Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

རྒྱ་གར་ལྷོ་ཕྱོགས་ Andhra Pradesh མངའ་སྡེ་ནས་༸གོང་ས་མཆོག་ལ་དུས་དབང་གསོལ་འདེབས་ཞུ་དགོས་གལ་ཡིན་པ་གསུངས་འདུག

 རྒྱ་གར་ལྷོ་ཕྱོགས་ Andhra Pradesh མངའ་སྡེ་གཞུང་གིས་འབྲེལ་ཡོད་དབུ་ཁྲིད་ཁག་གིས་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་ཏེ་གྲོང་ཁྱེར་ Amaravati ནང་དུ་སླར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀའ་དབང་བསྩལ་ཐུབ་པར་འབད་བརྩོན་ཞུས་དགོས་པ་གསུངས་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཁག་ལྟར་ན།  ཟླ་ ༡༡ ཚེས་ ༤ ཉིན་ Andhra Pradesh མངའ་སྡེ་བློན་ཆེན་སྐུ་ཞབས་ N Chandrababu Naidu མཆོག་གིས་ཡུལ་དེའི་ Vijayawada གྲོང་ཁྱེར་དུ་ཡུལ་སྐོར་སྤྲོ་འཆམ་གྱི་སྡེ་ཁག་ཐོག་ལ་བསྐྱར་ཞིབ་ཞིག་གནང་འདུག་པ་དང་། སྐབས་དེར་སྐུ་ཞབས་ཁོང་གིས་ཡུལ་སྐོར་སྤྲོད་འཆམ་ལྷན་ཁང་གི་ལས་བྱེད་ཚོའི་ངོས་ནས་རྒྱ་གར་ལྷོ་ཕྱོགས་ Amaravati ནང་དུ་སླར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་རྒྱུའི་མཛད་རིམ་ཞིག་གོ་སྒྲིག་ཞུས་དགོས་ཀྱི་ཡོད་པ་དང་།  ཁྱད་པར་དུ་དེ་ལྟར་གནང་ཐུབ་ཕྱིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་འཛམ་གླིང་ཡུལ་གྲུ་འདྲ་མིན་ ༧༡ ནས་ནང་པའི་དགེ་འདུན་པ་རྣམས་གདན་ཞུ་ཕུལ་དགོས་པར་བཀའ་ནན་གནང་འདུག ལྷག་དོན་དུ་མངའ་སྡེ་བློན་ཆེན་སྐུ་ཞབས་ N Chandrababu Naidu མཆོག་གིས་ནང་པའི་བླ་ཆེན་ཁག་དང་ལྷན་དུ་བཀའ་བསྡུར་དང་སློབ་སྟོན་སོགས་ཞུས་པའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་ལ་ཁུལ་དེའི་ནང་དུ་དཔལ་དུས་ཀྱི་འཁོར་ལོ་བསྩལ་རྒྱུའི་མཛད་རིམ་ཆེད་གསོལ་འདེབས་ཞུས་དགོས་ཀྱི་རེད་ཅེས་གསུངས་འདུག མངའ་སྡེ་བློན་ཆེན་མཆོག་གིས་ད་དུང་ Vijayawada ཉེ་འགྲམ་དུ་ཡོད་པའི་ Seta Nagar ཞེས་རིའི་སྟེང་དུ་སངས་རྒྱས་ཀྱི་སྐུ་བརྙན་ཆེན་པོ་ཞིག་བརྒྱག་རྒྱུ་ཡིན་པ་དང་། གལ་ཏེ་༸གོང་ས་མཆོག་གིས་ Amaravati ནང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་རྒྱུར་ཐུགས་གཏན་འཁེལ་ཚེ། ཡུལ་དེའི་ནང་གི་ཡུལ་སྐོར་སྤྲོ་འཆམ་སྡེ་ཚན་ལ་དཔལ་འབྱོར་གྱི་ཡོང་བབ་བསྐྲུན་མཁན་གཙོ་གྲས་ཤིག་ཆགས་ངེས་ཡིན་པར་བརྗོད་འདུག རྩ་བའི་༸གོང་ས་མཆོག་གིས་ ༢༠༠༥ ལོར་རྒྱ་གར་ལྷོ་ཕྱོགས་ Andhra Pradesh ཡི་གྲོང་ཁྱེར་ Amaravati ནང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༠ ཐམ་པ་དེ་བསྩལ་ཡོད་པ་དང་། སྐབས་དེར་ས་གནས་དེ་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཆེ་གྲས་ཤིག་ཏུ་འགྱུར་ཡོད་པ་རེད།

༸གོང་ས་མཆོག་བཞུགས་སྒར་ནས་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་པ།

