Tibetan Royal Year of 2151 | Year of the Wood Dragon

བོད།

མཛོད་དགེ་སོག་ཚང་དགོན་པའི་དགེ་འདུན་པ་གཉིས་ལ་ལོ་ལྔའི་ཁྲིམས་ཆད་བཏང་འདུག

སྤྱི་ལོ་ ༢༠༡༦ ལོར་རྒྱ་གཞུང་གིས་འཛིནབཟུང་བཙན་ཁྲིད་བྱས་ཏེ་ད་བར་གར་ཡོད་ཆ་མེད་དུ་གྱུར་པའི་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་བཀྲིས་ཐེག་མཆོག་གླིང་དགོན་པའི་དགེ་འདུན་པ་དགེ་འདུན་གྲགས་པ་ལགས་དང་། བློ་བཟང་ཤེས་རབ་ལགས་གཉིས་ལ་ཉེ་ཆར་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༧ ཡས་མས་ཤིག་ལ་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ས་ཁུལ་ཟེར་བའི་རྒྱལ་རོང་ཁྲོ་ཆུ་རྫོང་དུ་རྒྱ་གཞུང་གིས་ཁྲིམས་ར་ཚོགས་ཏེ་དགེ་འདུན་པ་ཁོང་གཉིས་ལ་རྒྱལ་ཁབ་ཁ་བྲལ་དང་ཕྱི་ཕྱོགས་སུ་འབྲེལ་བ་གནང་པའི་ཉེས་མིང་འོག་གྲྭ་གྲགས་པ་ལགས་ལ་ལོ་ལྔ་བཙོན་འཇུག་དང་། གྲྭ་བློ་བཟང་ཤེས་རབ་ལགས་ལའང་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་ཡོད་མཁན་འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་དོན། ཁོང་གཉིས་ལ་ཁྲིམས་ཐག་གཅོད་པའི་ཉིན་དེར་ཁྲིམས་རའི་ནང་དོ་བདག་སྒེར་གྱི་ཁྲིམས་རྩོད་པ་ཁྲིད་པ་དང་དག་སེལ་གྱི་སྐད་ཆ་གང་ཡང་ཤོད་མ་བཅུག་པ་མ་ཟད། ཕ་མ་སྤུན་མཆེད་དང་ཐུག་འཕྲད་བྱེད་མ་བཅུག་པ་དང་། ཁྲིམས་ར་དངོས་སུ་ཚོགས་སྐབས་ཁྲིམས་རའི་ནང་ཟུར་ཉན་འགྲོ་མཁན་རྣམས་ལ་དམ་དྲག་ནན་པོ་བྱས་ཡོད་པ་གསུངས་སོང་། གཞི་རྩའི་གོང་གསལ་དགེ་འདུན་པ་གཉིས་ནི་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༤ ཉིན་གྱི་མཚན་མོར་རྒྱ་གཞུང་གི་ཉེན་རྟོག་མི་སྣས་དགོན་པའི་གྲྭ་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། སྐབས་དེར་རྒྱུ་མཚན་སོགས་གང་ཡིན་གསལ་བཤད་བྱས་མེད་པ་རེད་འདུག གྲྭ་བློ་བཟང་ཤེས་རབ་ལགས་འཇུ་བཟུང་སྐབས་མི་ལྔ་དྲུག་ཞིག་གིས་མར་མནན་ཏེ་ཡར་ལངས་མ་བཅུག་པ་དང་། གདོང་ལ་མེ་མདའ་བཙུགས་ནས་ཤག་རོགས་ལ་འཇིགས་སྐུལ་སོགས་ཀྱང་བྱས་ཡོད་པ་རེད་འདུག དེ་བཞིན་གྲྭ་གྲགས་པ་ལགས་ནི་དགུང་ལོ་ ༤༠ ཙམ་ཡིན་པ་དང་། འཛིན་བཟུང་མ་གནང་གོང་ལ་སོག་ཚང་དགོན་པའི་གཞུང་གཉེར་བ་ཡིན་འདུག བློ་བཟང་ཤེས་རབ་ལགས་ནི་ད་ལྟ་དགུང་ལོ་ ༣༦ ཙམ་སོན་ཡོད་པ་དང་། འཛིན་བཟུང་མ་གནང་སྔོན་ལ་དགོན་པའི་ཚོང་ཁང་གི་དོ་དམ་བྱེད་མཁན་ཡིན་འདུག

རྒྱ་གཞུང་ནས་གསེར་ཁའི་གྲོང་མི་༡༧ཙམ་ལ་ཉེས་བརྡུང་ཚབས་ཆེན་བཏང་ནས་གཅིག་གི་སྲོག་ལ་ཉེན་ཁ་བཟོས་འདུག

བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཏེ་ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་བོད་ཁམས་དཀར་མཛེས་རྫོང་ཉེན་རྟོག་པས། ཁུལ་དེའི་གསེར་ཁ་གྲོང་གི་མང་ཚོགས་ངོ་རྒོལ་བ་རྣམས་ལ་བཅར་བརྡུང་དྲག་པོ་བཏང་ནས་བོད་མི་ ༡༧ ཙམ་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་མ་ཟད། གཅིག་གི་རྩིབ་མ་བཞི་བཅག་ཡོད་པ་དང་གཅིག་གི་སྲོག་ལ་ཉེན་ཁ་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ལ་བོད་མི་ཞིག་གིས་གནས་ཚུལ་བྱུང་རིམ་ངོ་སྤྲོད་གནང་དོན། གསེར་ཁའི་གྲོང་མི་མང་ནས་རྒྱ་མིའི་ཉེན་རྟོག་པ་དང་དམག་མིར་ལ་ངོ་རྒོལ་བྱེད་པའི་གནས་ཚུལ་དེ་ལྷག་དགོས་དོན་ནི། དང་པོ་རྒྱ་གཞུང་མི་སྣ་དེ་ཚོས་གྲོང་དེའི་ཉེ་འགྲམ་དུ་ཡོད་པའི་ས་གནས་མང་ཚོགས་རྣམས་དུས་ཡུན་རིང་པོ་ཞིག་ནས་སྤྲོ་སྐྱིད་གཏོང་ས་ཐང་ག་ཆེན་པོ་ཞིག་ཡོད་པ་དེར་བཙན་དབང་གིས་ཞིང་རྨོས་བྱེད་མགོ་ཚུགས་ནས་འཕྲོག་རྩིས་བྱེད་སྟབས། གསེར་ཁའི་མང་ཚོགས་ནས་དེ་ལ་གདོང་ལེན་གནང་འདུག མང་ཚོགས་ཀྱི་ངོ་རྒོལ་བྱེད་པའི་སྐབས་དམག་མི་རླུངས་འཁོར་གཉིས་སྐད་བཏང་ནས་བཅར་རྡུང་ཧ་ཅང་དྲག་པོ་བཏང་བཅུག་འདུག་པས་ཁག་ཅིག་ད་དུང་ཡང་སྨན་ཁང་དུ་ལུས་ཡོད་མ་ཟད། ཛ་དྲག་ཆེ་བ་གཅིག་ལ་བོད་མི་གཅིག་གི་སྲོག་ལ་ཉེན་ཁ་བཟོས་ཡོད་པ་རེད་འདུགསྐབས་དེར་རྒྱ་གཞུང་ཉེན་རྟོག་པ་དང་དམག་མིས་བོད་མི་ཚོའི་ཁ་པར་བཙན་འཕྲོག་བྱེད་ནས་དེ་མུར་བཅག་ཡོད་སྟབས། སྐབས་དེའི་བརྙན་པར་སོགས་རྩ་བ་ནས་རག་ཐབས་མེད་པ་མ་ཟད། ས་གནས་སུ་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་པའི་རྐྱེན་གྱིས་རྨས་སྐྱོན་ཕོག་མཁན་དང་ཛ་དྲག་འོག་ཡོད་མཁན་གྱི་མིང་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག ལྷག་པར་དུ་རྒྱ་གཞུང་གི་མི་སྣས་གསེར་ཁའི་མང་ཚོགས་ལ་ཐེངས་འདིའི་གནས་ཚུལ་སྐོར་ལ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱེད་ཚེ་སྲིད་གཞུང་ལ་གྲོང་མི་སོ་སོའི་ཁ་པར་ཨང་གྲངས་ཆ་ཚང་ཡོད་པ་དེ་ཞིབ་དཔྱད་ཀྱིས་ནང་མི་ཚང་མ་ལས་སླ་པོ་བཞག་རྒྱུ་མིན་པའི་ཉེན་བརྡ་བཏང་འདུག རྩ་བའི་གསེར་ཁའི་གྲོང་དེ་ནི་དཀར་མཛེས་རྫོང་ནས་སྤྱི་ལེ་ ༡༥ ཙམ་གྱི་སར་ཆགས་འདུག་པ་དང་། གྲོང་ཚོ་དེའི་ཁྱིམ་ཚང་ ༥༠ ཙམ་འདུག་པ་དང་འཚོ་རྟེན་གཙོ་བོ་ཞིང་ལས་རང་ཆགས་ཀྱི་འདུག

