Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2022

བོད་དེ་རིགས་ལམ་ཐོག་ནས་སློབ་གཉེར་གནང་མཁན་ནང་པའི་ཡུལ་གྲུ་ཁྲོད་གཅིག་པོ་དེ་ཡིན་པར་བཀའ་སྩལ་འདུག

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་ལམ་སློབ་གཉེར་ཁང་གི་ཕར་ཕྱིན་དང་དབུ་མ་རབ་འབྱམས་པ། རིས་མེད་དགེ་བཤེས་བཅས་ཀྱི་སློབ་ཐོན་པ་རྣམས་ལ་མཇལ་ཁ་སྩལ་བ་དང་སྦྲགས།  མགོན་པོ་༸གང་ཉིད་མཆོག་གིས་བོད་དེ་རིགས་ལམ་ཐོག་ནས་སློབ་གཉེར་གནང་མཁན་ནང་པའི་ཡུལ་གྲུ་ཁྲོད་གཅིག་པོ་དེ་ཡིན་སྐོར་བཀའ་སྩལ་འདུགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་དེ་རིང་ཁ་སང་གི་འཛམ་གླིང་འདི་ཕན་ཚུན་དབར་འབྲེལ་བ་བྱེད་པར་དེ་སྔ་དང་མིན་འདྲ་བ་འབྲེལ་འདྲིས་སླ་རུ་ཕྱིན་ཡོད་པ་དང་། ཕན་ཚུན་འབྲེལ་བ་མྱུར་པོ་དང་ཤུགས་ཆེ་རུ་ཕྱིན་པའི་ཁྲོད་འདིར་བར་སྐབས་བོད་ཀྱི་ནང་ཆོས་དེ་ཉིད་རིགས་ལམ་གྱི་ཐོག་ནས་འགྲེལ་བརྗོད་གནང་རྒྱུ་ཡོད་པར་དོ་སྣང་གནང་མཁན་མང་དག་ཅིག་ཡོང་བཞིན་པ་དང་། སྤྱིར་ཆབ་སྲིད་ཀྱི་ཐོག་ནས་རྒྱ་མི་གུང་ཁྲན་གྱིས་བོད་ལ་དབང་བསྒྱུར་བྱས་ཏེ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། བོད་མིའི་བསམ་བློར་བསྒྱུར་བ་གཏང་ཐུབ་ཀྱི་མེད་པས། བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་སངས་རྒྱས་པའི་ཆོས་དང་ངོས་ལ་དད་པ་དམ་ཚིག་གཡོ་བ་མེད་པ་དང་བརྟན་པོ་ཡོད་ཅེས་བཀའ་སྩལ་ཏེ། ལྷག་དོན་བོད་དེ་རིགས་ལམ་ཐོག་ནས་སློབ་གཉེར་གནང་མཁན་ནང་པའི་ཡུལ་གྲུ་ཁྲོད་གཅིག་པོ་དེ་ཡིན་པར་བཀའ་སྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་ནི་རིགས་ལམ་ཐོག་ནས་དགོངས་པ་བཞེས་རྒྱུ་ཡོད་པ་དང་། རང་ཉིད་ཀྱི་གཤིས་རྒྱུད་ལ་ཚུར་སྦྱར་ཡོང་སྐབས་བྱམས་སྙིང་རྗེ་དང་སྟོང་ཉིད་ཀྱི་ལྟ་བའི་ཐོག་ཏུ་དབབ་རྒྱུ་ཡོད་སྟབས། བོད་གངས་ཅན་པའི་སངས་རྒྱས་པའི་ཆོས་དེ་ནི་འཛམ་གླིང་གི་གཅེས་ནོར་ཆགས་ཡོད་སྐོར་བཀའ་སྩལ་འདུག་ལ། ལྷག་པར་དེ་རིང་ཁ་སང་འཛམ་གླིང་ནང་ཕྱིའི་དངོས་པོ་ཡར་རྒྱས་ཁོ་ན་མ་གཏོགས་སེམས་ཁམས་རིག་པའི་སྐོར་ལ་དེ་ཙམ་བཤད་མཁན་མེད་པས། བློ་འདུལ་ཐབས་སོགས་ཀྱི་ཐད་བོད་གངས་ཅན་ལྗོངས་ལ་ཡོད་པའི་གཞུང་ཆེན་དག་ལ་སློབ་གཉེར་གནང་ན་ཕན་ཐོགས་ངེས་ཡིན་པར་ལམ་སྟོན་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་བར་སྐབས་བོད་ལ་གྲུབ་མཐའི་འཐེན་འཁྱེར་ཏོག་ཙམ་ཡོང་གི་འདུག་པས་དེ་ནི་བློ་ཆུང་ཕན་བཏགས་ཡིན་པ་དང་། ༸གོང་ས་མཆོག་ལ་ཆ་མཚོན་ན་ས་སྐྱ་དང་བཀའ་བརྒྱུད། རྙིང་མ་བཅས་རིས་མེད་ཀྱི་གཞུང་རྣམས་ཞོར་དུ་གཟིགས་ཀྱི་ཡོད་པ་དང་། གཙོ་ཆེ་ཤོས་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱིས་གཙོས་པའི་རྒྱ་གར་མཁས་པའི་གཞུང་རྣམས་གཙོ་བོར་གཟིགས་ཀྱི་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག་ཁྱེད་རང་ཚོས་ཀྱང་དེ་ལྟར་དགོངས་པ་བཞེས་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་ས་བོན་དེ་གཅེས་འཛིན་གྱིས་གོང་འཕེལ་གཏོང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་ Denmark རྒྱལ་ཁབ་ནས་ཕེབས་པའི་དགེ་སློབ་ཁག་གཅིག་ལ་མཇལ་ཁ་སྩལ་བ་དང་སྦྲགས་ཏེ། སེམས་པ་བཟང་པོ་གནང་གལ་ཡིན་པ་དང་དེ་ལྟར་གནང་བའི་ཕན་ཡོན་ཇི་ཡོད་སོགས་ལམ་སྟོན་མཛད་འདུགཁ་སང་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཌེན་མག་ནང་རྟེན་གཞི་བྱས་པའི་ Hojskolendk མཐོ་རིམ་སློབ་གཉེར་ཁང་ནས་བཞུགས་སྒར་དུ་ཡོད་པའི་བོད་ཀྱི་རིག་གཞུང་གི་བསྟི་གནས་ཁག་ལ་གཟིགས་སྐོར་དང་ཚོགས་པ་ཁག་ལ་དང་བླངས་ཞབས་ཞུ་སླད་ཕེབས་པའི་དགེ་སློབ་རྣམས་ལ་དམིགས་བསལ་མཇལ་ཁ་སྩལ་སྐབས་ཁོང་ཁྲོ་དང་ཞེ་སྡང་། ཕྲག་དོག དེ་བཞིན་དངངས་སྐྲག བློ་དོགས་སོགས་ཀྱི་ཆ་དེ་དག་ལ་ཡང་དག་པའི་གཞི་རྟེན་དང་ཕན་ཐོགས་གང་ཡང་མེད་སྟབས། ང་ཚོས་སེམས་པ་བཟང་པོ་དང་བྱམས་པ། སྙིང་རྗེ་བཅས་ཉམས་ལེན་གནང་རྒྱུ་དེ་ནི་ཡང་དག་པའི་གཞི་རྟེན་དང་དགོས་པ་དམིགས་བསལ་བ་ཞིག་ལྡན་ཡོད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག སེམས་པ་བཟང་པོ་དང་བྱམས་སྙིང་རྗེ་ཉམས་ལེན་གནང་ཚེ་རང་ཉིད་ཀྱི་སེམས་ལ་ཞི་བདེ་དང་གཉིད་ཁུག་སྐབས་གཉིད་ཀྱང་སྐྱིད་པ་ཁུག་ཐུབ་པར་མ་ཟད་ཁོང་ཁྲོ་དང་ཞེ་སྡང་སོགས་ཉོན་རྨོངས་པའི་ཆ་དེ་དག་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་དགེ་མཚན་ལྡན་སྐོར་བཀའ་སྩལ་ཡོད།བྱམས་སྙིང་རྗེ་ཉམས་ལེན་དང་སེམས་པ་བཟང་པོ་ཞེས་པ་ནི་ངེས་པར་དུ་ཆོས་དད་ཡོད་མཁན་དང་ཆོས་ལ་ཡིད་ཆེས་དགོས་པ་སོགས་ཀྱི་བཀའ་མོལ་ཙམ་མིན་པར་གཙོ་བོ་འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་དང་། དེའང་ཨ་མའི་བྱམས་སྐྱོང་འོག་ནས་འཚར་ལོངས་བྱུང་བ་ཤ་སྟག་ཡིན་སྟབས་སོ་སོའི་རྒྱུད་ལ་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་ས་བོན་དེ་གཅེས་འཛིན་གྱིས་གོང་འཕེལ་དུ་བཏང་སྟེ་དུས་རྟག་ཏུ་སེམས་པ་བཟང་པོ་གནང་དགོས་གལ་ཡིན་པ་མ་ཚད་པར་སྐབས་འགར་རང་ཉིད་ཀྱི་མི་ཚེ་ནང་ངལ་བ་དང་ཁོང་ཁྲོ་བ་སོགས་ཀྱི་གནས་སྐབས་ལ་ཨ་མའི་བྱམས་བརྩེ་ཡིད་ལ་དྲན་ཐུབ་ཚེ་དམིགས་བསལ་གྱི་དགེ་མཚན་ཆེན་པོ་ཡོད་པ་སོགས་ལམ་སྟོན་མཛད་འདུག