དེ་རིང་ཟླ་ ༡༡ ཚེས་ ༧ ཉིན་གྱི་སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྷ་ས་བཞུགས་སྒར་ནས་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་གནང་སོང་།  དེའང་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་དང། ཉི་ཧོང་གསང་འདུས་སྐྱིད་སྡུག་ཚོགས་པ། དགོན་ཁག་དང་བླ་ཆེན་ཁག་ཅིག་གིས་༸གོང་ས་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་བཞིན་༸གང་ཉིད་མཆོག་གིས་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་དོན་ལྟར།  མགོན་པོ་༸གང་ཉིད་མཆོག་དང་སྟོན་འཁོར་ལྷན་རྒྱས་སྔ་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཕེབས་ཐོན་གྱིས་གྷ་གལ་གནམ་ཐང་དང་དེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད་པ་དང་།  སང་ཕྱི་ཚེས་ ༨ ཉིན་མགོན་པོ་༸གང་ཉིད་མཆོག་ཉི་ཧོང་དུ་༸ཞབས་སོར་འཁོད་གནང་གི་ཡོད་པ་རེད། མཛད་རིམ་དེའང་ཟླ་ ༡༡ ཚེས་ ༩ ཉིན་༸གོང་ས་མཆོག་གིས་ཁུལ་དེའི་རྒྱལ་ས་རྙིང་གྲས་ Kyoto དང་ཉི་ཧོང་གྲོང་ཁྱེར་Osaka ནང་བཞུགས་ཞག་ཉིན་བཞིའི་རིང་དད་ལྡན་མང་ཚོགས་རྣམས་ལ་བཀའ་ཆོས་དང་བཀའ་དབང་། དེ་བཞིན་བཀའ་སློབ་འབྲེལ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱང་རྒྱུ་ཡིན་འདུག  ཕྱི་ཚེས་ ༡༤  དང་ ༡༥ ཉིན་ཁུལ་དེའི་གནས་རི་རྩ་ཆེན་ Koyasan དུ་རྟེན་གཞི་བྱས་པའི་ Koyasan གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་གྱིས་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་དབང་དང་བཀའ་སློབ་བསྩལ་རྒྱུ་ཡིན་པ་དང་། དེ་རྗེས་ཚེས་ ༡༦ ཉིན་༸གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་ས་ Tokyo དང་། Yokohama ནང་གི་སློབ་གྲྭ་ཁག་ཏུ་བཀའ་སློབ་དང་གནད་ཡོད་མི་སྣར་མཇལ་འཕྲད་མཛད་རྒྱུ་རེད་འདུག ལྷག་དོན་ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་གི་ཡོ་ཀོ་ཧ་མ་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་Pacifico Yokohama Hall ཞི་མཐུན་ཚོགས་ཁང་དུ་བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན། Compassion – The Key to Happiness ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་བཀའ་བཀྲིན་བསྩལ་གནང་མཛད་རྒྱུ་མ་ཟད།  ཕྱི་ཚེས་ ༢༦ དང་ ༢༧ ཉིན་གྲོང་ཁྲེར་ Moroyama ནང་དུ་རྟེན་གཞི་བྱས་པའི་ Saitama སྨན་གྱི་གཙུག་ལག་སློབ་གྲྭ་ཆེན་མོའི་འབྲེལ་ཡོད་སྨན་པ་དང་སྨན་ཞབས་པ། དེ་བཞིན་ལས་བྱེད་ཚོར་བླང་དོར་གྱི་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་བཞུགས་ཞག་ཉིན་གྲངས་ ༡༩ རིང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཟླ་བ་འདིའི་ཚེས་ ༢༧ ཉིན་རྒྱ་གར་ཕྱོགས་སུ་ཆིབས་བསྒྱུར་གནང་མཛད་རྒྱུ་རེད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཉི་ཧོང་ནང་ཐོག་མར་ཕྱི་ལོ་ ༡༩༦༧ ལོར་ཆིབས་སྒྱུར་མཛད་འདུག་པ་དང་། འདི་ལོའི་ཕྱི་ཟླ་  ༥ པའི་ནང་ལའང་ཉི་ཧོང་ས་གནས་མི་མང་གཙོས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ ༢༥༠༠ ལྷག་ལ་ཆོས་འབྲེལ་སོགས་ཉིན་གྲངས་བཞིའི་རིང་གི་མཛད་འཆར་བསྐྱངས་ཡོད། ད་ལན་གྱི་ཆིབས་སྒྱུར་འདི་ནི་འདི་ལོའི་ནང་ཉི་ཧོང་དུ་ཆིབས་བསྒྱུར་མཛད་པ་ཐེངས་གཉིས་པ་ཆགས་ཀྱི་འདུག་པ་དང་། ད་བར་༸གང་ཉིད་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་པ་ཐེངས་ ༢༣ ཡིན་པ་རེད།

