Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་སྐུ་ཞབས་ Emmanuel Macron ལགས་སླར་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕ་རན་སིའི་ད་ལྟའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ Emmanuel Macron ལགས་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་སྟེ་སླར་ཡང་ཡུལ་དེའི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་སྩལ་བ་དང་སྦྲགས། ད་བར་ཕ་རན་སིའི་གཞུང་མང་གཉིས་ནས་བོད་མི་ཚོ་ལ་རོགས་རམ་བསྟུད་མར་གནང་བཞིན་པ་དེ་ནི་བོད་མིའི་བསོད་ནམས་དང་ལས་དབང་བཟང་པོ་ཞིག་ལ་དགོངས་བཞིན་ཡོད་སྐོར་བཀའ་སྩལ་མཛད་འདུག ཕྱི་ཟླ་ ༤ ཚེས་ ༡༠ ནས་དབུ་འཛུགས་གནང་བའི་ཡོ་རོབ་ཕ་རན་སི་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ལས་རིམ་འདི་ཁ་སང་ཕྱི་ཚེས་ ༢༤ ཉིན་དངོས་སུ་མཇུག་སྒྲིག་གནང་བ་དང་སྦྲགས་ཏེ། ད་ལྟའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ Emmanue Macron ལགས་ལ་འོས་གྲངས་བརྒྱ་ཆ་ ༥༨་༥༥ ཐོབ་པའི་ཐོག་ནས་སླར་ཡར་ཡུལ་དེའི་སྲིད་འཛིན་དུ་བདམས་ཐོན་བྱུང་ཡོད་པ་ལྟར། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Emmanue Macron ལགས་ཀྱི་སྲིད་འཛིན་ལས་ཡུན་རིང་ནང་གདོན་ལེན་གནང་དགོས་པའི་གནད་དོན་ཐམས་བཅད་ལ་གདོང་ལེན་གནང་སྟེ་ཕ་རན་སི་མི་མང་གི་རེ་བ་དང་མངོན་འདོད་ཁག་ལམ་ལྷོང་ལྡན་པའི་ཐོག་ནས་བསྒྲུབ་ཐུབ་པ་མ་ཟད་འཛམ་གླིང་འདི་སྔར་ལྷག་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུར་ཞབས་འདེགས་བསྒྲུབ་ཐུབ་པའི་སྨོན་འདུན་གྱི་མཚམས་སྦྱོར་དང་བཅས་འཚམས་འདྲི་མཛད་འདུགམགོན་པོ་༸གང་ཉིད་མཆོག་གིས་ད་བར་ཕ་རན་སི་རྒྱལ་ཁབ་ཀྱི་དབུ་ཁྲིད་རིམ་བྱོན་རྣམ་པ་དང་མི་མང་རྣམས་ནས་བོད་མི་ལ་མཛའ་འབྲེལ་གྱི་མཐུན་འགྱུར་རོགས་རམ་དང་། ལྷག་པར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་པ་སངས་རྒྱས་པའི་ཆོས་དང་། འགྲོ་བ་སྤྱི་ལ་སྨན་པའི་ཞི་བདེ་དང་འཚེ་བ་མེད་པ། དེ་བཞིན་གཞན་ཕན་སོགས་ཀྱི་གཞི་རྩར་བཟུང་བའི་བོད་ཀྱི་རིག་གཞུང་ཁག་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་གནང་རྒྱུའི་ཐོག་རོགས་རམ་གནང་དང་གནང་བཞིན་པ་དེ་ནི་བོད་མིའི་བསོད་ནམས་དང་ལས་དབང་བཟང་པོ་ཞིག་ལ་དགོངས་བཞིན་ཡོད་པར་བཀའ་སྩལ་བ་དང་ཆབས་ཅིག བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཕ་རན་སིའི་དབུ་ཁྲིད་རྣམ་པ་དང་མི་མང་བཅས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུགརྩ་བའི་ཐེངས་འདིའི་ཕ་རན་སི་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ནང་སྐུ་ཞབས་ Emmanue Macron ལགས་ལ་འོས་གྲངས་བརྒྱ་ཆ་ ༥༨་༥༥ ཁོང་གི་ཁ་གཏད་ལྕམ་སྐུ་ Marine Le Pen ལགས་ལ་འོས་གྲངས་བརྒྱ་ཆ་ ༤༡་༤༥ བཅས་ཐོབ་ཡོད་པ་ལྟར་སྐུ་ཞབས་ Emmanue Macron ལགས་སླར་ཡང་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་འདི་ནི་འདས་པའི་ལོ་ངོ་ ༢༠ ནང་ཕ་རན་སིའི་ལས་ཐོག་སྲིད་འཛིན་ཞིག་བསྐྱར་དུ་སྲིད་འཛིན་ལ་འོས་འདེམས་བྱུང་བ་ཐེངས་དང་པོ་ཆགས་ཀྱི་ཡོད།

ང་ཚོའི་ཁྱིམ་གཞི་ཁོ་ན་ཉིད་སྲུང་སྐྱོབ་སླད་རང་གཞན་ཚང་མས་ཕྱར་བ་གྲུ་འདེགས་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གོ་ལོའི་ཉིན་མོ་དང་བསྟུན་རང་ཅག་ཐུན་མོང་གི་རྟེན་གཞིར་གྱུར་པའི་གོ་ལ་འདི་སྲུང་སྐྱོབ་སླད་རང་གཞན་ཀུན་གྱིས་ཕྱར་གྲུ་མཉམ་འདེགས་གནང་དགོས་པའི་ལམ་སྟོན་སྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༤ ཕྱི་ཚེས་ ༢༢ ཉིན་སྩལ་བའི་ཡོངས་ཁྱབ་གསུང་འཕྲིན་ནང་། དེ་རིང་འཛམ་གླིང་གི་ཉིན་མོར་འགྲོ་བ་མི་ཙམ་མ་ཟད་ཐ་ན་སྲོག་ཆགས་འབུ་སྲིན་ཕྲ་མོ་མཚོན་པའི་སེམས་ཅན་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དེ་དྲན་སྐུལ་མཛད་པ་དང་སྦྲགས། ང་ཚོ་ཚང་མས་གོ་ལ་འདིའི་ཐོག་ཐུན་མོང་གི་འཚོ་གནས་ཆེད་དུ་འགན་ཁུར་བཞེས་དགོས་སྐོར་བཀའ་སྩལ་བ་དང་། ལྷག་དོན་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཁྱད་དུ་འཕགས་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལྡན་ཡོད་ཀྱང་ད་ལྟའི་འཛམ་གླིང་འདིའི་གནས་སྟངས་ལ་བལྟས་ཚེ་དེ་ལས་ལྷག་པ་ཞིག་གནང་དགོས་པ་ཆགས་ཡོད་སྟབས། མ་འོངས་པར་ཡོངས་སྒྲིལ་ཤེས་ཡོན་ཞེས་ནང་བསམ་བློ་ཡར་རྒྱས་ཀྱི་སྟེང་ནས་ཤེས་ཡོན་གྱི་ལམ་ལུགས་ཤིག་བསྐྲུན་དགོས་པ་ནི་མེད་དུ་མི་རུང་བའི་གནད་འགག་ཆགས་ཡོད་པའི་གཞེན་སྐུལ་གནང་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་འདིའི་ཐོག་ང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཐོག་ནས་གནས་དགོས་སྟབས། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ངལ་བ་དེས་འཛམ་གླིང་སྤྱིར་ལྡོག་ཏུ་མེད་པའི་ཤུགས་རྐྱེན་ཐེབས་བཞིན་ཡོད་པའི་མཚམས་སུ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་སྟེ་གོ་ལའི་གནད་དོན་དེ་ཆེས་གནད་ཆེར་ངོས་འཛིན་གནང་དགོས་པའི་ལམ་སྟོན་སྩལ་བ་དང་ཆབས་ཅིག