ཆབ་སྲིད་བཙོན་ཟུར་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་འདས་གྲོངས་སུ་གྱུར་བ།

ཕྱི་ལོ་ ༢༠༡༢ ལོར་བོད་ཁམས་དཀར་མཛེས་ཁུལ་བྲག་མགོ་རྫོང་ནས་འཛིན་བཟུང་བཙན་ཁྲིད་ཀྱིས་མི་ལོ་དྲུག་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་ཟླ་ ༡༡ ཚེས་ ༡ ཉིན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུགརྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ནས་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། དེ་སྔོན་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ནང་བྲག་མགོ་རྫོང་ཐོག་ཏུ་བོད་མི་སེར་སྐྱ་མང་པོ་ཚང་འཛོམས་ཀྱིས་ཞི་བའི་སྒེར་ལངས་ཀྱི་གནད་དོན་བྱུང་ཡོད་པ་དང་སྐབས་དེར་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་བོད་མི་ཞི་རྒོལ་བར་གང་བྱུང་མེ་མདའ་བརྒྱབ་པའི་ཁྲོད་བོད་མི་ཁག་གཅིག་དེ་གར་དམར་བསད་བཏང་བ་དང་མང་དག་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་པའི་གནད་དོན་བྱུང་ཡོད་པར་མ་ཟད། ཉིན་ཤས་རྗེས་བྲག་མགོ་རྫོང་དུ་ཞིང་ཆེན་དང་ཁུལ་གྱི་ཉེན་རྟོག་པས་གསལ་བཤད་དང་འགྲེལ་བརྗོད་ཅི་ཡང་མེད་པར་ཁྲིན་ཏུ་གྲོང་ཁྱེར་སྒོ་ཆེན་དགོན་པའི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་གཙོས་སློབ་དགེ་དང་རྩིས་པ། དེ་བཞིན་ཚོང་པ་གཅིག་བཅས་འཛིན་བཟུང་བྱས་པའི་ཁོངས་ནས་དགེ་བཤེས་དཔལ་བཟང་ལགས་ཟླ་བ་བཅུ་ལྷག་གི་རིང་ལ་གར་ཡོད་ཤེས་རྟོགས་མེད་པར་གྱུར་རྗེས་ལོ་དེའི་ཟླ་བ་ ༤ ཚེས་ ༢ ཉིན་ཁོང་ལ་བྲག་མགོའི་སེར་སྐྱ་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་སྣེ་ཁྲིད་པའི་ཉེས་མིང་འོག་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱེད་སྐབས་མི་སྤྱོད་ལས་འདས་པའི་མནར་གཅོད་དང་རྡུང་རྡེག་ཚབས་ཆེན་ཡང་ཡང་བཏང་རྐྱེན་བཙོན་ཁང་ནང་ལོ་གསུམ་མ་ཟིན་ཙམ་ནས་ནད་གཅོང་དུ་གྱུར་ཏེ་དུས་ཐོག་ཏུ་སྨན་བཅོས་ཀྱི་གོ་སྐབས་མ་ཐུབ་པ་དང་ཟས་གོས་གནས་མལ་ཧ་ཅང་ཞན་པའི་ཁར་འཕྲོད་བསྟེན་ཞན་པའི་དབང་གིས་ན་ཚ་ཇེ་སྡུག་ཏུ་སོང་བ་སོགས་ངལ་བ་རིམ་འཕྲད་ཀྱིས་མཐར་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༤ ཚེས་ ༢ ཉིན་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཞན་པའི་གནས་བབ་ཐོག་ནས་གློད་བཀྲོལ་བཏང་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༩ ཙམ་གྱི་གོང་ནས་སྔར་གྱི་ནད་རྙིང་རྣམས་འཕེལ་ཞིང་ཁོར་ཡུག་དང་ཆབ་སྲིད་ཀྱི་གནོན་ཤུགས་འོག་སྨན་བཅོས་ཚད་ལྡན་ཞིག་མ་ཐོབ་པའི་དབང་གིས་འདས་གྲོངས་སུ་གྱུར་འདུག རྩ་བའི་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་ལགས་ནི། ཕྱི་ལོ་ ༡༩༦༥ ལོར་བྲག་མགོ་ནོར་བ་རུ་ཕ་དོན་འགྲུབ་བཀྲ་ཤིས་དང་མ་བདེ་དབང་གཉིས་སུ་འཁྲུངས་ཤིང་། ཆུང་དུས་ས་གནས་སློབ་ཆུང་འགྲིམས་ཏེ་བོད་རྒྱ་གཉིས་ཀྱི་ཡིག་རིགས་ལ་སྦྱང་པ་གནང་མྱོང་ཡོད་པ་དང་། རྗེས་སུ་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཏེ་དགོན་པའི་སྒྲིག་འོག་ནས་འདོན་ཆོས་སོགས་ལ་ལེགས་པར་སྦྱང་པ་གནང་བ་དང་། ཕྱི་ལོ་ ༡༩༨༦ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས། སྔ་ཕྱིར་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཞིང་ཕྱི་ལོ་ ༢༠༠༩ ལོར་དགེ་བཤེས་ཀྱི་མཚན་རྟགས་བཞེས་རྗེས་ལོ་དེར་ཕྱིར་རང་ཡུལ་ལ་ཕེབས་ཏེ་བྲག་མགོ་དགོན་པའི་ཕྱི་ནང་གི་ལས་དོན་རྒྱ་ཆེར་གནང་ཞིང་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པའི་ཐུགས་འགན་བཞེས་མྱོང་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༢༢།༡༡།༠༧