༸གོང་ས་མཆོག་གིས་མིག་གི་སྨན་པ་བཞི་བརྒྱ་ལྷག་ལ་ནད་པར་བྱམས་བརྩེའི་སྒོ་ནས་སྐྱོང་རྒྱུ་གལ་ཆེ་ཡིན་པའི་ལམ་སྟོན་མཛད་གནང་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཚོུད་༡༠།༠༠ ཐོག་ Palampur ནང་དུ་རྟེན་གཞི་བྱས་པའི་ Institute of Himalayan Bioresource Technology ལྟེ་གནས་ཁང་དུ་འཚོགས་བཞིན་པའི་ Glaucoma འམ་མིག་ནད་ནང་གྲིབ་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༢༦ པའི་ཉིན་གཉིས་པའི་མཛད་སྒོ་ཚོགས་དགོན་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་པ་དང་ཆབས་ཅིག ཚོགས་ཆེན་ཐོག་ཕེབས་པའི་རྒྱ་གར་གྱི་མིག་ནད་ནང་གྲིབ་ཚོགས་པའི་ཚོགས་མི་རྣམ་པ་གཙོས་གཞན་ཡང་ཨ་རི་དང་ཨོ་སི་ཊོ་ལི་ཡ། དེ་བཞིན་སིང་ཀ་པུར་སོགས་མིག་གི་སྨན་པ་ ༤༠༠ ལྷག་ལ་ནད་པར་གཟིགས་སྐྱོང་གནང་ཕྱོགས་སྐོར་ལ་ལམ་སྟོན་བཀྲིན་བསྩལ་སོང། ཚོགས་ཆེན་གོ་སྒྲིག་ཚོགས་པའི་དྲུང་ཆེ་ Dr SS Pandav ལགས་ནས་གསར་འགོད་པར་གསུངས་པར་མིག་ནད་ནང་གྲིབ་ཀྱི་ནད་པར་གཟིགས་སྐྱོང་དང་སྨན་བཅོས་ཀྱི་བརྒྱུད་རིམ་ཁྲོད་སྨན་གཅིག་པོས་ཡོང་གི་མེད་པ་དང་གཙོ་བོ་སྨན་པ་ངང་རྒྱུན་རིང་པོ་ཞིག་དང་ནད་པར་དངོས་གནས་གཟིགས་སྐྱོང་གནང་ཐུབ་མཁན་ཞིག་དགོས་ཡོད་སྟབས། ང་ཚོར་ཐབས་ལམ་དེའི་ཐོག་ལམ་སྟོན་ངོ་མ་གནང་ཐུབ་མཁན་༸གོང་ས་ཏཱ་ལའི་བླ་མ་མཆོག་ལས་ལྷག་པ་མེད་ཙང་ཁོང་ཚོགས་ཆེན་གྱི་སྐུ་མགྲོན་དུ་གསོལ་འདེབས་ཞུས་ཡིན་སྐོར་གསུངས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་མིག་གི་སྨན་པ་ཚོར་བཀའ་སློབ་བསྩལ་བའི་ཁྲོད་རྐང་སྨན་པ་ཚོའི་ངོས་ནས་ནད་པར་སྲོག་མེད་བེམ་པོ་དང་འཕྲུལ་ཆས་ཀྱི་འདུ་ཤེས་མ་བཞག་པར། ནད་པ་དེ་མི་ཞིག་ཡིན་སྟབས་མིའི་ཚོར་བ་ཡོད་པའི་ཐོག་ནས་བྱམས་བརྩེ་དང་གཞན་ཕན། གཞན་གྱི་དཀའ་སྡུག་ལ་ཚོར་ཏེ་རྣམ་འགྱུར་ཚུན་ཚད་ནས་བཟང་པོ་ཞིག་བསྟན་ནས་སྨན་བཅོས་བྱེད་ཚེ་དོན་དམ་མིས་མི་ལ་ཕན་ཐོགས་ཆགས་ཀྱི་ཡོད་ཅེས་ལམ་སྟོན་བཀྲིན་བསྩལ་སོང་། སྐབས་དེར་༸གོང་ས་མཆོག་གིས་༸སྐུའི་སྤྱན་སྨན་བཅོས་གནང་མྱོང་མཁན་སྨན་པ་ཞིག་ཀྱང་དེ་གར་ཕེབས་ཡོད་ཁོང་ལ་ཕྱག་མཛུབ་གནང་སྟེ། ཁོང་གིས་སྨན་བཅོས་གནང་སྐབས་ཞལ་རས་འཛུམ་མདངས་དང་བཅས་གཟིགས་རྟོག་གནང་གི་ཡོད་དུས་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཡོང་གི་ཡོད་པ་བཀའ་གནང་སོང་། ༸གང་ཉིད་མཆོག་ནས་ཀྱང་འཛམ་གླིང་ཡུལ་གྲུ་གང་དུ་ཕེབས་རུང་མང་ཚོགས་ཀུན་ལ་འཛམ་གླིང་འདིའི་ནང་གི་ཆོས་ལུགས་གཙོ་ཆེ་ཚང་མས་བསྟན་པའི་བྱམས་སྙིང་རྗེ་དང་བཟོད་བསྲན། གཞན་ཕན་གྱི་བསླབ་བྱ་སོགས་གོང་འཕེལ་སྐོར་བཀའ་སློབ་གནང་གི་ཡོད་པ་དང་སྒོས་འཛམ་གླིང་ཧྲིལ་པོ་གཅིག་ལ་གཅིག་རྟེན་གྱི་འབྲེལ་ཆགས་པ་དང་མི་ཞིག་ཡིན་ཕྱིན་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་མཁན་ཤ་སྟག་ཆགས་ཡོད་སྟབས། རང་རྒྱལ་གཞན་ཕམ་གྱི་རྗེས་ལུས་ཀྱི་བསམ་བློ་དེ་དོར་ནས་གཞན་ལ་ཕན་སེམས་དང་གུས་བརྩིའི་བསམ་བློ་ཡོད་པའི་ཐོག་ནས་དུས་རབས་༢༡པ་འདི་བཞིན་གྲོས་མོལ་དང་ཞི་བདེ་ལྡན་པའི་དུས་རབས་གཅིག་ཏུ་བསྐྲུན་དགོས་གལ་སྐོར་ལམ་སྟོན་བསྩལ་གནང་གི་ཡོད་པ་བཀའ་བསྩལ་མཛད་སོང་། དེ་བཞིན་ད་དུང་༸གོང་ས་མཆོག་གིས་༸སྐུའི་མཛད་འཁུར་གསུམ་ལས་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་སྐོར་དང་འབྲེལ་རྒྱ་གར་ནང་དུ་ཆོས་ལུགས་འདྲ་མིན་སྤྱི་ཚོགས་གཅིག་གི་ནང་དུ་ཞི་བདེ་མཉམ་གནས་བྱེད་ནས་སྡོད་ཀྱི་ཡོད་པ་འདི་ནི་དེང་གི་འཛམ་གླིང་ནང་ཆོས་ལུགས་མཐུན་གྱི་མིག་དཔེ་གསོན་པོ་ཞིག་ཡིན་པས་བསྔགས་བརྗོད་གནང་སོང་བ་མ་ཟད། དེ་གར་འདུས་པའི་རྒྱ་གར་གྱི་སྨན་པ་མི་རབས་རྒན་གཞོན་ཚོས་རྒྱ་གར་གྱི་ལོ་ངོ་ཕྲག་རིང་གི་ཆོས་ལུགས་མཐུན་སྒྲིལ་དེ་མི་ཉམས་རྒྱུན་འཛིན་གནང་པའི་ཐོག Arab སོགས་འཛམ་གླིང་ཕྱི་ལ་ལམ་སྟོན་གནང་གལ་ཡིན་པ་ལམ་སྟོན་རྒྱ་ཆེ་བསྩལ་གནང་སོང་། གཞི་རྩའི་ Glaucoma Society of India འམ་རྒྱ་གར་གྱི་མིག་ནད་ནང་གྲིབ་ཚོགས་པས་ངོས་ནས་ལོ་རེར་ཚོགས་ཆེན་འདི་ལྟ་བུ་བསྐོང་ཚོགས་གནང་གི་འདུག་པ་མ་ཟད། ལས་དོན་ཁྱད་པར་བ་ཞིག་ལ་ཚོགས་པ་དེའི་ངོས་ནས་རྒྱ་གར་རྒྱལ་ཡོངས་ནང་མིག་ནད་ནང་གྲིབ་སྐོར་ལམ་སྟོན་དང་གོ་རྟོགས་རྒྱ་གང་ཆེ་སྤེལ་གནང་གི་འདུག

