་ཀྱི་བདེན་དོན་གསལ་བར་སེམས་ཤུགས་བསྐྱེད་དགོས་གལ་ཡིན་པ་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་། ༸གོང་ས་མཆོག་གིས་ད་ཆ་མགོན་པོ་༸གང་ཉིད་མཆོག་བོད་ཀྱི་ཆབ་སྲིད་ཀྱི་༸སྐུ་དབང་ནས་རྒས་ཡོལ་དུ་ཕེབས་ཡོད་པ་དང་ཆབ་སྲིད་ཀྱི་གནད་དོན་ཐོག་ཕྱག་ལས་གནང་མཁན་བཀའ་སྤྱི་གཉིས་ཞེས་ཡག་ཐག་ཆོད་ཡོད་རེད། ཁོང་རྣམ་པས་དྲང་པོ་དྲང་བཞག་གིས་ཚགས་ཚུད་ངང་ཕྱག་ལས་གནང་བཞིན་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གིས་ཐུགས་ལྷོད་ལྷོད་ཐོག་ནས་དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་ཉམས་བཞེས་མཛད་ཀྱི་ཡོད་སྐོར་བཀའ་སྩལ་ཡོད། ཐེངས་འདིའི་བརྟན་བཞུགས་འདི་ནི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་པའི་རྗེས་སུ་མགོན་པོ་༸གང་ཉིད་མཆོག་ལ་ཚོགས་སྡེ་ཁག་མང་པོས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་པའི་ཁོངས་ནས་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། དེ་རིང་གི་བརྟན་བཞུགས་ཐོག་ས་ཕྱོགས་འདྲ་མིན་ནས་བཅར་བའི་ཡར་འབྲོག་གཞིས་བྱེས་མི་མང་གི་མང་ཚོགས། འཇོལ་ཀོང་རྒྱལ་གསུམ་གྱི་མང་ཚོགས། མངའ་རིས་སྤྱི་མཐུན་ཚོགས་པ་ཐུན་མོང་གི་མང་ཚོགས། དེ་བཞིན་བྱང་རིགས་གཞིས་བྱེས་མི་མང་གི་མང་ཚོགས། སེར་བྱེས་དགེ་བཤེས་གྲོལ་ལྡན་རྒྱ་མཚོ་ལགས་བཅས་སོགས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འདུ་འཛོམས་གནང་ཡོད་པ་རེད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཆིབས་བསྒྱུར་མཛད་སྐབས་སུ་བོད་ཀྱི་ཟློས་གར་ཚོགས་པས་བཀྲིས་ཞོལ་པ་དང་མཆོད་དབྱངས་སོགས་ཕུལ་བའི་ཐོག་ནས་སྤྱན་འདྲེན་གཟབ་རྒྱས་ཞུས་ཡོད།བརྟན་བཞུགས་བསྟར་འབུལ་སྐབས་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྡོ་རྗེ་སློབ་དཔོན་གནང་སྟེ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་༸གོང་ས་མཆོག་ལ་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཞུས་སོང་བ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་ཅིག་གིས་གཙོས་པའི་ཚོགས་པ་ཁག་གི་འཐུས་མི། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་ཕེབས་འདུག ༸སྐུ་པར་ཁག་ཅིག་གི་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་།

ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་ལོ་རྒྱུས་བདེན་དཔང་གི་ཉན་ཞིབ་ལས་རིམ་ཚོགས་པ།