རྒྱ་གཞུང་ནས་མང་རའི་འབྲོག་སྡེ་ཁག་ལ་དཀའ་ངལ་འཕར་མ་ཞིག་བཟོས་འདུག

བོད་ནང་གི་འབྲོག་སྡེ་རྣམས་དེ་རིང་སང་ཉིན་དབྱར་སར་འགྲོ་བཞིན་པའི་དུས་མཚམས་འདིར་རྒྱ་ནག་སྲིད་གཞུང་གིས་རྩྭ་ཕྱུགས་དོ་མཉམ་གྱི་བྱ་བ་ལེགས་པར་གྲུབ་ནས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་ཁ་གཡར་ཏེ། ཉིན་ཤས་སྔོན་བོད་མདོ་སྨད་མཚོ་ལྷོ་ཁུལ་མང་ར་རྫོང་སུམ་མདོ་གྲོང་བརྡལ་གྱི་འབྲོག་སྡེ་ཁག་ལ་བྲེལ་མྱུར་བརྡ་སྦྱོར་ཞེས་པའི་ཉེན་བརྡའི་བརྡ་ཁྱབ་ཅིག་བཏང་སྟེ། ད་ལོ་ནས་བཟུང་ཁུལ་དེའི་འབྲོག་སྡེ་རྣམས་དབྱར་སར་འགྲོ་མི་ཆོག་པ་བཟོས་པ་དང་ཆབས་ཅིག གལ་ཏེ་སྲིད་གཞུང་གི་ཐག་གཅོད་ལ་སྣང་མེད་གཏང་ཚེ་ཁྲིམས་ཆད་ནན་པོ་བཀལ་རྒྱུ་ཡིན་པ་བཤད་འདུག རྩ་བའི་སུམ་མདོ་གྲོང་བརྡལ་འོག་ལ་འབྲོག་སྡེ་བ་ ༡༦ ཡོད་པ་ཚང་མའི་འཚོ་རྟེན་ཕྱུགས་ལས་དང་ཞིང་ལས་ཡིན་སྟབས། དབྱར་དུས་རང་གི་རྟ་ནོར་ལུག་གསུམ་ཁུལ་དེའི་ཨག་རྩི་ཐང་དང་མང་སྟོད་ཅེས་པའི་གཞི་རྒྱ་ཆེ་བའི་རྩ་སར་ཕྱུགས་འཚོ་གནང་སྲོལ་ཡོད་པ་ཞིག་རེད་འདུག བརྡ་ཁྱབ་དེའི་ནང་གསལ་བར། སུམ་མདོ་གྲོང་བརྡལ་སྲིད་གཞུང་གི་ཐག་གཅོད་ལྟར་ཨག་རྩི་ཐང་དང་མང་སྟོད་སོགས་ཀྱི་རྩྭ་སའི་ས་ཁྱོན་༼ཨེ་ཀར༽ ཁྲི ་༩༠ ལྷག་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་ནའང་། མང་ཚོགས་ཁ་ཤས་ནས་གཞུང་གི་ཐག་གཅོད་ལ་སྣང་མེད་དུ་བཏང་ནས་བཀག་སྡོམ་རྩ་སའི་ནང་འཛུལ་བ་དང་། ལྷག་པར་སྟག་ལུང་དང་རྒྱ་ཤིང་། དེ་བཞིན་བན་ཤུལ་དང་མཐའ་བ་སོགས་སྡེ་ཁག་ཅིག་ནས་དབྱར་ས་དེར་ཕྱུགས་འཚོ་ནས་བསྡད་ཡོད་པ་མིང་འདོན་དང་སྦྲགས། གལ་ཏེ་དུས་བཅད་ནང་ཚུད་ཐག་གཅོད་ལ་བརྩི་བཀུར་མ་ཞུ་ཚེ། ཆུང་ས་ནས་སྡེ་བ་དེའི་ད་ལོའི་རྩ་སའི་ཁ་གསབ་ཀྱི་བརྒྱ་ཆ་ ༥༠ འཐེན་རྒྱུ་དང་སྡེ་བའི་རྩ་སྲུང་གི་ལོ་ཧྲིལ་པོའི་ཕོག་གི་བརྒྱ་ཆ་ ༥༠ འཐེན་རྒྱུ་མ་ཟད། ཆེ་ས་ནས་ཁྲིམས་ཆད་ནན་པོ་གཅོད་རྒྱུ་ཡིན་པ་བཤད་འདུག་པས་ད་ཆ་ས་གནས་མང་ཚོགས་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ནས་ནོར་ལུག་འཚོ་སྐྱོང་བྱེད་པར་དཀའ་ངལ་འཕར་མ་ཅིག་སྤྲད་འདུག གཞི་རྩའི་རྒྱ་ནག་གཞུང་ནས་ད་རེས་ཙམ་མ་ཡིན་པར་ལོ་གཉིས་སྔོན་དུ་བན་ཤུལ་བྱེ་སྣའི་འབྲོག་སྡེ་ཁུལ་དུ་བོད་མིའི་ཁང་ཁྱིམ་ཁག་ཅིག་བཙན་དབང་འོག་གཏོར་བཤིག་བཏང་པ་དང་རྩ་སར་ར་བ་སྐོར་ན་ཁྲིམས་འགལ་དུ་བརྗོད་ནས་མང་ཚོགས་ལ་དཀའ་ངལ་བཟོས་ཡོད།

དཔའ་ལུང་རྫོང་དུ་ཆུའི་འཁྲུག་བརྩོད་འོག་བོད་མི་ཁག་གཅིག་རྨས་སྐྱོན་བཏང་འདུག

མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཁོངས་ཀྱི་མཐར་དགའ་ཡུལ་ཚོའི་ནང་གི་བོད་རིགས་གནས་ཡུལ་གཞི་རྩ་སྡེ་བ་དང་སྟག་ཚང་ཡུལ་ཚོའི་ནང་གི་བོད་རིགས་གནས་ཡུལ་སྐྱིད་རྒྱ་སྡེ་བ་གཉིས་བཅས་བོད་རིགས་སྡེ་བ་གཉིས་ཀྱིས་རྒྱུན་དུ་བེད་སྤྱོད་བྱེད་བཞིན་པའི་རྒྱུགས་ཆུ་དེ་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༦ ཚེས་ ༡ ཉིན་ས་གནས་རྒྱ་གཞུང་གིས་སྟག་ཚང་ཡུལ་ཚོའི་ནང་གི་རྒྱ་ཁ་ཆེ་གནས་ཡུལ་འུན་རྒྱ་སྡེ་བར་ཁ་བསྒྱུར་བྱས་སྟབས། བོད་རིགས་སྡེ་བ་གཉིས་ལ་ཆུའི་དཀའ་ངལ་ཆེན་པོ་འཕྲད་ཡོད་པར་བརྟེན་བོད་རིགས་སྡེ་བ་གཉིས་དང་འུན་རྒྱ་སྡེ་བའི་རྒྱ་ཁ་ཆེ་དབར་འཁྲུག་བརྩོད་ཤོར་བ་མ་ཟད་སྲིད་གཞུང་གིས་རྒྱ་ཁ་ཆེའི་རྒྱབ་རྩར་ལངས་ཏེ་དྲག་ཆས་ཉེན་རྟོག་པ་མང་པོ་ཞིག་ཆེད་གཏོང་གིས་བོད་རིགས་རྣམས་ལ་བཅར་རྡུང་བྱས་འདུག་པ་མ་ཟད། སྐབས་དེར་བོད་རིགས་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། ཁྱད་པར་དུ་དེའི་ནང་ནས་ཚབས་ཆེའི་ནད་པ་བདུན་སྨན་ཁང་དུ་ཛ་དྲག་མྱུར་སྐྱོབ་གནང་ཕྱིར་སྐྱེལ་དགོས་བྱུང་འདུག ཕ་ཡུལ་དཔའ་ལུང་རྫོང་ཁོངས་ནས་ཡིན་ཞིང་ད་ལྟ་རྒྱ་གར་དུ་ཡོད་པའི་ཚེས་བཟང་སྒྲོལ་མ་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་དོན།  འཁྲུག་རྩོད་ཀྱི་དོན་རྐྱེན་དེའི་སྐབས་རྒྱ་ནག་ཉེན་རྟོག་པས་ཟིང་ཆ་ཞི་འཇགས་གཏོང་ཆེད་མང་ཚོགས་ཁྲོད་རླངས་བཏང་པ་མ་ཟད། དོན་རྐྱེན་དེའི་ཁྲོད་བོོད་མི་ཙམ་མ་ཟད་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་རེ་གཉིས་ལ་ཡང་རྨས་སྐྱོན་ཕོག་ཡོད་པ་གསུངས་སོང་། དེ་བཞིན་ཁོང་གིས་ས་གནས་ལ་དོན་རྐྱེན་དེ་བྱུང་རྗེས་རྒྱ་གཞུང་གིས་ས་གནས་ཀྱི་བོད་མིའི་ཁ་པར་ཡོངས་རྫོགས་གཞུང་བཞེས་བཏང་ཡོད་སྟབས། ད་ལྟའི་ཆར་དྲ་ལམ་དང་ཁ་པར་ཐོག་ནས་ས་གནས་ལ་འབྲེལ་བ་ཡོངས་སུ་ཆད་ཡོད་པ་འགྲེལ་བརྗོད་གནང་ཡོད། ལྷག་པར་དུ་དོན་རྐྱེན་དེ་བྱུང་རྗེས་རྒྱ་གཞུང་གིས་གོང་གསལ་བོད་རིགས་སྡེ་བ་གཉིས་ཀྱི་འགོ་ཁྲིད་བོད་མི་གཉིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ས་གནས་སྡེ་བའི་བོད་མིི་ཚོས་འཛིན་བཟུང་བྱས་པའི་ཁོ་ཚོའི་སྡེ་བའི་འགོ་ཁྲིད་གཉིས་མྱུར་དུ་གློད་བཀྲོལ་དགོས་པ་དང་ཆུ་རྩོད་གནས་དོན་དེ་དྲང་བདེན་གྱི་ཐག་གཅོད་བྱེད་དགོས་པའི་ངོ་རྒོལ་དགོས་འདུན་ཡང་བཏོན་ཡོད་འདུག