༸གོང་ས་མཆོག་གིས་ ༢༠༡༦ ལོའི་རྒྱ་གར་གྱི་འཆར་སྒོ་ཞེས་པའི་དབུ་ཁྲིད་ལྷན་ཚོགས་ཐོག་གསུང་འཕྲིན་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནུབ་ཕྱོགས་མངའ་སྡེ་གྷོ་བར་འཚོགས་བཞིན་པའི་ India idea Conclave2016 འམ་ ༢༠༡༦ལོའི་རྒྱ་གར་གྱི་འཆར་སྒོ་ཞེས་པའི་དབུ་ཁྲིད་ལྷན་ཚོགས་ཐོག་གསུང་འཕྲིན་ཞིག་སྩལ་བའི་ནང་། རྒྱ་གར་ནང་གི་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པས་མང་ཚོགས་ཁྲོད་ལ་རྒྱ་གར་གྱི་གནའ་བོའི་ཐུན་མིན་རིག་གཞུང་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་དེ་དག་རྒྱུས་སྤྲོད་གནང་དགོས་པར་བཀའ་བསྩལ་འདུག ལྷན་ཚོགས་དེའང་ཕྱི་ལོ་ ༢༠༡༤ ལོར་ India Foundation an independent research Center on Indian Polity འམ་རང་དབང་ཅན་གྱི་རྒྱ་གར་གྱི་ཆབ་སྲིད་ཉམས་ཞིབ་ལྟེ་གནས་ཁང་དང་གྷོ་བ་མངའ་སྡེ་གཉིས་ཀྱིས་གོ་སྒྲིག་ཞུས་ཡོད་ཅིང་། ད་ལན་ལྷན་ཚོགས་ཐེངས་ ༣ འདིའི་ཐོག་ལ་རྒྱ་གར་གཙོས་པའི་འཛམ་གླིང་རྒྱལ་ཁབ་འདྲ་མིན་ཁག་ ༢༥ ལྷག་གི་མཁས་དབང་། སྲིད་དོན་ཉམས་ཞིབ་པ། ཆབ་སྲིད་མི་སྣ། ཚན་རིག་པ་། ཚོང་ལས་སྡེ་ཁག་གི་སྤྱི་ཁྱབ་ངེས་སྟོན་པ་དང། ཆེད་ལས་གསར་འགོད་པ། དེ་བཞིན་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མི་སྣ་སོགས་ལས་རིགས་འདྲ་མིན་གྱི་རྒྱབ་ལྗོངས་ཡོད་པའི་ཚོགས་བཅར་བ་ ༣༥༠ ལྷག་ཆེད་ཕེབས་ཀྱིས་འདུ་འཛོམས་བྱུང་འདུག གཞི་རྩའི་ཐེངས་འདིའི་ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷན་ཚོགས་ཀྱི་ཚོགས་མགོན་དུ་གདན་ཞུ་ཕུལ་ཡོད་པ་དང་འདི་བཞིན་༸གང་ཉིད་མཆོག་གི་དྲུང་ནས་ Swarajya ཞེས་པའི་གཟེངས་རྟགས་ཤིག་གནང་རྒྱུ་ཡིན་ཀྱང་། མགོན་པོ་མཆོག་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་ཐུབ་མེད་སྟབས། ཁ་སང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་༸གོང་ས་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་ཚོོགས་བཅར་བ་ཡོངས་ལ་གསུང་འཕྲིན་ཞིག་བསྩལ་གནང་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་ ༥༧ ལྷག་རིང་མགོན་པོ་༸གང་ཉིད་མཆོག་གི་སྐུ་གཟུགས་དེའང་རྒྱ་གར་ཡུལ་གྱི་དྷལ་དང་ཞལ་འབྲས་མཆོད་པ་ལས་སྐུ་འཚོ་བཞུགས་ཐུབ་པ་ཞིག་ཡིན་པ་དང། ༸གང་ཉིད་མཆོག་གི་ཐུགས་རྒྱུད་ལ་ཟབ་ཅིང་བརླིང་བའི་ལྟ་གྲུབ་འདྲ་མིན་དང་ཤེས་བྱ་ཡོན་ཏན་དེ་དག་ནི་རྒྱ་གར་གྱི་གནའ་བོའི་དཔལ་ན་ལེཎྡྲའི་མཁས་པའི་དབང་པོ་དག་ལས་བྱུང་བ་ཞིག་ཡིན་པར་བརྟེན། ༸གོང་ས་མཆོག་གིས་རྣམ་ཀུན་༸གང་ཉིད་མཆོག་ནི་རྒྱ་གར་བའི་བུ་ཞིག་དང། འཛམ་གླིང་མང་ཚོགས་ལ་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་བརྒྱུད་བསྒྲགས་བྱེད་མཁན་གྱི་བང་ཆེན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་བཀའ་བསྩལ་འདུག ད་དུང་༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཁྲོད་ཀྱི་འཚེ་མེད་ཞི་བ་དང་བྱམས་བརྩེའི་ལྟ་གྲུབ་དེ་ནི་འཛམ་གླི་སྤྱི་ལ་ཕན་ཐོགས་བསྒྲུབ་ཐུབ་པའི་རིག་གཞུང་རླབས་ཆེན་ཞིག་རེད་ཅེས་བཀའ་བསྩལ་གནང་པ་དང་འབྲེལ། རྒྱ་གར་ནང་གི་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པས་མང་ཚོགས་ཁྲོད་ལ་རྒྱ་གར་གྱི་གནའ་བོའི་ཐུན་མིན་རིག་གཞུང་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་དེ་དག་རྒྱུས་སྤྲོད་གནང་དགོས་པར་བཀའ་ནན་བསྩལ་གནང་འདུག དེ་དེ་བཞིན་༸གོང་ས་མཆོག་གིས་རྒྱ་གར་མང་ཚོགས་ཚོས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནའ་བོའི་རིག་གཞུང་དང་ལྟ་གྲུབ་ཕྱུག་པོ་ཡོད་པ་དེ་དག་གཅེས་ཉར་གནང་དགོས་པ་དང་དེ་མཚུངས་གནའ་བོའི་རིག་གཞུང་ལས་ཞིང་བྲན་རིགས་ལུགས་ཀྱི་གོམས་སྲོལ་དེ་དག་དོར་དགོས་པའི་ལམ་སྟོན་ཡང་བསྩལ་གནང་འདུག

པདྨ་བཀོད་པ་དང་འཕན་པོ་མང་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

གཞིས་བྱེས་པདྨ་བཀོད་པ་དང་འཕན་པོ་མང་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་ཐོག་མགོན་པོ་མཆོག་གིས་མང་ཚོགས་རྣམས་ལ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྣལ་མ་ཞིག་བྱ་དགོས་པར་བཀའ་སློབ་བསྩལ་སོང་། དེ་རིང་ཟླ་ ༡༡ ཚེས་ ༢ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཆེན་གྱི་ཆོ་ག་དང་ཀུན་མཁྱེན་འཇིགས་མེད་གླིང་པས་མཛད་པའི་ཚོགས་གླུ་གསུང་འདོན་གནང་པའི་སྒོ་ནས་གཞིས་བྱེས་པདྨ་བཀོད་དང་འཕན་པོ་སེར་སྐྱ་མང་ཚོགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་འཇིག་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་། དེ་ཡང་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་དབུ་བླ་སྐྱབས་རྗེ་ནམ་མཁའ་རིན་པོ་ཆེ་མཆོག་རྡོ་རྗེ་སློབ་དཔོན་གནང་སྟེ་རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཆེན་གྱི་ཆོ་གའི་ཐོག་ནས་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་གནང་སོང་བ་དང་། སྐབས་དེར་སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག་དང་བཅོ་བརྒྱད་ཞབས་དྲུང་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་ཕེབས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་ལ་གཞིས་བྱེས་འཕན་པོ་དང་པདྨ་བཀོད་པའི་དད་ལྡན་མང་ཚོགས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་རྗེ་ཆེ་གསུངས་པ་དང་སྦྲགས། གསོལ་འདེབས་འདིའི་ཐོག་ནས་ནུས་པ་ཞིག་ཡོང་ངེས་ཡིན་ནའང་གཙོ་བོ་བླ་སློབ་ཀྱི་དམ་ཚིགས་ཀྱི་ནུས་པ་ཆགས་ཡོད་པ་བཀའ་གནང་སོང་བ་མ་ཟད། སྒོས་སུ་༸གང་ཉིད་མཆོག་གིས་མང་ཚོགས་ཀུན་ནས་ཆོས་ཆོས་སུ་སོང་བ་ཞིག་བྱ་དགོས་པ་དང་སངས་རྒྱས་པའི་རྗེས་འབྲང་རྣལ་མ་ཞིག་བྱ་རོགས་ཞེས་བཀའ་སློབ་བསྩལ་སོང་། ༸གང་ཉིད་མཆོག་ནས་ཀྱང་ག་དུས་ཡིན་ཡང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལྟ་བ་སྒོམ་ནས། ཇི་སྲིད་ནམ་མཁའ་གནས་པ་དང་ཞེས་སོགས་ཀྱི་གསོལ་འདེབས་སྨོན་ཚིག་གསུངས་ནས་གཞན་དོན་མུ་མཐུད་གྲུབ་སླད་ལོ་མང་སྐུ་འཚོ་བཞུགས་ཡོང་བར་སྨོན་ལམ་འདེབས་གནང་གི་ཡོད་པ་མ་ཟད། ཇི་སྲིད་འཚོ་བའི་བར་དུ་སེམས་ཅན་ཀུན་ལ་ཕན་པ་དང་འདུན་པ་བསྐྱེད་གནང་རྒྱུ་གཙོ་འདོན་གནང་སྐོར་བཀའ་བསྩལ་གནང་ཡོད། ལྷག་པར་དུ་སྐབས་དེར་མགོན་པོ་མཆོག་གིས་དེ་སྔ་གཏེར་བཏོན་ཁག་ཅིག་གི་ལུང་བསྟན་ལྟར་༸གང་ཉིད་མཆོག་དགུང་གྲངས་ ༡༡༣ བར་བཞུགས་ཐུབ་མིན་གསུངས་དཀའ་བར་གྱུར་ཡང་དགུང་ལོ་བརྒྱ་བར་བཞུགས་ཐུབ་ཀྱི་རེད་ཅེས་བཀའ་བསྩལ་སོང་། ཁྱད་པར་དུ་དེ་རིང་བརྟན་བཞུགས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པདྨ་བཀོད་པ་ནས་ཡིན་པ་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གི་སྐོར་ལ་བཀའ་གནང་པ་དང་འབྲེལ། རིན་པོ་ཆེ་མཆོག་ནི་དགའ་ལྡན་ཕོ་བྲང་ལ་ཐུགས་ཞེན་ཆེན་པོ་ཡོད་མཁན་ཞིག་ཆགས་ཡོད་པས་༸གོང་ཉིད་མཆོག་དང་དམིགས་བསལ་འབྲེལ་ཡོད་པ་བཀའ་གནང་སོང་། ཐེངས་འདིའི་བརྟན་བཞུགས་ཆེད་རྒྱ་གར་བྱང་ཤར་མིའོ་དང་ཀྲུ་ཀྲིང་གཙོ་བོར་གྱུར་པའི་ Arunachal དང་ Utarakand མངའ་སྡེ་སོགས་ནས་པདྨ་བཀོད་པའི་མི་གྲངས་༡༣༠༠ལྷག་དང་། དེ་བཞིན་རྡ་རམ་ས་ལས་གཙོས་བཙན་བྱོལ་ནང་གི་འཕན་པོ་བ་༡༥༠ཙམ་བཅར་འདུག