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སྟོད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་བཞིན་པའི་དགེ་བཤེས་རྣམས་ལ་བཀའ་སློབ་སྩལ་བ། COP 27 ཚོགས་ཆེན་དབུ་འཛུགས་དང་བོད་ཀྱི་ཁོར་ཡུག་གནད་དོན་ཞུ་གཏུག་གནང་བ། རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དང་གསུང་བཤད་ལས་རིམ་བརྒྱུད་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི། Black Adam ཞེས་པའི་གློག་བརྙན་རྒྱ་ནག་ནང་བཀག་སྡོམ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་ལེ་ཚན། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར། Monday 07/11/2022 Dalai Lama grants audience to 57 Geshes from various schools of Gelug tradition Tibetan delegates meet government officials at COP 27, lobbies for Tibet Climate Protection Tibetans across the world celebrates Prof. Samdhong Rinpoche’s birthday Black Adam reportedly banned in China over Pierce Brosnan's Dalai Lama meeting HISTORY FEATURE: Tsarong Dasang Damdul

༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཆོས་ཐོག་དགེ་བཤེས་དང་སྔགས་རམས་དགེ་བཤེས་རྣམས་ལ་བཀའ་སློབ་སྩལ་བ།

ཁ་ཉིན་རེས་གཟའ་སྤེན་པ་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་བཞིན་པའི་དགེ་བཤེས་དང་སྔགས་རམས་དགེ་བཤེས་བཅས་ཁྱོན་དགེ་བཤེས་ཞལ་གྲངས་  ༥༧ ལ་དམིགས་བསལ་མཇལ་ཁ་སྩལ་སྐབས་དགེ་འདུན་པ་ཚོས་ད་ལྟ་བར་དུ་སློབ་གཉེར་ཧུར་ཐག་གནང་བ་དེ་ནི་ཞེ་དྲགས་ཡག་པོ་རེད་ཅེས་བསྔགས་བརྗོད་མཛད་འདུགསྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཐོག་མར་ང་ཚོའི་གནས་སྟངས་ནི་བཙན་བྱོལ་བ་ཆགས་ཡོད་པ་རེད། ང་ཚོའི་གཞིས་ཆགས་ཆེ་ཁག་ཚུགས་སྐབས་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་སྒར་ཁག་ཏུ་གདན་ས་གསུམ་གསར་རྒྱག་གནང་ཡོད་པ་ལྟར་གདན་ས་ཁག་གི་དགེ་འདུན་པ་ཚོས་ནང་པའི་གཞུང་ཆེན་དག་ལ་སློབ་གཉེར་གནང་སྟེ་དུས་ད་ལྟ་བར་དུ་སློབ་གཉེར་ཧུར་ཐག་གནང་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག་དེ་ནི་ཞེ་དྲགས་ཡག་པོ་རེད་ཅེས་བསྔགས་བརྗོད་མཛད་འདུག དེ་བཞིན་༸གོང་ས་མཆོག་གིས་ཆོས་ཐོག་འགྲིམ་བཞིན་པའི་དགེ་བཤེས་རྣམས་ལ་ང་ཚོ་བོད་ལ་ངོམ་རྒྱུ་ཡོད་པ་ཞིག་ནི་ནང་པ་སངས་རྒྱས་པའི་ཆོས་འདི་རེད་འདུག་ལ། དེ་ནི་རྨོངས་དད་ཙམ་གྱི་རྗེས་སུ་འབྲང་བ་མིན་པར་གཙོ་བོ་གཏན་ཚིགས་རིག་པའི་ཐོག་ནས་ནང་པའི་གཞུང་ཆེན་ཀ་པོད་ལྔ་ལ་སློབ་གཉེར་མཐིལ་ཕྱིན་གནང་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལའང་བསྲེག་བཅད་བརྡར་གསུམ་གྱིས་ལེགས་པར་དཔྱད་རྒྱུའི་ཁྱད་ཆོས་ལྡན་ཡོད་པ་སོགས་བཀའ་སྩལ་འདུག ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་བོད་ལ་ཆ་མཚོན་ན་ཆོས་རྒྱལ་ཚོའི་སྐུ་དུས་ནས་བོད་ཀྱི་སྐད་ཡིག་གསར་གཏོད་དང་རིམ་པས་ནང་པའི་གཞུང་ཆེན་ཁག་བོད་སྒྱུར་གནང་སྟེ་རང་ལུགས་སྲ་བརྟན་མཛད་ཡོད་སྐོར་ངོ་སྤྲོད་མཛད་པ་དང་སྦྲགས། ད་ཆ་ང་ཚོ་བོད་མི་ཚོས་བདག་གཅེས་གནང་བའི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ནི་ཟབ་ཅིང་བརླིང་བའི་གཞུང་ཁྱད་འཕགས་ཅན་ཞིག་ཡོད་སྟབས་ནང་པའི་རྒྱལ་ཁབ་གཞན་ཚོས་འགྲན་ཟླ་འབྲལ་བ་ཞིག་ཆགས་ཡོད་ཅེས་བཀའ་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་བོད་མི་རྣམས་ད་ལྟའི་དུས་སྐབས་འདིར་བཙན་བྱོལ་བའི་གནས་བབ་ཆགས་ཡོད་ཀྱང་། སེམས་ཁམས་རིག་པའི་རྣམ་གཞག་ཐོག་འགྲེལ་བརྗོད་གཏིང་ཟབ་གནང་ཐུབ་མཁན་དེ་ང་ཚོ་བོད་མི་ཚོ་ཆགས་ཡོད་པར་བརྟེན་ང་ཚོ་བོད་མི་ཚོའི་སེམས་ཁམས་རིག་པའི་ཤེས་ཚད་དྲག་ཤོག་ཆགས་ཡོད་ཅེས་བཀའ་སྩལ་བ་དང་། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལ་སློབ་གཉེར་གྱི་གོ་སྐབས་ཐོབ་ཡོད་པ་དང་ལྷག་པར་དུ་གདན་ས་ཁག་གི་དགེ་འདུན་པ་ཁྱེད་རང་ཚོས་སྤོབས་པ་དང་བཅས་ཏེ་མུ་མཐུད་སློབ་གཉེར་གནང་དགོས་ཞེས་བཀའ་སྩལ་འདུག ༸གོང་ས་མཆོག་གིས་དེང་སྐབས་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་ནང་ལ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། འཛམ་གླིང་ཤར་ནུབ་ཁག་གི་ཚན་རིག་མཁས་པ་ཚོའི་ཁྲོད་ནས་ཀྱང་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས་ད་ལྟའི་སྐབས་འདིར་ང་ཚོར་གོ་སྐབས་གསར་པ་ཡོད་པར་བརྟེན་དགེ་བཤེས་ཁྱེད་རང་ཚོས་སེམས་ཤུགས་བསྐྱེད་དེ་ནང་ཆོས་ཐོག་སློབ་གཉེར་གྱིས་ཉམས་པ་སོར་ཆུད་གནང་གལ་ཡིན་པར་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ཟབ་བརླིང་མུ་མེད་པའི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་ཤེས་ཡོན་གྱི་སྡེ་ཚན་གཞན་དང་འགྲན་ནུས་པའི་སྒྲོམ་གཞི་ལྟ་བུ་བསྐྲུན་ཡོད་སྟབས་དགེ་བཤེས་ཚོའི་ངོས་ནས་མཇུག་སྐྱོང་གནང་གལ་ཆགས་ཡོད་པ་དང་དེ་ལྟར་ཡོང་ཐབས་སུ་སེམས་བསྐྱེད་དགོས་ཞེས་བཀའ་སྩལ་འདུག གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཐུགས་གཏན་ཁེལ་ཁག་ལ་གཞིགས་ན། ཟླ་བ་འདིའི་ཚེས་ ༢༥ དང་ཚེས་ ༢༦ བཅས་ཉིན་གཉིས་རིང་ཀོ་རི་ཡའི་ནང་པའི་རྗེས་འཇུག་པ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། དེ་བཞིན་ཕྱི་ཚེས་ ༣༠ ༸དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཐུན་མོང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་འདུག