རྩོམ་པ་པོ་ཞོགས་ལྗང་ལགས་མུན་ཡོན་བཙོན་ཁང་དུ་བཀག་ཉར་བྱས་འདུག

རྩོམ་པ་པོ་ཞོགས་ལྗང་ལགས་ ( 青海门源县浩门农场 )  མཚོ་སྔོན་ཞིང་ཆེན་མུན་ཡོན་རྫོང ཧོ་མིན་གྲོལ་རྡལ་ (ཧོ་མིན་ཞང་)གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག ཁོང་གི་བཟའ་ཟླ་དང་ཟླ་རེར་ཐེངས་གཅིག་རེ་ཐུག་ཆོག་གི་ཡོད་པ་དང་བཙོན་ཁང་དུ་ཐུག་འཕྲད་སྐབས་རྒྱ་སྐད་བཤད་ན་སྐར་མ་ ༣༠ དང་བོད་སྐད་བཤད་ན་སྐར་མ་ ༥ ལས་མང་བ་བཤད་ཆོག་གི་མེད་པ་མ་ཟད།  ནང་མི་དང་ཕན་ཚུན་ཁ་བརྡ་བྱེད་དུས་བཙོན་པ་གཞན་དང་མི་མཚུངས་པར་བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་ཉེན་རྟོག་པས་ཉེ་འཁྲིས་སུ་དོམ་དམ་ནན་མོར་ཐོག་བརྙན་ལེན་པ་སོགས་བྱེད་ཀྱི་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ལ་སུད་སིར་བཞུགས་པའི་བསོད་ནམས་ཀྱིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་དོན། ཉེ་ཆར་ཞོགས་ལྗང་གི་ཨ་མ་ལགས་ནས་ཞོགས་ལྗང་བལྟ་རུ་ཕྱིན་ཡོད་ནའང་ས་གནས་ཀྱི་ཡིག་ཆ་སོགས་ཚང་མེད་པར་ཁ་གཡར་ནས་ཐུག་བཅུག་མེད་པ་དང་། ཁ་པར་བརྒྱུད་ནས་ཀྱང་སྐད་ཆ་བཤད་བཅུག་མེད་པ་མ་ཟད། ཟ་མ་དང་གྱོན་ཆས། ཅ་དངོས་སོགས་གང་ཡང་སྤྲོད་བཅུག་མེད་སྐོར་གསུངས་སོང་། དེ་བཞིན་བཙོན་ཁང་དུ་བལྟ་རུ་འགྲོ་སྐབས་ནང་མིའི་ཐེམ་ཐོ་ཁྱེར་ནས་ས་གནས་ཉེན་རྟོག་པས་ངེས་སྦྱོར་བདེན་དཔང་ཡིག་ཆ་( མཚོ་སྔོན་ཞིང་ཆེན་གྱི་མུན་ཡོན་བཙོན་ཁང་ལ་ཐུག་འཕྲད་བྱེད་པའི་དཔང་ཡིག )  ( 青海省门源监狱探视证) ལེན་དགོས་པ་དང་ཡིག་ཆ་མ་ཚང་ཚེ་ཨ་མ་ཡིན་རུང་ཐུག་བཅུག་གི་མེད་པ་རེད་ཅེས་གསུངས་ཡོད། རྒྱ་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ར་བ་ཟེར་བའི་བཙོན་ཁང་རྣམས་སྒོ་རྒྱབ་ཡོད་ཚུལ་བརྗོད་དེ་དེང་སྐབས་བཙོན་ཁང་ཁག་གི་མིང་ལ་ཞིང་ལས་ར་བ་ཅེས་མིང་གསར་པ་བཏགས་ཡོད་པ་མ་ཟད། བཙོན་ཁང་དུ་བཙོན་པ་རྣམས་ཉིན་ལྟར་ཚོུད། ༡༥ རེ་བྱ་སྤུའི་སྟོད་གོས་རིགས་བཟོ་དགོས་ཀྱི་ཡོད་པ་དང་། ཚོང་རྫས་དེ་དག་ནི་རྒྱ་ནག་གི་ཕྱུག་བདག་ཚོང་པ་ཚོར་སྡེབ་ཚོང་བྱེད་ཀྱི་ཡོད་པ་སོགས་གསུངས་སོང་། རྩོམ་པ་པོ་ཞོགས་ལྗང་ལགས་ ༢༠༡༥ ཟླ་ ༣ ཚེས་ ༡༩ ཉིན་མཚོ་སྔོན་རེབ་གོང་དུ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཅིང་། སྐབས་དེར་ཁོང་ལ་ནག་ཉེས་ཅི་ཞིག་བཙུགས་ཡོད་པ་གསལ་ཁ་གང་ཡང་མེད་པ་རེད།  ཁོ་རང་གི་གྲོགས་པོ་ཚོས་ཞོགས་ལྗང་གིས་དེ་སྔོན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། རང་དབང་སོགས་ཀྱི་སྐོར་ནས་རྩོམ་ཡིག་མང་པོ་སྤེལ་བ་དང་། ལྷག་པར་དུ་ཁོ་རང་གི་ཟིན་བྲིས་ནང་བོད་པའི་ས་གནས་ཁ་ཤས་ཏུ་སྐོར་བསྐྱོད་གནང་པའི་མཐོང་ཐོས་སེམས་ཚོར་དང་སྦྲགས་ནས་བྲིས་ཡོད་སྟབས། རྒྱ་གཞུང་གིས་དེ་དག་ཆབ་སྲིད་དང་འགལ་བར་ངོས་འཛིན་བྱས་པ་ཞིག་ཡིན་པར་ཚོད་དཔག་བྱས་ཡོད་འདུག སྔ་ལོའི་ཟླ་ ༢ ཚེས་ ༡༧ ཉིན་གྱི་སྔ་དྲོར་བོད་པའི་རྩོམ་པ་པོ་དང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་འཐབ་རྩོད་པ་ཞོགས་ལྗང་ལགས་ལ་རྨ་ལྷོ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་བ་རེད།