༸གོང་ས་མཆོག་གིས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གི་ཕྱག་དེབ་དབུ་འབྱེད་བསྐྱངས་སོང་།

  དེ་རིང་ཟླ་ ༡༡ ཚེས་ ༡ ཉིན་སྔ་ཐོག་ཚོུད་ ༡༠།༠༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་ཆེན་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གིས་བརྩམས་པའི་ཧི་མཱ་ལ་ཡའི་པར་ལཱལ་ཆཱཡཱ་འམ་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་གྲིབ་གཟུགས་དམར་པོ་ཞེས་པའི་ཧིན་དྷིའི་སྐད་ཡིག་སྟེང་ཡོད་པའི་ལོ་རྒྱུས་ཀྱི་ཕྱག་དེབ་གཅིག་དབུ་འབྱེད་བཀྲིན་བསྩལ་གནང་སོང་། མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་དང་ཁོང་གི་སྐུ་ཟླ། དེ་བཞིན་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་ སར་ཝིན་ཅོ་དྷི་རི་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཆེད་ཕེབས་གནང་འདུག རྩ་བའི་སྐུ་ཞབས་ ཤན་ཏ་ཀུ་མར་མཆོག་གི་ཕྱག་དེབ་ ཧི་མ་ལ་ཡའི་པར་ལཱལ་ཆཱཡཱ་འམ་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་གྲིབ་གཟུགས་དམར་པོ་ཞེས་པའི་ཕྱག་དེབ་ཁ་བྱང་འཁོད་པ་དེ་སྔ་ལོ་ ༡༩༦༥ ལོར་པར་སྐྲུན་ཟིན་ཡོད་ནའང། འོན་ཀྱང་ཐེངས་འདིའི་ཕྱག་དེབ་ནང་ ༡༩༦༥ རྗེས་འབྲེལ་རྒྱ་དཀར་ནག་དང་བོད་ཀྱི་གནད་དོན་ཐོག་འགྱུར་བ་ཇི་བྱུང་ཁ་སྣོན་གསར་འཇུག་གནང་པ་ཞིག་ཆགས་ཀྱི་འདུག སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གིས་དེ་རིང་གི་མཛད་སྒོའི་འདིའི་ཐོག་ནས་ཁོང་གི་ཕྱག་དེབ་དེའི་ནང་འདས་པའི་ལོ་ངོ་ ༥༠ དེའི་ནང་གི་རྒྱ་གར་དང་རྒྱ་ནག དེ་བཞིན་བོད་ཀྱི་གནད་དོན་སྐོར་དཔྱད་གཞི་ཡིག་ཆ་ ༡༢༡ ཙམ་ལ་རྒྱབ་རྟེན་གནང་ཡོད་པའི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ་ཞིག་ཆགས་ཀྱི་ཡོད་པ་གསུངས་གནང་སྟེ། གཙོ་བོ་༸གོང་ས་མཆོག་གིས་ཁོང་གི་ཕྱག་དེབ་དབུ་འབྱེད་བཀྲིན་མཛད་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་གི་དེ་སྔའི་ཕྱག་དེབ་ཁག་ཅིག་རྒྱ་གར་གྱི་སྲིད་བློན་སོགས་གནང་མྱོང་མཁན་ནས་དབུ་འབྱེད་གནང་མྱོང་ཡོད་ཀྱང་།  དེ་རིང་གི་དུས་ཚིགས་འདི་ནི་གཞན་དང་མི་འདྲ་བ་ཁྱད་པར་བ་ཞིག་དང་ཁོང་དང་ཁོང་གི་ནང་གི་ཡོངས་བསོད་ནམས་ཅན་ཞིག་ཏུ་ཚོར་གྱི་ཡོད་པས་༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་གནང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གིས་ད་བར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་རྒྱ་གར་གྲོས་འཐུས་མི་སོགས་ཆབ་སྲིད་ཀྱི་ལས་འགན་གཙོ་གནད་མང་དག་ཅིག་བཞེས་ནས་སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་རླབས་ཆེན་གྲུབ་ཡོད་པར་མངགས་བརྗོད་གནང་སོང་བ་དང། ཁོང་གི་ཕྱག་དེབ་ཧི་མཱ་ལ་ཡའི་པར་ལཱལ་ཆཱཡཱ་ཞེས་པ་དེའི་སྐོར་དང་འབྲེལ། ལོ་རྒྱུས་ཀྱི་བྱུང་བ་བརྗོད་པའི་ཕྱག་དེབ་ནི་ཧ་ཅང་གི་དགོས་གལ་ཆགས་ཡོད་སྐོར་བཀའ་སློབ་བསྩལ་སོང་།  ཁྱད་པར་དུ་སྐབས་དེར་མགོན་པོ་མཆོག་གིས་འདས་པའི་དུས་རབས་ ༢༠ པའི་ནང་དམག་འཁྲུག་དང་དྲག་པོའི་སྟོབས་ཤུགས་བེད་སྤྱོད་བྱེད་ནས་དོན་དོངས་ཐོག་མིས་དཀའ་ངལ་དེ་དག་སེལ་ཐུབ་མེད་པ་དེ་ནས་ང་ཚོས་བསླབ་བྱ་བླང་ནས་དུས་རབས་ ༢༡ པ་འདི་བཞིན་འཚེ་བ་མེད་པ་དང་བྱམས་བརྩེ་ལྡན་པ་ཞིག་ཏུ་འགྱུར་ཐབས་བྱ་དགོས་པ་དང་། དེའི་སླད་དུ་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་གི་མནའ་བོའི་སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་རིག་གཞུང་ཕྱུག་པོ་དེས་ཞབས་འདེགས་འགྲུབ་ཐུབ་རྒྱུའི་ནུས་ཡོད་པ་ལམ་སྟོན་བསྩལ་ཡོད། དེ་བཞིན་ད་དུང་༸གོང་ས་མཆོག་གིས་རྒྱ་གར་ནང་གི་ཆོས་ལུགས་མཐུན་སྒྲིལ་ལས་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་རྒྱུ་ཡོད་པའི་མིག་དཔེ་ལྟར་ཆགས་ཡོད་སྟབས། ༸གང་ཉིད་མཆོག་གིས་རྒྱ་གར་གཞུང་ལ་ག་དུས་ཡིན་ཡང་རྒྱལ་སྤྱིའི་ཆོས་ཚོགས་ཤིག་གོ་སྒྲིག་གནང་ཐུབ་ཚེ་གཞན་ལ་ཆོས་ལུགས་མཐུན་སྒྲིལ་གྱི་སྙིང་སྟོབས་སྤེལ་ཐུབ་རྒྱུ་དང་ལམ་སྟོན་གནང་ཐུབ་ངེས་ཡིན་པ་གསུངས་གནང་གི་ཡོད་སྐོར་བཀའ་སློབ་མཛད་ཡོད་པ་རེད། ཧིན་སྐད་ཐོག་ཡོད་པའི་སྐུ་ཞབས་ཤན་ར་ཀུ་མཱར་མཆོག་གི་ལོ་རྒྱུས་ཀྱི་ཕྱག་དེབ་དེ་གཟིགས་གྲུབ་པ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་བཅར་འདྲི་ཞུས་པར་ཁོང་གིས་དེབ་དེ་ནི་ཧིན་དྷིའི་ནང་བོད་ཀྱི་རྒྱལ་རབས་དེ་ལྟར་བཀོད་པ་དང་ཤོས་གྲས་ཤིག་ཆགས་ཀྱི་ཡོད་སྟབས་རྒྱ་གར་མང་ཚོགས་ལ་འགྲེམས་སྤེལ་གང་ཐུབ་གནང་གལ་དུ་གཟིགས་ཀྱི་ཡོད་པ་གསུངས་སོང་།