ཁ་སང་ཕྱི་ཚེས་ ༢༢ ནས་དབུས་འཛུགས་ཀྱིས་ཨ་རིའི་རྒྱལ་ས་ Washington DC ནང་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་  ༨ པ་འཚོགས་བཞིན་པ་དང་བསྟུན། དེ་རིང་ཚོགས་དུས་ཉིན་གཉིས་པའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་བོད་ཀྱི་ལོ་རྒྱུས་བདེན་དཔང་གི་གནད་དོན་ཐད་ལ་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཡོད།དེ་རིང་སྔ་དྲོ་ཚོུད་ CECC ཞེས་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་གོ་སྒྲིག་མཐུན་འགྱུར་འོག་ཚོགས་པའི་བོད་ཀྱི་ལོ་རྒྱུས་བདེན་དཔང་གི་ཉན་ཞིབ་ལས་རིམ་ཐོག་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley མཆོག་དང་ཚོགས་གཙོའི་ལས་རོགས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ James McGovern མཆོག་རྣམ་གཉིས་དབུས་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་དང་། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་གི་ལས་དོན་གནང་མཁན་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་ Michael Van Walt ལགས། ལོ་རྒྱུས་རིག་པའི་སློབ་དཔོན་དང་ཉམས་ཞིབ་པ་སྐུ་ཞབས་ Hon-Shiang Lau ལགས། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་དབུས་པའི་སྤྱི་འཐུས་ཁག་ཅིག་བཅས་ལྷན་ཞུགས་གནང་ཡོད།གསར་འགོད་པས་ཉན་ཞིབ་ལས་རིམ་གྲུབ་མཚམས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ལ་དེ་འབྲེལ་བཀའ་འདྲི་ཁག་ཅིག་ཞུས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱབ་ཁབ་ཀྱིས་ཆབ་སྲིད་ཀྱི་དགོས་དབང་ཐོག་ནས་རྒྱལ་སྤྱིའི་ཐོག་བོད་འདི་གནའ་སྔ་མོའི་དུས་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་འགྲེལ་ལོག་བྱས་དང་བྱེད་བཞིན་པའི་དུས་སྐབས་འདིར་ཚོ་བོད་མིའི་ངོས་ནས་བོད་ཀྱི་གནས་བབ་ཐོག་བཅོས་མིན་གྱི་འགྲེལ་བཤད་རྒྱག་བཞིན་པའི་བདེན་པའི་གནད་དོན་འདི་རྒྱལ་སྤྱིའི་ཁྱོན་ཡོངས་ལ་མ་ཁྱབ་པའི་གནད་འགག་ཞིག་གི་ཐོག་ནས་ཐེངས་འདིའི་བོད་ཀྱི་ལོ་རྒྱུས་བདེན་དཔང་གི་ཉན་ཞིབ་ལས་རིམ་འདི་འདྲ་ཞིག་གནང་གལ་ཆགས་ཡོད་པ་གསུངས་སོང་། དེ་བཞིན་ཚོགས་གཞོན་མཆོག་གིས་ཐེངས་འདིའི་ཉན་ཞིབ་ཐོག་ལྷན་ཞུགས་གནང་མཁན་ཚོས་བོད་འདི་རྒྱ་ནག་གི་ཆ་ཤས་མིན་པའི་བདེན་པའི་གནད་དོན་ཁག་འགྲེལ་བརྗོད་གནང་ཡོད་པ་སོགས་གསུངས་པ་དང་སྦྲགས་ཏེ། བོད་ཀྱི་བདེན་པའི་ལོ་རྒྱུས་ལ་ཐུགས་སྣང་དང་དཔྱད་པ་གནང་གལ་ཡིན་པ་གསུངས་ཡོད། རྩ་བའི་ཉན་ཞིན་ལས་རིམ་ཐོག་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley མཆོག་གིས་རྒྱ་ནག་གཞུང་གིས་བོད་མིའི་སྐད་ཡིག་གཙོས་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པར་མ་ཟད་༸གོང་ས་མཆོག་གིས་དབུས་པའི་བོད་མིའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་བཞིན་ཡོད་པ་སོགས་ཀྱི་བྱེད་བབ་ཁག་ཅིག་ཐེར་འདོན་དང་སྦྲགས། རྒྱ་ནག་གཞུང་ནས་བོད་ཀྱི་གནད་དོན་འདི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཡིན་པར་བཤད་དོན་ནི་བོད་ཀྱི་ལོ་རྒྱུས་གནས་བབ་སྣང་མེད་དུ་བཏང་བ་ཞིག་ཆགས་ཀྱི་ཡོད་པ་དང་། དོན་དངོས་ཐོག་བོད་ཀྱི་གནད་དོན་འདི་ད་ལྟ་ཐག་གཅོད་ཟིན་མེད་པའི་གནད་དོན་ཞིག་ཡིན་པ་མ་ཚད་པར་ང་ཚོས་ངེས་དུ་གླེང་དགོས་པའི་གནད་དོན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་འདུག  དེ་བཞིན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ James McGovern མཆོག་གིས་གིས་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་བའི་བོད་དོན་དང་འབྲེལ་བའི་སྲིད་བྱུས་ཁག་ཅིག་ལུང་འདྲེན་གྱིས་ཨ་རིའི་ངོས་ནས་བོད་རྒྱ་གྲོས་མོལ་ཡོང་རྒྱུར་འབད་བརྩོན་གནང་མུས་ཡིན་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་གྲོས་མོལ་གནང་བར་ཆ་རྐྱེན་ཁག་ཅིག་ཆེད་དུ་བཏོན་བཞིན་པ་དེ་དག་ནི་འོས་འཚམས་དང་དྲང་བདེན་གྱི་ཆ་རྐྱེན་ཞིག་མ་རེད་ཅེས་གསུངས་ཡོད། དེ་བཞིན་སྐུ་ཞབས་ Michael Van Walt ལགས་དང་སྐུ་ཞབས་ Hon-Shiang Lau ལགས་ཀྱིས་ལོ་རྒྱུས་ཐོག་བོད་འདི་རྒྱ་ནག་གི་ཆ་ཤས་ནམ་ཡང་ཆགས་མྱོང་མེད་པར་མ་ཟད་རྒྱ་ནག་གཞུང་གིས་བཤད་པའི་བོད་ཀྱི་ལོ་རྒྱུས་དེ་དག་རྒྱལ་སྤྱིའི་ཁྲིམས་དང་འགའ་བ་འབའ་ཞིག་ཆགས་ཡོད་པ་སོགས་གསུངས་འདུག བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་དུས་རབས་ཉི་ཤུའི་ནང་གི་བོད་དང་རྒྱ་ནག་གཉིས་ཀྱི་དངོས་ཡོད་ལོ་རྒྱུས་དང་འབྲེལ་བའི་དོན་ཚན་ཁག་ཅིག་དང་། རྒྱ་ནག་གཞུང་གིས་བོད་ནང་ལ་དམ་བསྒྲགས་དང་དྲག་གནོན་བྱེད་བཞིན་པའི་གནད་དོན་ཁག་ངོ་སྤྲོད་གནང་ཡོད།  དེ་བཞིན་དེ་རིང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་  ༨ པའི་ཚོགས་དུས་ཉིན་གཉིས་པའི་ཐོག་གནམ་གཤིས་འགྱུར་ལྡོག་དང་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནད་དོན་ཁྲོད་བོད་དང་ཨེ་ཤ་ཡའི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་དང་ཐེ་ཝན་གྲོས་ཚོགས་འཐུས་མི་ Hung Sun-Han ལགས་གཉིས་ནས་གསུང་བཤད་དང་ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་སོགས་གནང་ཡོད།དེ་རིང་ཚོགས་དུས་སྐབས་ལ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གཙོ་སྐྱོང་གནང་སྟེ་བོད་ཀྱི་ལོ་རྒྱུས་འགྲེལ་བཤད་རྒྱག་སྟངས་དང་བསྒྱུར་བཅོས་དགོས་གལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་ཀྱང་གནང་ཡོད། སྐབས་དེར་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Shashi Tharoor ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་ཐོག་དགོངས་པ་བཞེས་དགོས་པའི་དགོངས་འཆར་ཁག་ཅིག་གསུངས་པ་དང་ཆབས་ཅིག