ད་ཆ་ང་ཚོས་ངེས་པར་དུ་འཛམ་གླིང་ནང་གི་ Fossil Fuels འམ་རྡོ་སྣུམ་དང་རྡོ་སོལ་སོགས་རང་བྱུང་གི་ཐོན་རྫས་སྤྱོད་བཞིན་པ་དེ་དག་ལ་བརྟེན་རྒྱུ་ཉུང་དུ་གཏོང་དགོས་པའི་ཛ་དྲག་གི་གོམ་པ་སྤོ་དགོས་པ་དང་། དེ་ལས་བསྐྱར་གསོ་བྱེད་རུང་བའི་ཐོན་ཁུངས་ཁག་ལ་མང་ཙམ་བརྟེན་དགོས་པ་མ་ཟད། ང་ཚོས་ཤིང་ནགས་རྩ་གཏོར་གཏོང་རྒྱུ་ལས་ལྗོན་ཤིང་འདེབས་འཛུགས་དང་ལྗོན་ཤིང་ལ་ལྟ་རྟོག་གི་ལས་གཞི་གང་མང་སྤེལ་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་གནང་སྒོར་ཐུགས་སྣང་གནང་དགོས་པའི་ལམ་སྟོན་བཀྲིན་ཆེ་བ་མཛད་འདུག དེ་བཞིན་གསུང་འཕྲིན་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚེ་ཧྲིལ་པོའི་ནང་བོད་དང་དེ་ནས་མགོན་པོ་༸གང་ཉིད་མཆོག་གི་བཞུགས་གནས་དྷརྨ་སཱ་ལཱར་གངས་འབབ་ཚད་ཉུང་དུ་འགྲོ་བཞིན་ཡོད་པ་དངོས་སུ་གཟིགས་མྱོང་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། རྒྱལ་སྤྱིའི་ཚན་རིག་པ་ཁག་ཅིག་གིས་མགོན་པོ་༸གང་ཉིད་མཆོག་ལ་མ་འོངས་པར་བོད་གཙོ་བོར་གྱུར་པའི་ས་ཆ་ཁག་གཅིག་རིམ་པས་བྱེ་ཐང་དུ་འགྱུར་རྒྱུའི་ཉེན་ཁ་ཡོད་སྐོར་སྙན་སེང་ཞུས་པ་ལུང་འདྲེན་མཛད་དེ། ༸གོང་ས་མཆོག་གིས་༸སྐུ་ཚེའི་ནང་གི་ཐུགས་བསྐྱེད་ཆེན་པོ་གཅིག་ནི་ཁོར་ཡིག་སྲུང་སྐྱོབ་མཛད་རྒྱུ་དེ་ཡིན་སྟབས། ༸གོང་ས་མཆོག་ས་གནས་གང་དུ་ཆིབས་བསྒྱུར་མཛད་ཀྱང་གས་ཆག་སླ་བའི་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བཀའ་སློབ་སྩལ་གྱི་ཡོད་པ་བཀའ་སྩལ་མཛད་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་ཡང་ང་ཚོའི་མི་ཚེ་འདི་རེ་བར་གཞི་བཅོལ་ཡོད་པ་དང་། རེ་བ་ཞེས་པ་འདི་མ་འོངས་པ་དང་འབྲེལ་ཡོད། མ་འོངས་པའི་སྐོར་ཁག་ཐེག་ངེས་བརྟན་འཕེལ་བ་གང་ཡང་མེད་ཀྱང་། རང་ཉིད་ཀྱིས་རྣམ་པ་ཀུན་ཏུ་རེ་བ་བཟང་ས་ཞིག་ལ་རྒྱག་རྒྱུ་དང་། གང་ལྟར་བློས་དཔྱད་པའི་ཐོག་ནས་དཀའ་ངལ་དག་ལ་གདོང་ལེན་གནང་དགོས་པར་ལམ་སྟོན་རྒྱ་ཆེར་སྩལ་བ་མ་ཟད། ད་ཆ་རང་ཅག་ཐུན་མོང་གི་གོ་ལ་འདིར་ཚ་དྲོད་ཤུགས་ཆེ་འཕེལ་བཞིན་པའི་ཛ་དྲག་གི་གནས་སྟངས་སེལ་ཐབས་སླད་གཞོན་སྐྱེས་མང་དག་གིས་མཉམ་རུབ་ཀྱིས་ཐབས་ལམ་འཚོལ་ཐབས་དང་སྤེལ་རེས་བྱེད་དགོས། གཞོན་སྐྱེས་ཚོ་ནི་ང་ཚོའི་རེ་བ་རེད་ཅེས་བཀའ་སྩལ་འདུག དེ་འབྲེལ་ངལ་བར་གདོང་ལེན་ཆེད་ང་ཚོ་ཚང་མས་མཉམ་རུབ་ངང་འབད་སྤུངས་ཀྱིས་དུས་བཅས་རེའུ་མིག་འཆར་འགོད་ཐོག་ནས་ལས་འགུལ་སྤེལ་དགོས་ཞེས་བཀའ་སྩལ་འདུག