༸གོང་ས་མཆོག་ལ་པ་རག་གྲོང་ཁྱེར་གྱི་ཆེས་མཐོའི་མི་སེར་གྱི་མཚན་གནས་ཕུལ་དགོས་པ་གསུངས་འདུག

པ་རག་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ལྕམ་ Jana Plaminkova ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་པ་རག་གྲོང་ཁྱེར་གྱི་ཆེས་མཐོའི་མི་སེར་གྱི་མཚན་གནས་ཕུལ་དགོས་པ་གསུངས་འདུག        ཁ་སང་ཟླ་ ༡༠ ཚེས་ ༣༡ ཉིན་ Prague Daily Monitor དྲ་གནས་ཐོག་གནས་ཚུལ་ཐོན་པར་གཞིགས་ན། འདས་པའི་གཟའ་འཁོར་གྱི་རེས་གཟའ་པ་སངས་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ STAN ཆབ་སྲིད་ཚོགས་པའི་འཐུས་མི་ལྕམ་ Jana Plaminkova ལགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་པའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ Czech མང་ཚོགས་དབར་ལ་དམིགས་གསལ་གྱི་འབྲེལ་བ་ཞིག་ཡོད་པ་དེར་ངོས་འཛིན་ཡོང་ཕྱིར་༸གོང་ས་མཆོག་ལ་པ་རག་གྲོང་ཁྱེར་གྱི་ཆེས་མཐོའི་མི་སེར་གྱི་མཚན་གནས་ཤིག་ཕུལ་དགོས་པ་རེད་ཅེས་གསུངས་འདུག རྩ་བའི་༸གོང་ས་མཆོག་དེ་སྔོན་པ་རག་ནང་དུ་ཆིབས་བསྒྱུར་མཛད་སྐབས་ཅེཀ་རིག་གཞུང་བློན་ཆེན་དང་གྲོས་ཚོགས་གོང་འོག་གི་ཚོགས་གཙོ་ཚོགས་གཞོན་བཅས་ནས་༸གང་ཉིད་མཆོག་དང་མཇལ་མོལ་ཞུས་རྗེས། ཅེཀ་སྲིད་འཛིན་དང་རིག་གཞུང་བློན་ཆེན། གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ཐུན་མོང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ་ཅེཀ་གཞུང་གི་ངོས་ནས་རྒྱ་ནག་གཅིག་གི་ལངས་ཕྱོགས་འཛིན་བཞིན་ཡོད་སྐོར་སོགས་བརྗོད་ཡོད་པ་རེད། Prague Daily Monitor གསར་ཤོག་ཐོག་ཚེས་ ༣༠ ཉིན་ STAN ཆབ་སྲིད་ཚོགས་པའི་ངོས་ནས་ Czech གཞུང་གི་དབུ་ཁྲིད་ཚོའི་གནང་སྟངས་ལ་སྐྱོན་བརྗོད་དང་སྦྲགས། ཅེཀ་གཞུང་གི་གནང་སྟངས་དེས་ཅེཀ་རྒྱལ་ཁབ་དེ་རྒྱ་ནག་གི་གནོན་ཤུགས་འོག་མགོ་སྒུར་བའི་རྣམ་པ་ཞིག་མངོན་གསལ་ཆགས་ཡོད་སྟབས། རྒྱ་ནག་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཐོག་མཚན་རྟགས་བཀོད་མཁན་ཅེཀ་སྲིད་འཛིན་ Milos Zeman དབུས་པའི་གཞུང་འཛིན་པ་དཔོན་རིགས་ཚོས་རྒྱ་ནག་དང་ལྷན་དུ་ཡིག་ངག་གཉིས་ཀྱི་ཐོག་ནས་གན་རྒྱ་གང་དང་གང་འཇོག་མིན་ཡོངས་རྫོགས་གསལ་བཤད་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་ཚོགས་པ་དེའི་ངོས་ནས་ Prague གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ Jana Plaminkova ལགས་ཀྱིས་༸གོང་ས་མཆོག་ལ་ Prague གྲོང་ཁྱེར་གྱི་ཆེ་བསྟོད་མི་སྣའི་མཚན་གནས་ཕུལ་དགོས་པའི་དགོས་འདུན་ལ་ རྒྱབ་སྐྱོར་ཡོད་སྐོར་གསུངས་པ་དང་སྦྲགས། ཉེ་ཆར་རྒྱལ་སྤྱིའི་ཆབ་སྲིད་ར་བའི་ནང་ཅེཀ་གཞུང་འཛིན་པ་རྣམས་ནས་ནོར་འཁྲུལ་ཤོར་བ་དེ་ཕྲན་བུ་དག་སེལ་ཡོང་བར་ཕན་ཐོགས་ཡོད་སྐོར་གསུངས་འདུག  