ཚོགས་ཆེན་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ ༢༦ ཙམ་གྱི་འཐུས་མི་མཉམ་ཞུགས་གནང་ཡོད་ཀྱང་། ཨ་རིས་གཙོས་པའི་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་མཐོང་རྒྱུ་མེད་པ་དེས་ལོ་རྒྱུས་དང་གནས་ཚུལ་ངོ་སྤྲོད་ཀྱི་ཐོག་ནས་གྱོང་གུད་ཆེན་པོ་ཞིག་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། ལོ་རྒྱུས་ངོ་སྤྲོད་དང་གནས་ཚུལ་ཁྱབ་སྤེལ་གྱི་བརྒྱུད་རིམ་ཁྲོད་དུ་གསར་འགྱུར་བརྒྱུད་ལམ་རྣམས་ནི་གལ་ཆེན་པོ་ཆགས་ཡོད་པ་སོགས་གསུངས་ཡོད།

རྒྱ་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་བཟོ་ཕྱིར་དམིགས་པའི་བཅའ་སྡོད་སློབ་གྲྭའི་སྐོར་སྙན་སེང་།

ཟླ་བ་འདིའི་ཕྱི་ཚེས་ ༡༣ ནས་ཇི་ནི་ཝར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༠ འཚོགས་བཞིན་པའི་ཐོག་བོད་མིའི་སྐུ་ཚབ་ནས་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་སུ་རྒྱ་མི་རིགས་ཀྱི་མེ་སེར་སྤེལ་ཡུལ་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་བྱེད་བཞིན་པའི་ཛ་དྲག་གནད་དོན་ལྷན་ཚོགས་སུ་སྙན་སེང་ཞུས་ཏེ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་རྒྱལ་ཚོགས་ཀྱི་དམིགས་བསལ་ཁེ་ལས་རྟོག་ཞིབ་ཚོགས་ཆུང་བཅས་ནས་རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་བར་དམིགས་པའི་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་ཀྱི་ལས་གཞི་འཕྲལ་མར་འཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུགཁ་སང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཤེས་ཡོན་སློབ་གསོ་རང་དབང་དང་འབྲེལ་བའི་ཚོགས་དུས་ཐོག་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ Vincent Metten ལགས་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་གཉིས་ཀྱིས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་སྤེལ་བཞིན་པའི་མི་སེར་སྤེལ་ཡུལ་གྱི་ཤེས་ཡོན་སློབ་གསོའི་སྐོར་སྙན་སེང་ཞུས་ཡོད་པ་རེད།སྐབས་དེར་སྐུ་ཞབས་ Vincent ལགས་ཀྱིས་ Helsinki Foundation for Human Rights ཞེས་པའི་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པའི་མིང་ཐོག་ནས་ད་ཆ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་ནང་ལོ་ན་ ༤ ཡན་བོད་ཕྲུག་འབུམ་གཅིག་ལྷག་བཙན་དབང་གིས་རང་ཁྱིམ་ནས་བཙན་ཁྲིད་བྱས་ཏེ་རྒྱ་ཡིག་ཁོ་ནའི་ཤེས་ཡོན་སློབ་གསོ་སྤེལ་ཆེད་ས་གནས་སུ་གཞུང་གི་བཅའ་སྡོད་སློབ་གྲྭར་བཅུག་ནས་རང་ཁྱིམ་ནས་ཁ་བྲལ་དུ་བཏང་བའི་བོད་ཕྲུག་ཚོར་རྒྱ་ནག་གི་ཆབ་སྲིད་ཤེས་ཡོན་སློབ་གསོ་སྤྲོད་བཞིན་ཡོད་པར་མ་ཟད། རྒྱ་གཞུང་གིས་གཉེར་བའི་བཅའ་སྡོད་སློབ་གྲྭར་རང་ཉིད་ཀྱི་བུ་ཕྲུག་མ་བརྫང་མཁན་བོད་པའི་ཕ་མ་ཚོར་རྒྱ་གཞུང་གིས་གཞུང་གི་མིང་ཐོ་ནག་པོར་བཅུག་ནས་དཔལ་འབྱོར་ཉེས་ཆད་གཏོང་བཞིན་ཡོད་སྐོར་སོགས་ལྷན་ཚོགས་སུ་སྙན་སེང་ཞུས་པ་དང་འབྲེལ། རིམ་པས་བོད་ཀྱི་སྐད་ཡིག་དང་རིག་གཞུང། དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་ཡོད་པ་གསུངས་འདུགསྐལ་ལྡན་མཚོ་མོ་ལགས་ཀྱིས་ Society for Threatened Peoples ཞེས་པའི་མིང་ཐོག་ནས་རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་ངང་བོད་ནང་གི་བོད་ཕྲུག་ཚོར་རང་མི་རིགས་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱ་རྒྱུའི་སློབ་གསོའི་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་སྟེ་ཤེས་ཡོན་སློབ་གསོ་དེ་ད་ཆ་རྒྱ་གཞུང་གི་ཆབ་སྲིད་བསམ་བློ་རྒྱ་བསྐྱེད་དང་སྟངས་འཛིན་བྱ་རྒྱུའི་ལག་ཆར་སྤྱོད་བཞིན་ཡོད་པ་སྙན་སེང་ཞུས་འདུག ད་ཆ་བོད་ནང་གི་ན་ཆུང་བྱིས་པ་དང་བོད་རིགས་གཞོན་སྐྱེས་ཚོ་ནི་ཞི་ཅིན་ཕིང་གིས་ཧན་མི་རིགས་དང་འབྲེལ་བའི་ཤེས་ཡོན་སློབ་གསོའི་ལས་འགུལ་གྱི་དམིགས་འབེན་དུ་གྱུར་ཡོད་ཅེས་གསུངས་འདུགསྐུ་ཞབས་ Vincent ལགས་ཀྱིས་བོད་ནང་དུ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་ནང་གསལ་མི་རིགས་ཀྱི་དབྱེ་འབྱེད་དང། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་ཐོབ་ཐང། དེ་བཞིན་ཕྲུ་གུའི་ཐོབ་ཐང་བཅས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་མང་དག་ཅིག་དང་ཡོངས་སུ་འགལ་ཡོད་པར་མ་ཟད། རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ལས་ཀྱང་འགལ་ཡོད་པ་རེད་ཅེས་གསུངས་ཏེ། ལྷན་ཚོགས་བརྒྱུད་ནས་ཁོང་རྣམ་གཉིས་ཀྱིས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་དང། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རྒྱལ་ཚོགས་ཁེ་ལས་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་བཅས་ཀྱིས་རྒྱ་གཞུང་གིས་ད་ཆ་བོད་མི་རིགས་རྩ་མེད་བཟོ་བར་དམིགས་པའི་བཅའ་སྡོད་སློབ་གྲྭའི་ལས་གཞི་སྤེལ་བཞིན་ཡོད་པ་ཁག་འཕྲལ་མར་མཚམས་འཇོག་བྱེད་འཇུག་དགོས་པའི་དགོས་འདུན་བཏོན་འདུག ལྷན་ཚོགས་ཐོག་ད་དུང་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་སྐད་ཡིག རིག་གཞུང་། བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་མཁན་བོད་མི་རྩོམ་པ་པོ་དང་ཤེས་ཡོན་ཅན། གླུ་བ། སློབ་ཕྲུག་སོགས་ཀྱི་ཐོག་དྲག་གནོན་གྱི་སྲིད་བྱུས་སྤེལ་བ། འཛིན་བཟུང། དེ་བཞིན་བཀག་ཉར་བྱེད་བཞིན་ཡོད་སྐོར་སོགས་ལྷན་ཚོགས་ཐོག་སྙན་སེང་ཞུས་པ་དང་འབྲེལ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་རྒྱལ་ཚོགས་ཀྱི་དམིགས་བསས་ཁེ་ལས་རྟོག་ཞིབ་ཚོགས་ཆུང་བཅས་ནས་དེ་དང་འབྲེལ་བའི་གང་གནང་འཆར་ཡོད་དམ་ཞེས་དང། དེ་བཞིན་བོད་ནང་གི་བོད་ཕྲུག་ཚོར་འདྲ་མཉམ་གྱི་གུས་བརྩི་ཡོད་པའི་ཐོག་ནས་བོད་པའི་སྐད་ཡིག་སློབ་རྒྱུའི་ཐོབ་ཐང་ཇི་ལྟར་བསྐྲུན་ཐུབ་བམ་ཞེས་ལྷན་ཚོགས་ཐོག་འདྲི་རྩད་ཀྱང་གནང་འདུག