རྒྱ་གཞུང་གིས་ས་ག་ཟླ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཙན་བཀའ་བཏང་འདུག

དེ་ཡང་ཉེ་ལམ་རྒྱ་ནག་གཞུང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཟེར་བས་བོད་རང་སྐྱོང་ལྷ་ས་གྲོང་ཁྱེར་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་ཕ་མ་ཁྱིམ་བདག་བཅས་ལ་ས་ག་ཟླ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་དང་དེ་འདྲ་མི་བྱེད་པའི་འགན་ལེན་བྱེད་དགོས་པ་མ་ཟད། གལ་ཏེ་དེ་ལྟར་བྱུང་ཚེ་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ལུགས་ཀྱི་བཙན་བཀའ་བཏང་ཡོད་པ་རེད་འདུག དེ་འབྲེལ་ས་གནས་བོད་མི་ཞིག་གིས་དྲ་ལམ་བརྒྱུད་གནས་ཚུལ་བརྗོད་དོན།  ཁོང་གིས་ས་ག་ཟླ་བ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ངོས་ནས་དུས་ཆེན་གལ་ཆེ་ཤོས་གྲས་ཤིག་ཡིན་པ་དང་། བོད་མི་ཚོས་དུས་ཚོད་དེའི་རིང་ལ་ཕྱག་འཚལ་སྐོར་སྦྱོང་སོགས་གནང་ནས་སྡིག་སྤོང་དགེ་སྒྲུབ་རྒྱ་ཆེ་གནང་སྲོལ་ཡོད་པ་ལྟར། སློབ་གྲྭའི་གུང་གསེང་སྐབས་རང་གི་ཕྲུ་གུ་འཁྲིད་ནས་མཆོད་མཇལ་དང་གླིང་སྐོར་འགྲོ་རྒྱུའི་ལམ་སྲོལ་ཡོད་པ་རེད། འོན་ཀྱང་འདི་ལོའི་ས་ག་ཟླ་བ་མ་ཤར་བའི་གོང་ནས་རྒྱལ་ཁབ་སློབ་གསོ་ཅུས་ཟེར་བས་སློབ་ཕྲུག་གིི་ཕ་མ་དང་ཁྱིམ་བདག་ཚོས་ས་ག་ཟླ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སར་བསྐྱོད་མི་ཆོག་པ་མ་ཟད། རང་ཉིད་ཀྱི་ངོས་ནས་ཀྱང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད་ཅེས་གསུངས་པ་དང་། སྤྱིར་རྒྱ་གཞུང་གིས་སློབ་ཕྲུག་ཞིག་ནས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་ཅེས་དེ་སྔོན་ནས་བཤད་ཀྱི་ཡོད་པས་དེ་ནི་གནས་ཚུལ་གསར་པ་གང་ཡང་མ་རེད། ཕ་མ་ཁག་གཅིག་གིས་དེ་དག་ལ་ལྟོས་མེད་གུང་གསེང་སྐབས་ཕྲུ་གུ་དགོན་པར་མཆོད་མཇལ་དང་གླིང་སྐོར་སོགས་ལ་འཁྲིད་ཀྱི་ཡོད་པ་རེད་ཅེས་གསུངས་སོང་། འོན་ཏང་འདི་ལོ་དམིགས་བསལ་ཕ་མ་དང་ཁྱིམ་བདག་རྣམས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པ་དང་། དེ་འབྲེལ་གནས་ཚུལ་ལྷག་ཚེ་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན་ཚུལ་བཤད་པ་ནི་གནས་ཚུལ་གསར་པ་ཞིག་ཡིན་སྟབས། ཁྱིམ་བདག་དང་ཕ་མ་རྣམས་ནས་དེར་བློ་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། སྤྱིར་རྒྱ་གཞུང་གི་རྩ་ཁྲིམས་ནང་དུ་སྤྱི་དམངས་ཚང་མས་ཆོས་ལུགས་དད་པ་རང་མོས་དང་ཆོས་ལ་དད་པ་བྱེད་མཁན་ལ་བཙན་དབང་གིས་བཀག་འགོག་བྱེད་མི་ཆོག་ཅེས་གསལ་པོ་འཁོད་ཡོད་ཀྱང་། ལག་བསྟར་བྱེད་མཁན་མེད་པ་དང་གནས་ལུགས་རྒྱུ་མཚན་བཤད་ས་མི་འདུག་ཅེས་འགྲེལ་བརྗོད་གནང་སོང་། དེ་དང་ཕྱོགས་མཚུངས་ལྷ་ས་གྲོང་ཁྱེར་རྗེ་འབུམ་སྒང་སློབ་ཆུང་ཡིག་ཚང་ནས་ཟླ་ ༥ ཚེས་ ༢༧ ཉིན་ཕ་མ་དང་སློབ་ཕྲུག་ཚོས་ས་ག་ཟླ་བའི་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བརྡ་ཐོ་ཞིག་བཏང་པའི་ནང་འཁོད་དོན།  གོང་རིམ་སློབ་གསོ་ཚན་པ་ཁག་གི་བརྡ་ཐོའི་ནང་དོན་གཞིར་བཟུང་། ངེད་སློབ་གྲྭའི་དགེ་སློབ་དང་རྒྱབ་ཕྱོགས་ལས་དོན་མི་སྣ་ཡོངས་ལ། ས་ག་ཟླ་བའི་ཆོས་ལུགས་དུས་ཆེན་དང་། ཟླ་མཆོད་དུས་ཆེན། ངལ་གསོའི་རིང་རྣམ་པ་འདྲ་མིན་གྱི་ཆོས་ལུགས་བྱེད་སྒོ་ཡོད་ཚད་ལ་ཞུགས་མི་ཆོག་པའི་བཀའ་རྒྱ་ནན་པོ་བཏང་ཡོད་པས། ཁྱིམ་བདག་རྣམ་པས་སྔར་མུས་བཞིན་སློབ་གྲྭའི་ལས་དོན་ཁག་ལ་རྒྱབ་སྐྱོར་གནང་སྟེ།  རེ་བ་ནན་པོས་བུ་ཕྲུག་ཚོར་རྨོངས་དད་དང་། ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་སུ་འཇུག་མི་རུང་ལ།  རང་ཉིད་ཀྱང་མི་ཞུགས་པའི་འགན་ལེན་བྱེད་དགོས་ཞེས་འཁོད་ཡོད་པ་རེད། སྤྱིར་ཆོས་ལུགས་དད་པ་རང་མོས་ཡིན་པའི་སྐོར་ལ་རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་དོན་ཚན་ ༣༦ ནང་༼  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལུགས་དད་མོས་རང་དབང་ཡོད། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། གང་ཟག་སུ་གང་གིས་སྤྱི་དམངས་ལ་བཙན་ཤེད་ཀྱི་ཆོས་ལུགས་དད་མོས་བྱེད་དུ་འཇུག་པའམ། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་བཙན་འགོག་བྱས་མི་ཆོག ༽  ༼   རྒྱལ་ཁབ་ཀྱིས་རྒྱུན་ལྡན་གྱི་ཚོས་ལུགས་བྱེད་སྒོ་དང་ཆོས་སྤྱོད་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། ༽  གནས་དོན་དེའི་ཐོག་ལ་དེང་སྐབས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཚ་ཚ་འུར་འུར་ངང་བགྲོ་གླེང་དང་ཡིག་ཐོག་ནས་བསམ་ཚུལ་འདྲ་མིན་སྤེལ་མཁན་སོགས་ཤུགས་ཆེ་བྱུང་བཞིན་ཡོད་པ་རེད་འདུག  