༸གོང་ས་མཆོག་གིས་སྨན་བླའི་རྗེས་གནང་སྩལ་བ་དང་སྦྲགས་གོ་ལ་གཅིག་གྱུར་གྱི་འགན་ཁུར་བཞེས་དགོས་གལ་ཡིན་པ་ལམ་སྟོན་མཛད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕོ་བྲང་གཟིམ་ཆུང་དུ་ཝི་ཏི་ནམ་གྱི་ཚོང་པ་དད་ལྡན་པ་ཁག་ཅིག་ལ་སངས་རྒྱས་སྨན་བླའི་རྗེས་གནང་བསྩལ་འདུག དེ་ཡང་ཁ་ཉིན་ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕོ་བྲང་གཟིམ་ཆུང་དུ་ཆེད་བཅར་ཞུས་པའི་ཝི་ཏི་ནམ་གྱི་ཚོང་པ་དད་ལྡན་པ་ ༨༠ སྐོར་ཞིག་དང་དྲ་ཐོག་བརྒྱུད་ཝི་ཏི་ནམ་གྱི་རྒྱལ་ས་ Hanoi དང་ Ho Chi Minh, Saigon དང་ Da Nang བཅས་གྲོང་ཁྱེར་ཆེ་ཁག་ནང་དུ་བཞུགས་པའི་དད་ལྡན་པ་ ༣༠༠ ནས་ ༥༠༠ བར་མཉམ་ཞུགས་གནང་པའི་ཁོངས་སུ་ནང་པ་དང་གཞོན་སྐྱེས་ཁག་ཅིག་ལ་སངས་རྒྱས་སྨན་བླའི་རྗེས་གནང་བཀྲིན་བསྩལ་འདུག སྐབས་དེར་ཝི་ཏི་ནམ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་མགོན་པོ་༸གང་ཉིད་མཆོག་གིས་ཤེས་རབ་སྙིང་པོའི་རྩ་བར་འགྲེལ་བརྗོད་མཛད་དེ་སྟོན་པས་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་ཁོང་ལྟ་བུ་ང་ཚོས་ཀྱང་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུའི་ལམ་དེ་མངོན་གསལ་མཛད་ཡོད་པ་དྲན་བསྐུལ་གནང་པ་དང་ཆབས་ཅིག ཁོང་རྣམས་ལ་བྱང་སེམས་ཀྱི་སྡོམ་པ་དང་སྨོན་པ་སེམས་བསྐྱེད་ཀྱི་ཆོ་ག་བཟུང་སྟེ་བྱང་སྡོམ་སྔོན་དུ་སོང་བའི་སྒོ་ནས་སྨན་བླའི་རྗེས་གནང་བསྩལ་འདུག ༸གོང་ས་མཆོག་གིས་༸གང་ཉིད་མཆོག་གིས་དུས་རྟག་ཏུ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་གཅིག་མཚུངས་ཡིན་པར་བཀའ་ནན་བསྩལ་བཞིན་ཡོད་པ་གསུངས་པ་དང་འབྲེལ། ང་ཚོ་འགྲོ་ཀུན་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་འཚོ་གནས་བྱེད་ཡོད་སྟབས། གནམ་གཤིས་འགྱུར་ལྡོག་དང་གོ་ལའི་ཚ་གྲོད། རང་འབྱུང་ཁོར་ཡུག་གྱི་འཇིག་པའི་དབང་གིས་ས་འགུལ་སོགས་བྱུང་གི་ཡོད་པས་ང་ཚོས་ཚོགས་པ་གཅིག་གི་འདུ་ཤེས་འཛིན་ཏེ་བྱ་སྤྱོད་སྤེལ་དགོས་གལ་ཡིན་པ་བཀའ་སྩལ་བ་མ་ཟད། ལྷག་དོན་ཝི་ཏི་ནམ་མི་མང་ཚོས་ད་བར་ཝི་ཏི་ནམ་རང་གི་དོན་དུ་དཀའ་སྤྱད་དང་འབད་སྤུངས་ཆེན་པོ་གནང་ཡོད། ད་ཆ་ཁྱེད་རང་ཚོ་ཝི་ཏི་ནམ་རང་ལ་འགན་ཁུར་ཡོད་པ་ཁོ་ན་ཙམ་མིན་པར་གོ་ལ་གཅིག་གྱུར་གྱི་སེམས་ཁུར་བླངས་དགོས་པ་ལམ་སྟོན་མཛད་འདུག ཁྱད་པར་དུ་༸གོང་ས་མཆོག་གིས་ང་ཚོའི་ངོས་ནས་ནམ་ཞིག་བདེ་སྐྱིད་སྐོར་ལ་བཀའ་མོལ་གནང་ཚེ་ངེས་པར་དུ་སེམས་ཀྱི་ཞི་བདེ་ཐོག་དགོངས་པ་བཞེས་གལ་ཆེ་བ་དང་དེ་ནི་བདེ་སྐྱིད་ཀྱི་གཞི་མ་རེད་ཅེས་བཀའ་བསྩལ་ཡོད་པ་དང་། ༸གང་ཉིད་མཆོག་གིས་ཆོས་ལུགས་ཚང་མའི་ནང་ལ་བྱམས་པ་དང་བརྩེ་བའི་སྐོར་བསླབ་བྱ་གཅིག་མཚུངས་གནང་ཡོད་པ་ལུང་འདྲེན་གྱིས་ང་ཚོས་དུས་རབས་ཉེར་གཅིག་པ་འདིའི་ནང་སྔར་གྱི་ནོར་འཁྲུལ་རིགས་མི་ཡོང་བར་འབད་བརྩོན་གནང་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སོགས་བསྩལ་འདུག