ལར་ནས་མགོན་པོ་༸གང་ཉིད་མཆོག་གིས་རང་གཞན་ཀུན་གོ་ལ་འདི་ཉིད་ལ་བརྟེན་ནས་འཚོ་དགོས་ཀྱི་ཡོད་སྟབས། དེའི་ནང་ཞི་བདེ་བག་ཕེབས་ངང་གནས་པ་ཙམ་མིན་པར་གོ་ལ་སྤྱིར་འཕྲད་པའི་ངལ་བ་སེལ་ཐབས་སུ་རང་གཞན་ཚང་མས་འགན་བཞེས་རྒྱུ་ནི་ཤིན་ཏུ་གནད་ཆེ་ཆགས་ཡོད་པའི་ལམ་སྟོན་མཛད་འདུག

༸གོང་ས་མཆོག་འདི་ལོར་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུར་བཀའ་བཞེས་སྨིན་སྩལ།

དེ་རིང་ཞོགས་པར་ཁྲིགས་སེ་རིན་པོ་ཆེ་མཆོག་དང་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་དང་ལ་དྭགས་ནང་པ་ཚོགས་འདུའི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས། དེ་བཞིན་ལ་དྭགས་དགོན་ཚོགས་ཀྱི་གཙོ་འཛིན་རྒན་བཤད་སྒྲུབ་བྱམས་པ་ལགས། ལིང་ཤེད་དགོན་པའི་སྐུ་ཚབ་བཅས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༢༠༢༢ ལོའི་དབྱར་དུས་སུ་ལ་དྭགས་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གནང་ཡོང་བའི་གསོལ་འདེབས་ཇི་ལྟར་ཞུས་པ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་འདི་ལོའི་ཕྱི་ཟླ་བདུན་པའམ་བརྒྱད་པའི་ནང་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུའི་བཀའ་བཞེས་སྨིན་སྩལ་མཛད་འདུག གསར་འགོད་པས་ཐེངས་འདིའི་མཇལ་ཁ་དང་འབྲེལ་ནས་ཁྲིགས་སེ་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཁག་ཅིག་ཞུས་པར་དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་དང་མཇལ་ཁ་ཞུས་སྐབས་༸གོང་ས་མཆོག་༸སྐུ་ངལ་གསོ་བཞུགས་མཛད་རྒྱུ་ཁོ་ནའི་ཆེད་དུ་ལ་དྭགས་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུའི་གསོལ་འདེབས་ཇི་ཞུས་ལྟར་ཐུགས་བརྩེ་བ་ཆེན་པོས་དེ་དོན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་ཡོད་པ་མ་ཟད། མཇལ་ཁའི་སྐབས་ལིང་ཤེད་དགོན་པའི་སྐུ་ཚབ་ནས་འདི་ལོར་ལིང་ཤེད་དགོན་དུ་དབྱར་ཆོས་ཆེན་པོ་ཚོགས་ཀྱི་ཡོད་སྟབས་དེར་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་ཀྱང་མགོན་པོ་༸གང་ཉིད་མཆོག་ནས་གཟིགས་ཀྱི་ཡིན་ཞེས་པ་ཙམ་ལས་ཆིབས་བསྒྱུར་མཛད་གཏན་ཁེལ་བའི་བཀའ་སྩལ་མཛད་མི་འདུག