COP 27 ཚོགས་ཆེན་དབུ་འཛུགས་དང་བོད་ཀྱི་ཁོར་ཡུག་གནད་དོན་ཞུ་གཏུག་གནང་བ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་ཉི་ཤུ་རྩ་བདུན་པ་ཚོགས་པ་དང་བསྟུན་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་དང་ལས་འགུལ་བ་བཅས་ལས་གྲུབ་པའི་རུ་ཁག་ཞིག་གིས་བོད་ཀྱི་ཁོར་ཡུག་གནད་དོན་དང་འབྲེལ་བའི་ཞུ་གཏུག་ལས་འགུལ་སྤེལ་བཞིན་འདུགཁ་སང་ཚེས་ ༦ ཉིན་Eygpt རྒྱལ་ཁབ་ཀྱི་གྲོང་ཁྱེར་ Sharm El Sheikh ནང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ COP 27 ཞེས་པའི་ཁོར་ཡུག་ལྷན་ཚོགས་དབུ་འཛུགས་གནང་བའི་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་ ༡༢༠ ལྷག་གི་དབུ་ཁྲིད་དང་སྐུ་ཚབ་སོགས་ཁྱོན་གནད་ཡོད་མི་སྣ་ཁྲི་ཚོ་ལྷག་ལྷན་འཛོམས་གནང་ཡོད་པར་མ་ཟད། བོད་མིའི་ཁྲོད་ནས་དངོས་སུ་མཉམ་ཞུགས་གནང་ཐུབ་མཁན་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་པདྨ་སྒྲོལ་མ་ལགས། ཨེ་ལིངྣ་ལགས། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་བཅས་ཆགས་ཀྱི་འདུག ཁ་སང་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དངོས་སུ་དབུ་འཛུགས་གནང་བ་དང་བསྟུན། བོད་མིའི་སྐུ་ཚབ་རྣམས་ཀྱིས་སྐབས་དེར་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཕྱག་ལས་གནང་མཁན་ཁག་གཅིག་གིས་གོ་སྒྲིག་གནང་བའི་ཚོགས་འདུ་ཐོག་མཉམ་ཞུགས་གནང་སྟེ་བོད་མཐོ་སྒང་གི་ཁོར་ཡུག་དང་གནམ་གཤིས་གནས་སྟངས་ཀྱི་གལ་གནད། ལྷག་དོན་རྒྱ་ནག་གི་བཙན་འཛུལ་འོག་བོད་ཀྱི་ཁོར་ཡུག་ལ་གནོད་འཚེ་ཕོག་པའི་གནད་དོན་ཁག་གི་ཐོག་གཏམ་བཤད་གནང་བ་དང་ཆབས་ཅིག་ཁོར་ཡུག་གནད་དོན་ཐོག་ཕྱག་ལས་གནང་མཁན་རྒྱལ་ཚོགས་ཀྱི་སྐུ་ཚབ་ཁག་གཅིག་དང་རྒྱ་གར་དབུས་གཞུང་གི་ཁོར་ཡུག་བློན་ཆེན་སྐུ་ཞབས་ Bhunpender Yadav མཆོག་བཅས་ལ་ཞུ་གཏུག་ཡིག་ཆ་ཕུལ་འདུགརྩ་བའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོི་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་ཉི་ཤུ་རྩ་བདུན་པ་ཁ་སང་ནས་ཚེས་ ༡༨ བར་ཉིན་གྲངས་ ༡༢ རིང་ཚོག་ཀྱི་ཡོད་པ་དང་བསྟུན་སང་ཉིན་བོད་མིའི་སྐུ་ཚབ་ཀྱི་ངོས་ནས་ཁུལ་དེའི་ Regency མགྲོན་ཁང་ནང་དུ་ཁོར་ཡུག་ཐོག་གི་གཏམ་བཤད་ལས་རིམ་ཞིག་ཐོག་མཉམ་ཞུགས་གནང་རྒྱུ་གཙོས་དེ་ནས་ཚེས་ ༡༢ དང་ ༡༦ བཅས་ལའང་ COP 27 ཚོགས་འདུ་འཚོག་ཡུལ་དེ་ཉིད་ཀྱི་ཚོགས་ཁང་ཆེན་མོ་ཞིག་ནང་ཚོགས་པ་ཁག་ཅིག་གིས་གོ་སྒྲིག་གནང་རྒྱུའི་ཁོར་ཡུག་ཚོགས་འདུ་འདྲ་མིན་གཉིས་ནང་མཉམ་ཞུགས་ཀྱིས་བོད་ཀྱི་ཁོར་ཡུག་གནད་དོན་སྐོར་གཏམ་བཤད་དང་ཞུ་གཏུགས་གང་མང་གནང་རྒྱུ་རེད་འདུག

༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི།

ཕྱི་ཟླ་ ༡༡ ཚེས་ ༥ ཉིན་བཀའ་ཁྲི་ཟུར་པ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན་རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རིན་པོ་ཆེ་༸གང་ཉིད་མཆོག་གི་དགོངས་གཞི་དང་མཛད་རྗེས་ལ་ཆེ་བསྟོད་ཀྱིས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དང་གསུང་བཤད་ལས་རིམ། དེ་བཞིན་བོད་ཀྱི་ལེགས་བྱང་ཉིན་མོ་བཅས་རྣམ་པ་འདྲ་མིན་ཐོག་ནས་༸སྐུའི་འཁྲུངས་སྐར་དུས་སྟོན་སྲུང་བརྩི་ཞུས་ཡོད། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་ཝཱ་ཎ་སློབ་ཟུར་ཚོགས་པས་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་དུ་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན། ཁ་སང་ཕྱི་ཚེས་ ༦ ཉིན་བོད་དང་ཧི་མཱ་ལ་ཡའི་ཆོས་དང་ལེགས་བྱང་། སྐད་ཡིག ལོ་རྒྱུས་ཞིབ་འཇུག་ཐོག་ཝཱ་ཎ་སློབ་ཟུར་བ་རྣམས་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་ཚོགས་ཡོད་པ་དང་། དབུ་འབྱེད་མཛད་སྒོ་ཐོག་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུས་གཙོས། དགེ་ལས་སློབ་གཉེར་བ་རྣམས་དང་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་བགྲོ་གླེང་པ། སློབ་ཟུར་ས་གནས་རྒྱུན་ལས་འབྲེལ་མཐུད་པ་སོགས་ལྷན་ཞུགས་གནང་བའི་ཐོག་རིན་པོ་ཆེ་༸གང་ཉིད་མཆོག་གིས་བླང་དོར་བཀའ་སློབ་ལམ་སྟོན་སྩལ་བར་མ་ཟད་སློབ་ཟུར་རྣམས་ཀྱི་དཔྱད་རྩོམ་ཕྱག་དེབ་དབུ་འབྱེད་གནང་ཡོད།ཐེངས་འདིའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་གཉིས་པ་དེ་ནང་དོན་རིག་པའི་བརྗོད་གཞིའི་ཐོག་གསུང་བཤད་པ་བཅུས་སོ་སོའི་བརྗོད་གཞི་ཐོག་གཏམ་བཤད་དང་། བསྒྱུར་དང་བྱུང་རབས་སྐོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་པ་དགུས་གཏམ་བཤད་དང་དྲི་བ་དྲིས་ལན། དེ་བཞིན་རིག་གནས་སྤྱིའི་རྣམ་གཞག་གི་བརྗོད་གཞིའི་ཐོག་གཏམ་བཤད་པ་དགུས་གཏམ་བཤད་དང་དྲི་བ་དྲི་ལན་བཅས་གནང་སྟེ་བགྲོ་གླེང་ཚོགས་འདུ་ཚོགས་ཡོད་པ་རེད།གཞི་རྩའི་ཝཱ་ན་སློབ་ཟུར་ཚོགས་པས་ཐེངས་འདིར་རིན་པོ་ཆེ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན་ཉིན་གྲངས་གསུམ་རིང་གི་མཛད་རིམ་གོ་སྒྲིག་ཞུས་ཡོད་པ་དང་། ཉིན་གྲངས་གསུམ་གྱི་མཛད་རིམ་ཁྲོད་ཕྱི་ཚེས་ ༤ ཉིན་རིན་པོ་ཆེ་མཆོག་ནས་བྱང་ཆུབ་ལམ་སྒྲོན་ལས་བསྟན་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་བཀའ་ཆོས་དང་། ཕྱི་ཚེས་ ༥ ཉིན་མོར་རིན་པོ་ཆེ་མཆོག་ལ་མདོ་ལུགས་ཀྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་དང་གསོལ་ཚོགས་བཅས་ཕུལ་ཡོད།རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་མོར་དྷ་ས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྐུ་མགྲོན་གཙོ་བོའི་ཐོག་ནས་ཆེད་ཕེབས་དང་སྦྲགས་ཏེ་རིན་པོ་ཆེ་མཆོག་གིས་༸སྐུ་ན་ཕྲ་མོའི་སྐབས་ནས་སྤྱི་ཚོགས་ལ་ཕན་པའི་ཕྱག་ལས་ཇི་གནང་ཁག་ངོ་སྤྲོད་ཀྱིས་རིན་པོ་ཆེ་མཆོག་ཌལ་ཧོར་གཏན་སློབ་ཀྱི་སློབ་སྤྱི་གནང་སྐབས་གཞོན་སྐྱེས་ཀྱི་གྲོས་ཚོགས་སམ་ Youth Parliament ཞེས་པ་སྲོལ་གཏོད་པ་དང་དེ་བཞིན་རིན་པོ་ཆེ་མཆོག་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་གནང་སྐབས་རྒྱ་གར་གྱི་གཙུག་ལག་སློབ་ཁང་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་ཡོད་པ་སོགས་གསུངས་ཡོད།དེ་བཞིན་དེ་རིང་སྔ་དྲོ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་ཀྱིས་རྒྱ་སྐད་ཀྱི་༸སྐུའི་གསུང་བསྒྱུར་བ་འཇམ་དབྱངས་རིན་ཆེན་ལགས་དང་ཧིཾ་དིའི་༸སྐུའི་གསུང་བསྒྱུར་བ་ Kailash Bauddha ལགས་རྣམ་གཉིས་ཀྱིས་རྒྱ་རིགས་ན་གཞོན་གྱིས་བོད་ཀྱི་རིག་གཞུང་ལ་གཟིགས་ཕྱོགས་དང་བོད་མི་ཚོས་ནང་ཆོས་ཐོག་སློབ་གཉེར་གནང་གལ་སྐོར། དེ་བཞིན་༸གོང་ས་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་ལས་རྒྱ་གར་གནའ་བོའི་རིག་གནས་བསྐྱར་གསོ་བཅས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་དང་བགྲོ་གླེང་གནང་ཡོད།ཁེ་ན་ཌར་ཁེ་ན་ཌའི་ཝཱ་ཎའི་སློབ་ཟུར་མཐུན་ཚོགས་དང་གངས་ལྗོངས་ཆོས་ལྡན་གླིང་ཟུང་སྦྲེལ་གྱིས་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་མོ་དེ་བོད་ཀྱི་ལེགས་བྱང་ཉིན་མོ་ཞེས་སྲུང་བརྩི་དང་འབྲེལ་ཕྱི་རྒྱལ་དུ་འཚར་ལོངས་འབྱུང་བཞིན་པའི་བོད་རིགས་བྱིས་པ་དང་གཞོན་སྐྱེས་རྣམས་ལ་རང་གི་སྐད་དང་ལེགས་བྱང་མི་ཉམས་རྒྱུན་འཛིན་དང་འབྲེལ་བའི་ཕྲད་བཞིན་པའི་དཀའ་ངལ་དང་གདོང་ལེན་གནང་ཐབས་ཞེས་པའི་བརྗོད་གཞི་ཐོག་ཕ་མ་བུ་ཕྲུག་ཁག་གཅིག་གདན་ཞུས་ཀྱིས་བགྲོ་གླེང་ལས་རིམ་ཞིག་ཀྱང་ཚོགས་ཡོད་པ་དང་། རིན་པོ་ཆེ་༸གང་ཉིད་མཆོག་གིས་དེ་འབྲེལ་བརྙན་པར་བརྒྱུད་བཀའ་སློབ་ཞིག་ཀྱང་སྩལ་འདུག

རེས་གཟའ་ཉི་མ། ༢༠༢༢།༡༡།༠༦

ཉན་པ།: Listen ཕབ་ལེན། Download འདས་པའི་དུས་ཡུན་ལ་ཕྱིར་མིག་དང་ད་ལྟའི་གནས་བབ། Sunday 06/11/2022 Institution in focus: Tibetan Homes Foundation and Sakya College

རེས་གཟའ་སྤེན་པ། ༢༠༢༢།༡༡།༠༥

ཉན་པ།: Listen ཕབ་ལེན། Download ཞི་ཅིན་ཕིང་གི་མི་གཅིག་དབང་འཛིན་གཞུང་འཛིན་གསར་པའི་འོག་བོད་དང་རྒྱལ་སྤྱིའི་གནས་བབ། Saturday 05/11/2022 What Xi 2.0 means for Tibet and the rest of the world

Latest news