དོན་གྲུབ་གླིང་དང་སིམ་ལ་གཉིས་དབར་ ༢༠༢༢ ལོའི་༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་མཐའ་མའི་འགྲན་བསྡུར་གནང་རྒྱུ།

རྒྱ་གར་བྱང་ཕྱོགས་ཁུལ་གྱི་རྩེད་འགྲན་རུ་ཁག་ ༡༦ དབར་ཉིན་གྲངས་ ༡༤ ལྷག་རྐང་རྩེད་སྤོ་ལོའི་འགྲན་རྩོད་གནང་སྟེ། ཁ་སང་ཕྱི་དྲོ་རྩེ་ཕུད་རུ་ཁག་བཞིའི་དབར་འགྲན་རྩོད་གནང་མཐར་དོན་གྲུབ་གླིང་གཞིས་ཆགས་དང་། སིམ་ལ་རུ་ཁག་གཉིས་འདི་ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་མཐའ་མའི་འགྲན་རྩོད་ནང་ཚུད་ཡོད་པ་རེད། འདི་ག་ཧི་མཱ་ཅལ་མངའ་སྡེའི་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ཁ་སང་ཕྱི་དྲོ་གཟིགས་མོ་བ་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་བྱུང་བའི་ཁྲོད་ ༢༠༢༢ ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་རྩེད་སྤོ་ལོའི་རྩེ་ཕུད་རུ་ཁག་བཞིའི་དབར་འགྲན་རྩོད་གནང་ཡོད། ཁ་སང་ཕྱི་དྲོ་ཚོུད་ ༥༌༣༠ རྩེད་འགྲན་དང་པོ་དེར་ Clement Town དོན་གྲུབ་གླིང་གཞིས་ཆགས་དང་དྷ་ས་རུ་ཁག་དབར་རྩེད་འགྲན་གནང་སྟེ་སྤོ་ལོ་གཅིག་དང་ཀླད་ཀོར་གྱི་ཐོག་ནས་དོན་གྲུབ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད། རྩེད་འགྲན་དེའི་སྐབས་སྐར་མ་ ༤༠ རེ་བྱས་ཏེ་ཁྱོན་དུས་བཅད་ཀྱི་སྐར་མ་ ༨༠ ནང་རུ་ཁག་གཉིས་ཀའི་ངོས་ནས་སྤོ་ལོ་བླུག་ཐབས་བྱས་ཡོད་ཀྱང་ཕྱོགས་གཉིས་ཀྱི་སྒོ་རགས་པ་ཡག་པོ་ཡོད་རྐྱེན་སྤོ་ལོ་གཅིག་རྐྱང་བླུག་ཐུབ་མེད་པ་དང་། དེ་རྗེས་སྐར་མ་བཅུ་རེ་བྱས་ཏེ་སྐར་མ་ ༢༠ འི་དུས་ཚོད་འཕར་མ་གནང་བའི་ནང་དོན་གྲུབ་གླིང་རུ་ཁག་གིས་སྤོ་ལོ་བླུགས་ཡོད། སྐར་མ་བཅུ་ཅན་གཉིས་པའི་ཐོག་དྷ་ས་རུ་ཁག་ལ་ Penalty འམ་ཐད་ཀར་སྤོ་ལོ་བླུགས་རྒྱུའི་གོ་སྐབས་ཕུལ་ཡོད་ཀྱང་། སྤོ་ལོ་བླུག་མ་ཐུབ་པར་ཁ་སང་གི་རྩེད་འགྲན་དང་པོ་དེའི་རྒྱལ་ཁ་དོན་གྲུབ་གླིང་གཞིས་ཆགས་ལ་ཐོབ་ཡོད། དྷ་སའི་རུ་ཁག་གི་ངོས་ནས་དུས་བཅད་སྐར་མ་ ༨༠ རིང་སྤོ་ལོ་བླུག་ཐབས་འབད་བརྩོ་གང་ཐུབ་གནང་ཡོད་པ་མ་ཟད། དེ་རྗེས་སྐར་ ༡༠ རེའི་དུས་ཚོད་འཕར་མའི་ནང་ལ་འབད་བརྩོན་གང་ཡོང་གནང་ཡོད་པ་རེད། འོན་ཏང་རྩེད་འགྲན་ཁྲོད་རུ་ཁག་གཅིག་རྒྱལ་བ་དང་གཞན་དེ་ཕམ་རྒྱུ་ནི་ཆོས་ཉིད་ལས་མ་འདས་སྟབས། དྷརྨ་ས་ལའི་རུ་ཁག་ལ་ཐད་ཀར་སྤོ་ལོ་བླུགས་རྒྱུའི་གོ་སྐབས་ཕུལ་ཡོད་ཀྱང་མཐར་ཤོར་སོང་།

Latest news