མགོན་པོ་༸གང་ཉིད་མཆོག་དང་མཇལ་མོལ་གྲུབ་མཚམས་སུ་ལ་དྭགས་པའི་སྐུ་ཚབ་རུ་ཁག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དགུང་ཚིགས་ལྷན་བཞེས་དང་འབྲེལ་ཏེ་མཇལ་མོལ་གནང་ཡོད་པ་ལྟར། སྐབས་དེར་ལ་དྭགས་ནང་པ་ཚོགས་འདུའི་ཚོགས་གཙོ་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་ཀྱིས་བོད་ཀྱི་གནད་དོན་དང་འབྲེལ་ནས་ལ་དྭགས་པ་གཙོ་བོར་གྱུར་པའི་ཧི་མཱ་ལ་ཡའི་རྒྱལ་བརྒྱུད་ཀྱི་མི་རིགས་ཡོངས་མཉམ་དུ་ཡོད་ཅེས་གསུངས་སོང་། གཞི་རྩའི་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༡༢ ནང་ལ་དྭགས་ནང་ཚོགས་དགོན་ཚོགས་སྐུ་ཚབ་རུ་ཁག་ཅིག་བཞུགས་སྒར་དུ་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབྱར་དུས་སུ་ལ་དྭགས་ལ་ཆིབས་བསྒྱུར་བཀྲིན་བསྐྱངས་ནས་ཐུགས་ལྷོད་ལྷོད་ངང་༸སྐུ་ངལ་གསོ་བཞུགས་མཛད་རྒྱུའི་གསོལ་འདེབས་ཞུས་པ་ལྟར། མགོན་པོ་༸གང་ཉིད་མཆོག་ནས་ཀྱང་ཐུགས་བརྩེ་ཆེན་པོས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་ཀྱང་། རྒྱ་ནག་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་ཆིབས་བསྒྱུར་མཛད་ཐུབ་མེད་པ་རེད།

༸གོང་ས་མཆོག་གིས་རྒྱུད་གྲྭ་སྟོད་སྨད་གཉིས་གཙོས་འབྲས་སྤུངས་སྒོ་མང་བཅས་ཀྱི་མཁན་བླ་ཁག་ཅིག་ལ་མཇལ་ཁ་སྩལ་བ།

དེ་རིང་སྔ་དྲོར་༸དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་གཙོས་པའི་༸དཔལ་ལྡན་འབྲས་སྤུངས་སྒོ་མང་བཅས་ཀྱི་མཁན་བླ་གསར་པ་ཁག་ཅིག་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་བཅར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་དང་ལམ་སྟོན་བཀའ་སློབ་ཞུས་འདུག༸གོང་ས་མཆོག་གིས་སྐབས་དེར་དགོན་སྡེ་ཁག་གི་མཁན་བླ་ལས་ཟུར་རྣམས་ལ་ཉེ་སྔོན་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་སྐབས་ཉམ་ཐག་རྣམས་ལ་སྐམ་ཟས་སོགས་ཀྱི་རོགས་རམ་ལས་དོན་རླབས་ཆེན་གཉེར་བར་ཐུགས་དགྱེས་ཚོར་ཆེན་པོས་ཡི་རང་བསྔགས་བརྗོད་མཛད་པ་མ་ཟད། རིང་མིན་བདེ་མཆོག་ཚེ་ལྷ་དཀར་པོའི་བཀའ་དབང་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་འདུགརླུང་འཕྲིན་ཁང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་དང་བཀའ་སློབ་སྩལ་གྲུབ་བསྟུན་༸དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་བསྟན་འཛིན་བཟང་པོ་ལགས་སུ་དེ་རིང་གི་གཟིམ་ཆུང་མཇལ་ཁ་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་ཡོད། ༸སྐུ་པར་བདག་དབང་། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་།

འཐབ་འཛིང་བྱེད་ཡག་དེ་བེད་སྤྱོད་མེད་པ་ཞིག་རེད། 