རང་ལུས་མེར་སྲེག་གནང་མཁན་གྲྭ་འཇམ་དབྱངས་བློ་གསལ་ལགས་འདས་གྲོངས་སུ་གྱུར་འདུག

ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༥ ཚེས་ ༡༩ ཉིན་གྱི་ཞོགས་པར་བོད་ནང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་མཚོའི་གྱེར་སྟེང་དགོན་པའི་རང་ལོ་ ༢༠ ནང་ཡིན་པ་དགེ་འདུན་པ་འཇམ་དབྱངས་བློ་གསལ་ལགས་ཀྱིས་གཅན་ཚ་རྫོང་ཐོག་གི་མི་དམངས་སྨན་ཁང་གི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་སྟེ་འདས་གྲོངས་སུ་ཕྱིན་འདུག དེ་འབྲེལ་གནས་ཚུལ་ཤེས་རྟོགས་ཡོད་མཁན་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་དོན། ཁོང་གིས་རང་ལུས་མེར་བསྲེགས་གནང་རྗེས་རང་སྲེག་གནང་ས་རང་དུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་མ་ཐག་ས་གནས་རྒྱ་གཞུང་ཉེན་རྟོག་པ་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཏེ་ད་ལྟ་ནང་མིར་ཕྱིར་རྩིས་སྤྲོད་བྱས་མེད་པ་མ་ཟད། ས་གནས་ལ་དོན་རྐྱེན་དེ་བྱུང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་ས་གནས་སུ་དམ་དྲག་བྱས་ཡོད་པ་རེད་འདུག འོན་ཀྱང་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་ཞོགས་པ་སྔ་པོ་ནས་བྱུང་སྟབས་ངོ་རྒོལ་གྱི་འབོད་ཚིག་གང་ཞིག་སྒྲོག་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་འགྲེལ་བརྗོད་གནང་ཡོད། རྩ་བའི་དགེ་འདུན་པ་ཁོང་་ད་ལྟ་རང་ལོ་ ༢༢ དང་ཡང་ན་ ༢༩ ཡིན་པ་བཅས་མི་འདྲ་བ་གཉིས་བརྗོད་མཁན་ཡོད་ཀྱང་གང་ལྟར་རང་ལོ་ ༢༠ ནང་ཡིན་པ་དང་། ཁོང་གི་སྐྱེས་ཡུལ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་མཚོའི་མདུང་རྒྱ་སྡེ་བ་ནས་ཡིན་པ་དང་ཁོང་གི་ཕ་མ་གཉིས་པོ་སྔ་ས་ནས་ཁ་བྲལ་ཕྱིན་ཡོད་པ་རེད་འདུག འཇམ་དབྱངས་བློ་གསལ་ལགས་ཀྱི་དགོན་པ་གྱེར་སྟེང་དགོན་པ་ནི་གཅན་ཚ་རྫོང་ཐོག་ནས་ལྷོ་ཕྱོགས་སུ་སྤྱི་ལེ་ ༣༠ ཡས་མས་སུ་ཆགས་ཡོད་པ་དང་། དགོན་པ་དེའི་དགོན་བདག་ནི་ལ་མོ་གྲྭ་གྲགས་རྒན་ཚང་ཡིན་ཞིང་ད་ལྟ་དགོན་པ་དེར་སློབ་གཉེར་གནང་མཁན་གྱི་གྲྭ་ ༢༠ ལྷག་ཡོད་པ་རེད་འདུག གཞི་རྩའི་ཕྱི་ལོ་ ༢༠༡༢ ལོར་བོད་མི་རྟ་མགྲིན་ཐར་ལགས་ཀྱིས་གཙན་ཚ་རྫོང་རྒྱ་གཞུང་སྤྱི་བདེ་དྲག་ཆས་ཉེན་རྟོག་དམག་མིའི་དམག་སྒར་སྒོ་འགྲམ་དུ་རང་ལུས་མེར་སྲེག་གནང་ནས་འདས་གྲོངས་སུ་གྱུར་ཡོད་པ་དང་། ད་རེས་འཇམ་དབྱངས་བློ་གསལ་ལགས་ཀྱིས་རང་ལུས་མེར་སྲེག་གནང་པ་དེ་ནི་གཙན་ཚ་རྫོང་ནས་རང་ལུས་མེར་སྲེག་གནང་མཁན་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད་འདུག ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ས་ཁྱོན་ཡོངས་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་མི་འདོད་པའི་ངོ་རྒོལ་གྱི་རྣམ་འགྱུར་ཆེད་བཏོན་གནང་ནས་རང་ལུས་མེར་སྲེག་གནང་མཁན་མི་གྲངས་ ༡༤༩ བྱུང་ཡོད་པ་རེད། གཞི་རྩའི་མདོ་སྨད་ས་ཁུལ་གཅན་ཚ་རྫོང་ནི་ད་ལྟ་རྒྱ་གཞུང་གིས་བཅད་བགོས་བྱས་པ་ལྟར་ན་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་པ་དང་གཅན་ཚ་རྫོང་ལ་ཡུལ་ཚོ་ ༦ དང་གྲོང་རྡལ་ ༣ གྲོང་སྡེ་ ༧༩ ཡོད་ཅིང་གཅན་ཚ་རྫོང་གི་སའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༡༧༡༤ ཡོད་པ་དང་མི་འབོར་ ༥༠༠༠༠ ཡོད་པའི་ནང་བོད་རིགས་ནི་མི་འབོར་གྱི་བརྒྱ་ཆའི་ ༦༧ ཟིན་ཡོད་འདུག གཅན་ཚ་ས་་ཁུལ་ནི་དེང་སྐབས་མདོ་སྨད་ཕྱོགས་ནས་བོད་ཀྱི་རིག་གཞུང་ཐད་དོ་སྣང་ཆེ་ཤོས་གྲགས་ཤིག་ལ་ངོས་འཛིན་གནང་བཞིན་ཡོད་པ་མ་ཟད་ས་གནས་དེ་ནས་དུས་རབས་དེའི་ནང་དཔལ་དོན་གྲུབ་རྒྱལ་དང་ཞོགས་དུང་སོགས་དེང་རབས་ཀྱི་མཁས་པ་མང་པོ་ཞིག་བྱུང་ཡོད་པ་རེད་འདུག

རང་ལུས་མེར་སྲེག་གནང་མཁན་གྱི་ཕ་མ་གཉིས་འཛིན་བཟུང་འོག་འབོ་ར་དགོན་གྲོང་གཉིས་ཀ་དམ་དྲག་ཆེན་པོའི་འོག་བཞག་འདུག

རང་ལོ་ ༡༦ ཡིན་པའི་བོད་པའི་ན་གཞོན་ཕྱག་རྡོར་སྐྱབས་ལགས་ནས་ཟླ་བ་འདིའི་ཚེས་ ༢ ཉིན་འབོ་ར་དགོན་པའི་གླིང་སྐོར་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་ནས་ཉིན་གྲངས་ཉི་ཤུ་སོང་ལ་ཉེ་ནའང་ས་གནས་སུ་དམ་དྲག་རྐྱེན་པས་གནས་ཚུལ་ཆ་ཚང་བ་ཞིག་ད་དུང་ཡང་འབྱོར་ཐུབ་ཀྱི་མེད་པ་རེད། ཁ་སང་འདི་གར་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འབོ་ར་ནང་གི་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བ་ཁག་ཅིག་ངོ་སྤྲོད་གནང་དོན། ཕྱི་ཚེས་ ༢ ཉིན་ཕྱག་རྡོར་སྐྱབས་ལགས་ཀྱིས་རང་ལུས་མེར་སྲེག་གནང་པའི་རྗེས་སུ་ཉིན་དེར་ཕ་མ་གཉིས་དང་ཁོང་གི་སྲིང་མོ་བཅས་གསུམ་འཛིན་བཟུང་བྱས་འདུག་ཀྱང་རིང་པོར་མ་སོང་བར་གློད་འདུག དུས་དེ་ནས་བཟུང་ཁོང་གི་སྲིང་མོ་རྒྱུ་མཚན་གང་ཡིན་མ་ཤེས་པར་ལུས་ཁམས་མ་དྭངས་པར་ཉལ་སར་ལྷག་ཡོད་པ་རེད་འདུག ད་དུང་ཁོང་གིས་ཕྱག་རྡོར་སྐྱབས་ལགས་ཀྱི་ཕ་མ་གཉིས་རྗེས་སུ་ཡང་བསྐྱར་འཛིན་བཟུང་བྱས་ཏེ་ད་དུང་ཡང་གློད་བཀྲོལ་བཏང་མེད་པ་མ་ཟད། གཞན་ཡང་ཁོང་གི་སློབ་གྲོགས་ཤིག་ཀྱང་འཛིན་བཟུང་བྱས་འདུག་ཀྱང་གནས་ཚུལ་ཞིབ་ཕྲ་ཤེས་ཐུབ་ཀྱི་མི་འདུག་གསུངས་ཡོད། ད་ལྟའི་གནས་སྐབས་སུ་རྒྱལ་གཅེས་པ་ཕྱག་རྡོར་སྐྱབས་ལགས་རྒྱ་གཞུང་གི་བཙན་ཁྱེར་བྱེད་ཡོད་པ་ཙམ་ལས་འཆི་གསོན་གང་ཡིན་གྱི་གནས་སྟངས་ཇི་ཆགས་ཁ་གསལ་ཤེས་དཀའ་བར་གྱུར་ཡོད་པ་ཡང་གསུངས་ཀྱི་འདུག གཞི་རྩའི་རྒྱལ་གཅེས་པ་ཁོང་གི་འབོ་ར་དགོན་པའི་གླིང་སྐོར་ནང་དུ་རང་ལུས་མེར་སྲེག་གནང་ནས་བོད་ལ་རང་དབང་དགོས། ༸རྒྱལ་དབང་རིན་པོ་ཆེ་བོད་ལ་ཕེབས་བཅུག་དགོས། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ། ཞེས་ལེན་གཉིས་ལ་འཐེན་མཚམས་དེ་ག་རང་ལ་ཉེན་རྟོག་པས་བཙན་ཁྱེར་བྱེད་ཡོད་པ་རེད། ཕྱག་རྡོར་སྐྱབས་ལགས་ནི་ཕ་བཟོད་པ་དང་མ་སྒྲོལ་མ་མཚོ་གཉིས་ཀྱི་བུ་ཡིན་པ་ཁོང་རང་ལོ་ ༡༦ ཡིན་པ་རེད་འདུག

གྲྭ་བློ་བཟང་རྒྱ་མཚོ་ལགས་བཙོན་གྲོལ་ཐོབ་འདུག

བོད་ནང་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་བར་བརྟེན་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་འོག་ཡོད་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ཁ་སང་དགོང་མོ་གསང་སྟབས་ཐོག་བཙོན་གྲོལ་བཏང་འདུག འདི་ག་རླུང་འཕྲིན་ཁང་ལ་སུད་སིར་བཞུགས་པའི་བསོད་ནམས་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། བློ་བཟང་རྒྱ་མཚོ་ལགས་སི་ཁྲོན་ཏེ་ཡང་བཙོན་ཁང་ནས་བཙོན་གྲོལ་བཏང་པའི་རྗེས་སུ་ཁ་སང་ཟླ་ ༥ ཚེས་ ༡༠ མཚན་དཀྱིལ་ཙམ་ལ་རང་ཁྱིམ་དུ་བསྐྱལ་འདུག་པ་དང་།  དེ་མཚུངས་སུ་ཁོང་ད་བར་མི་ལོ་ ༥ ལྷག་བཙོན་འཇུག་འོག་བཞུགས་རིང་ལ་མི་སྤྱོད་ལས་འདས་པའི་དཀའ་སྡུག་ཚད་མེད་མྱང་ཡོད་པ་ཤེས་རྟོགས་བྱུང་བ་ལས་དེ་མིན་ད་ཆ་བཙོན་གྲོལ་ཐོབ་རྗེས་གཟུགས་གཞིའི་གནས་སྟངས་ཇི་ཡོད་སོགས་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་གསུངས་ཡོད། རྩ་བའི་དེ་སྔོན་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༢ ཚེས་ ༡༣ ཉིན་རང་ལོ་ ༡༩ ཡིན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱིས་རྔ་བ་རྫོང་མཁར་གྱི་གཞུང་ལམ་དབུས་མའི་མགོ་སྟོད་ནས་རྒྱ་གཞུང་ལ་ཞི་རྒོལ་གྱིས་སྐད་འབོད་གནང་ཞིང་རང་ལུས་མེར་བསྲེགས་གནང་སྟབས། རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་ཁོང་གི་ལུས་པོའི་སྟེང་གི་མེ་བསད་ནས་གཅར་རྡུང་དྲག་པོ་བཏང་པ་མ་ཟད། བཙན་དབང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད། རྩ་བའི་རྒྱ་གཞུང་གིས་བོད་མིའི་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ་དེ་དག་ཕྱི་ཕྱོགས་ནས་བརྒྱུད་སྐུལ་གནང་པ་ཞིག་ཡིན་ཚུལ་དང་། དེ་ནི་འཇིགས་སྐུལ་རིང་ལུགས་པ་དང། རྒྱལ་ཁབ་ཀྱི་བརྟན་ལྷིང་དཀྲུག་གཞི་སོགས་ལ་ཁ་གཡར་ནས་བོད་མི་རང་ལུས་མེར་སྲེག་མཁན་ཚོ་དང་དེ་དག་གི་ནང་མི་ཉེ་འབྲེལ་ལ་དམ་དྲག་དང། རང་སྲེག་གི་གནས་ཚུལ་ཕྱི་ཕྱོགས་ལ་མཁོ་སྤྲོད་གནང་མི་ཆོག་པའི་སྡིག་སྐུལ་བྱས་པ་མ་ཟད། རང་སྲེག་གནང་མཁན་གྱི་ནང་མིར་གདུང་སེམས་མཉམ་བསྐྱེད་ཞུ་མི་ཆོག་པ་བཟོས་ཏེ། བཀོད་ཁྱབ་དེ་དག་ལ་མ་བརྩི་མཁན་མི་སྒེར་དང་དགོན་པ། གྲོང་སྡེ་སོགས་སྤྱི་ཡོངས་ལ་ཉེས་ཆད་གཏང་རྒྱུའི་ཁྲིམས་ལག་བསྟར་བྱེད་མུས་ཡིན་པ་རེད།

Latest news