༸གོང་ས་མཆོག་ཨ་རུ་ནཱ་ཅལ་དུ་ཆིབས་སྒྱུར་དང་འབྲེལ་རྒྱ་གཞུང་གིས་རྒྱ་གར་ལ་ཉེན་བརྡ་བཏང་འདུག

ཉེ་སྔོན་རྒྱ་གར་དབུས་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེར་ཆིབས་སྒྱུར་བསྐྱང་ཆོག་པའི་ཆོག་མཆན་ཕུལ་ཡོད་པ་དང་འབྲེལ། རྒྱ་གཞུང་གིས་རྒྱ་གར་གཞུང་གི་གནང་སྟངས་དེས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པའི་ཉེན་བརྡ་ཞིག་བཏང་འདུག དེ་ཡང་ཁ་སང་ Times of India གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཚེས་ ༢༨ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ LuKang ཡིས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པར་རྒྱ་ནག་གཞུང་གི་ངོས་ནས་ད་བར་རྒྱལ་ཁབ་ཀྱི་ས་མཚམས་དང་འབྲེལ་བའི་གནད་དོན་ཐོག་ལངས་ཕྱོགས་ཁ་གསལ་དང་བརྟན་པོ་འཛིན་བཞིན་ཡོད་པ་དང་། ཏཱ་ལའི་རུ་ཚོགས་ནས་དུས་རྟག་ཏུ་རྒྱ་ནག་དང་ཁ་བྲལ་གྱི་ལས་གཞི་སྤེལ་ཡོད་སྐོར་བརྗོད་པ་དང་འབྲེལ། རྒྱ་གར་གཞུང་གིས་རྒྱ་ནག་དང་ཏཱ་ལའི་བླ་མའི་དབར་གྱི་གནད་དོན་དང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཁུལ་གྱི་གནད་དོན་དེ་གཉིས་ཚབས་ཆེན་པོ་ཇི་ཙམ་ཡིན་མིན་གསལ་པོ་ཤེས་མུས་ཐོག་རྒྱལ་ཁབ་གཉིས་དབར་རྩོད་རྙོག་ཡོད་པའི་ས་ཁུལ་ནང་དུ་ཏཱ་ལའི་བླ་མ་གདན་འདྲེན་ཞུས་པའི་བྱ་སྤྱོད་དེས་ད་ལྟ་ས་མཚམས་ས་ཁུལ་དུ་ཞི་བདེ་ལྷིང་འཇགས་ཡོད་པ་དེ་དང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལའང་དོ་ཕོག་འགྲོ་སྲིད་ཀྱི་རེད་ཅེས་ཉེན་བརྡ་ཞིག་བཏང་ཡོད་པ་བཀོད་འདུག རྒྱ་ནག་གཞུང་གིས་བོད་དང་འབྲེལ་བའི་གནད་དོན་ཐོག་ལ་རྒྱ་གར་དབུས་གཞུང་གིས་དགོངས་བཞེས་གནང་རེ་དང་། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གནད་དོན་ཐད་ཐག་གཅོད་བྱུང་དོན་ལྟར་བརྩི་སྲུང་ཞུས་པ་མ་ཟད། ཏཱ་བླ་མར་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་གླེང་སྟེགས་ཤིག་སྤྲོད་རྒྱུ་མེད་སྐོར་བརྗོད་པ་དང་ཆབས་ཅིག རྒྱ་གར་དབུས་གཞུང་གིས་དེ་ལྟར་གནང་ཚེ་རྒྱལ་ཁབ་གཉིས་དབར་ལ་འབྲེལ་ལམ་བཟང་པོ་ཞིག་བསྐྲུན་ཐུབ་ངེས་ཡིན་པ་བཤད་འདུག རྒྱ་གར་དབུས་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Vikas Swarup ལགས་ཀྱིས་༸གོང་ས་མཆོག་ནི་རྒྱ་གར་གྱི་སྐུ་མགྲོན་ཞིག་ཡིན་སྟབས། ༸གང་ཉིད་མཆོག་ལ་རྒྱ་གར་གྱི་ས་ཁུལ་གང་དུ་ཕེབས་ན་རང་དབང་ཡོད་སྐོར་གསུངས་པ་དང་འབྲེལ་༸གོང་ས་མཆོག་ནི་མང་ཚོགས་ཀྱི་དད་གུས་ཆེ་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཀྱང་ཡིན་པས་ཨ་རུ་ནཱ་ཅལ་མངའ་ཁུལ་དུ་མགོན་པོ་མཆོག་ལ་དད་གུས་བྱེད་མཁན་མང་ཚོགས་ཕོན་ཆེ་ཞིག་ཡོད་སྟབས། ༸གོང་ས་མཆོག་དེ་སྔོན་ཡང་ཁུལ་དེར་ཆིབས་བསྒྱུར་བསྐྱངས་དོན་ལྟར་སླར་ཆིབས་སྒྱུར་མཛད་པར་ཡ་མཚན་རྒྱུ་གང་ཡང་མེད་སྐོར་གསུངས་འདུག རྩ་བའི་ཨ་རུ་ནཱ་ཅལ་ས་ཁུལ་ནི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཁུལ་ཆགས་ཀྱི་ཡོད་པ་དང་། རྒྱལ་ཁབ་ཕྱོགས་གཉིས་དབར་ཕྱི་ལོ་ ༡༩༦༢ ལོར་དམག་འཁྲུག་ཆེན་པོ་བྱུང་བ་ནས་བཟུང་ཡུན་རིང་བར་རྩོད་རྙོག་ཆེ་བའི་ས་ཁུལ་ཞིག་ཏུ་གྱུར་སྟབས། རྒྱ་ནག་གིས་༸གོང་ས་མཆོག་ཆིབས་སྒྱུར་གཙོས་པའི་ཁུལ་དེར་རྒྱ་གར་དང་ཕྱི་རྒྱལ་གྱི་མི་སྣ་སུ་འདྲ་ཞིག་ཕེབས་ཀྱང་དེར་དགག་བྱ་བྱེད་བཞིན་པའི་ཁྲོད་ཉེ་སྔོན་ཚེས་ ༢༡ ཉིན་ཨ་རུ་ནཱ་ཅལ་གྱི་རྟ་དབང་ས་ཁུལ་དུ་རྟ་དབང་དུས་སྟོན་ཐོག་རྒྱ་གར་ནང་གི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ RichardVerma མཆོག་ཆེད་ཕེབས་གནང་སྐབས་རྒྱ་གཞུང་གིས་རྒྱ་གར་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད། ཨ་རིའི་གཞུང་ལའང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ནང་ཐེས་བྱུས་བྱེད་པར་སྐྱོན་བརྗོད་བྱས་ཡོད་པ་རེད།

Latest news