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་འཛམ་གླིང་གི་ས་གནས་འདྲ་མིན་ནས་བཅར་བའི་དད་ལྡན་མི་སྣ་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་སྩལ་བ་དང་སྦྲགས་གོ་ལ་སྤྱིའི་བདེ་དོན་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གནང་རྒྱུའི་ཐོག་དགོངས་པ་བཞེས་དགོས་པའི་ལམ་སྟོན་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་མཇལ་ཁའི་སྐབས་ New Zealand ཡི་ Māori ཞེས་པའི་གདོད་མའི་མི་རིགས་ཀྱི་ལུགས་སྲོལ་ལྟར་སྣ་རྩེ་ཐུག་རེས་བྱེད་རྒྱུ་ཡིན་ཞེས་ཕྲུ་གུ་ཞིག་ལ་ཤངས་རྩེས་མཇལ་ཁ་སྩལ་བའི་ཐོག་ནས་འཚམས་འདྲི་མཛད་པ་དང་སྦྲགས། མགོན་པོ་མཆོག་གི་མི་ཐོག་རིང་ལ་འཛམ་གླིང་ཐོག་དཀའ་རྙོག་མང་དག་ཅིག་འཕྲད་ཡོད་པ་དང་། མ་འོངས་མི་རབས་གསར་པའི་སྐབས་སུ་འཛམ་གླིང་འདི་ཞི་བདེ་དང་འདྲ་མཉམ་ལྡན་པའི་སྤྱི་ཚོགས་ཤིག་ཆགས་ཐུབ་པའི་ཐུགས་རེ་ཆེན་པོ་ཡོད་པ་དང་། དེས་ན་མི་རབས་གསར་པ་ཚོ་མི་རེ་ངོ་རེར་འཛམ་གླིང་ནང་མི་ཐེར་འབུམ་བདུན་ཡོད་པ་རྣམས་གཅིག་གྱུར་ཡིན་པའི་འདུ་ཤེས་ཐོག་ནས་དོན་དམ་གྱི་ཞི་བདེ་བསྐྲུན་རྒྱུའི་འགན་ཡོད་པར་བཀའ་སྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ཆ་གོ་ལའི་ཚ་དྲོད་རྒྱས་པ་ནས་ཛ་དྲག་ཅན་གྱི་གནད་དོན་ཆགས་ཡོད་པ་སོགས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དཀའ་ངལ་འཕྲད་པ་དེ་ནི་ཛ་དྲག་རང་བཞིན་གྱི་ངལ་བ་ཞིག་ཡིན་པ་དང་། ཛ་དྲག་རང་བཞིན་གྱི་དཀའ་ངལ་དེ་འདྲ་ཞིག་ཡོད་བཞིན་པའི་ཁྲོད་དུ་ང་ཚོ་ཕན་ཚུལ་དབར་འཐབ་འཛིང་བྱེད་ཡག་དེ་བེད་སྤྱོད་མེད་པ་ཞིག་རེད་ཅེས་བཀའ་སྩལ་བ་དང་ཆབས་ཅིག ད་ཆ་ང་ཚོའི་ངོས་ནས་ངའི་རྒྱལ་ཁབ་དང་ངའི་གླིང་ཕྲན་སོགས་རང་ཉིད་ཁོ་ནའི་ཆེད་དུ་བསམ་བློ་གཏན་རྒྱུ་ལས་གོ་ལ་སྤྱི་དང་འགྲོ་བ་མི་སྤྱིའི་བདེ་དོན་ལ་དགོངས་པ་བཞེས་གལ་ཡིན་པ་མ་ཟད།  གཙོ་བོ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་ཐོག་ནས་ཡོང་ཐུབ་པ་ཞིག་ཡིན་སྐོར་སོགས་ལམ་སྟོན་བཀའ་དྲིན་བ་སྩལ་འདུག

༸གོང་ས་མཆོག་གིས་ཞོ་སྟོན་ཐེངས་ཉེར་ལྔ་པར་བཅར་བའི་ཚོགས་མིར་མཇལ་ཁ་སྩལ་བ།

དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་འཚོགས་བཞིན་པའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༥ ཐོག་མཉམ་ཞུགས་གནང་མཁན་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ཕྱོགས་མཐའ་ཁག་ནས་བཅར་བའི་ལྷ་མོའི་ཚོགས་པ་ཁག་གི་ཚོགས་མི་ལས་བྱེད་ཡོངས་ལ་དམིགས་བསལ་མཇལ་དང་བླང་དོར་བཀའ་སློབ་བཀྲིན་ཆེ་བ་སྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་དེ་སྔ་བོད་ཀྱི་རྒྱལ་ས་ལྷ་སར་ཞོ་སྟོན་ཉིན་མ་ལྔ་ཙམ་རིང་ཚོགས་ཀྱི་ཡོད་པ་དང་སྐབས་དེར་མགོན་པོ་༸གང་ཉིད་མཆོག་༸རྒྱལ་ཡུམ་ཆེན་མོ་མཆོག་དང་མཇལ་འཕྲད་ཡང་ཡང་བྱུང་གི་སྟབས་དུས་ཚོད་དེ་ནི་ཆེས་སྐྱིད་ཤོས་ཤིག་དང་། དེ་ནི་དབྱར་ཁའི་གུང་སེང་རིང་ཤོས་ཤིག་ཀྱང་ཡིན་པ་སོགས་དྲན་གསོ་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་ནས་ང་ཚོ་བཙན་བྱོལ་བ་ཆགས་ནས་རང་མགོ་གང་ཐོན་བྱས་ནས་མ་ཕྱིན་པར་བོད་ཀྱི་ཆོས་དང་རིག་གཞུང་། ལེགས་བྱང་ཁག་འཛིན་སྐྱོང་གནང་སྟེ་གནས་ཡོད་པ་དང་། ལྷག་པར་དུ་བོད་མི་ཚོས་བཤད་སྒྲུབ་ཟུང་འབྲེལ་ཐོག་བདག་གཅེས་གནང་བའི་ནང་པ་སངས་རྒྱས་པའི་ཆོས་ལ་ད་ཆ་རྒྱ་ནག་ནང་ལ་དམིགས་བསལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་པ་མ་ཚད་པར་དད་པ་ཙམ་མིན་པར་ཚན་རིག་དང་མཐུན་པའི་བོད་ཀྱི་ནང་ཆོས་ལ་རྒྱལ་སྤྱིའི་ཚན་རིག་མཁས་པ་ཚོས་ཀྱང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་སོགས་བཀའ་སྩལ་བ་དང་ཆབས་ཅིག ང་ཚོ་བཙན་བྱོལ་ལ་གྱུར་བའི་རྐྱེན་ངན་དེ་གྲོགས་ལ་ཤར་ནས་འཛམ་གླིང་ས་ཕྱོགས་གང་སར་བོད་ཀྱི་ཆོས་རིག་དང་ལེགས་བྱང་སོགས་ཁྱབ་སྤེལ་ཐུབ་ཡོད་སྟབས། བོད་མི་ཚོའི་ངོས་ནས་བོད་ཀྱི་ཆོས་རིག་དེ་དག་མུ་མཐུད་བདག་གཅེས་གནང་གལ་ཡིན་པའི་ལམ་སྟོན་མཛད་ཡོད། དེ་བཞིན་ཆོས་རྒྱལ་སྲོང་བཙན་སྒམ་པོ་མཆོག་གིས་དབུས་པའི་ཆོས་རྒྱལ་ཚོས་བོད་ཀྱི་ཡི་གེ་གསར་གཏོད་དང་དཔལ་ནཱ་ལེནྡཱའི་རིག་གཞུང་རྣམས་བོད་བསྒྱུར་གནང་བ་སོགས་རླབས་ཆེན་གྱི་མཛད་རྗེས་བསྐྱངས་ཁག་དྲན་གསོ་མཛད་དེ། ང་ཚོ་བོད་མི་རྣམས་བཙན་བྱོལ་བ་ཞིག་ཆགས་ཡོད་ཀྱང་ལོ་རྒྱུས་ལྡན་པའི་བོད་པའི་རིག་གཞུང་དག་ལ་གཞིགས་ན་བོད་མི་རྣམས་སེམས་ཞུམ་མི་དགོས་པར་སྤོབས་པ་གནང་འོས་པ་ཞིག་ཆགས་ཡོད་པར་བཀའ་སྩལ་གྲུབ་མཚམས་སུ་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ཕྱོགས་མཐའ་ཁག་ནས་བཅར་བའི་ལྷ་མོའི་ཚོགས་ཁག་གི་སྐུ་ཚབ་རེ་རེའི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་རྣམ་ཐར་རེ་གཟིགས་ཕུད་ཞུས་ཡོད། རྣམ་མཐར་གཟིགས་ཕུད་སྤྱན་འབུལ་ཞུ་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མདོ་སྨད་ཙོང་ཁའི་ཡུལ་ནས་ཡོང་བའི་ལྷ་མོ་དོན་གྲུབ་ཞུ་བའི་བུ་དེས་ད་བར་༸རྒྱལ་བའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཙོ་གྱུར་རིས་སུ་མ་ཆད་པའི་བསྟན་པ་སྤྱིར་སྨན་པའི་ཞབས་འདེགས་ཞུས་ཡོད་པ་དེ་དག་ལ་བོད་མི་ཚོའི་ངོས་ནས་སྤོབས་པ་གནང་འོས་པ་དང་། ད་ལྟའི་ཆར་ལྷ་བླའི་བཀའ་ལུང་ཁག་ལ་གཞིགས་ན་མགོན་པོ་༸གང་ཉིད་མཆོག་ད་དུང་དགུང་ལོ་བཅུ་བཅོ་ལྔ་བར་བཞུགས་ངེས་ཡིན་པ་ལྟར་བོད་མི་ཚོའི་ངོས་ནས་ཀྱང་ཧུར་ཐག་གནང་རོགས་ཞེས་བཀའ་སྩལ་མཛད་ཡོད། དེ་རིང་མཇལ་ཁའི་ཐོག་ཉེ་ཆར་བཞུགས་སྒར་དུ་ཚོགས་པའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ལྔ་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་བཅར་བའི་ཚོགས་མི་རྣམས་ཀྱང་ལྷན་ཞུགས་གནང་ཡོད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་དབུ་མའི་ལམ་ཞེས་རྒྱ་ཆེ་ས་ནས་དགོངས་པ་བཞེས་ཚེ་བོད་ཙམ་མིན་པར་རྒྱ་ནག་ལའང་འགྱུར་བ་འགྲོ་ཐབས་དང་། ལྷག་པར་དུ་ང་ཚོས་རང་སྐྱོང་ཞེས་པ་དེ་ཆབ་སྲིད་འཛིན་སྐྱོང་གི་སྐད་ཆ་ཞིག་མིན་པར་བོད་ཆོལ་ཁ་གསུམ་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་འོག་བོད་ཀྱི་ཐུན་མིན་ཆོས་རིག་དང་ལེགས་བྱང་བཅས་པ་བདག་གཅེས་གནང་རྒྱུའི་ཐོབ་ཐང་བྱུང་རྒྱུ་ཡིན་སྐོར་བཀའ་སྩལ་བ་མ་ཟད། རིམ་པས་ཆོས་རིག་ཐོག་ནས་རྒྱ་ནག་ལ་ཕར་དབང་བསྒྱུར་བྱེད་ཐུབ་པའི་ཐུགས་རེ་ཡོད་པར་བཀའ་སྩལ་མཛད་ཡོད་པ་རེད།

ངོས་ལ་ཉེན་སྲུང་གནང་མཁན་ས་གནས་ཀྱི་དཔོན་རིགས་དང་སྐུ་སྲུང་བ་ཡོངས་ལ་ཐུགས་རྗེ་ཆེ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཀངྒ་རཱ་རྫོང་དཔོན་དང་སྐུ་སྲུང་བ་སྤྱི་ཁྱབ་པ་གཙོས་དྷརྨ་སཱ་ལཱའི་ས་གནས་ཀྱི་དཔོན་རིགས་ཁག་ཅིག་དང་ཁོང་རྣམ་པའི་ནང་མི་སྐུ་འཁོར་ཡོངས་ལ་གཟིམ་ཆུང་མཇལ་ཁ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་དུ་སྐུ་བཞུགས་མཛད་ནས་མི་ལོ་ ༦༠ ལྷག་ཙམ་ཕེབས་ཡོད་པ་དེའང་ཐུགས་ཧ་ཅང་ལྷོད་པོ་དང་བདེ་པོ་བྱུང་ཡོད་པར་བཀའ་སྩལ་མཛད་པ་དང་སྦྲགས། ཐེངས་འདིའི་མཇལ་ཁའི་གོ་སྐབས་ཐོག་ནས་ས་གནས་ཀྱི་སྔ་རྗེས་སུ་ཕེབས་པའི་དཔོན་རིགས་རྣམས་དང་ལྷག་དོན་མགོན་པོ་༸གང་ཉིད་མཆོག་ལ་ཉིན་མཚན་མེད་པར་སྐུ་ཕྱྭའི་ཉེན་སྲུང་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག༸གོང་ས་མཆོག་གིས་ཀངྒ་རཱ་རྫོང་དུ་ཆགས་པའི་བཞུགས་སྒར་དྷརྨ་སཱ་ལཱ་འདི་ནི་རྒྱ་གར་གྱི་སྲིད་བློན་དམ་པ་ནེཧ་རུ་མཆོག་གི་དགོངས་གཞི་ལྟར་མགོན་པོ་༸གང་ཉིད་མཆོག་གིས་དབུས་པའི་བོད་མི་བཙན་བྱོལ་བ་རྣམས་ཀྱི་བཞུགས་གནས་སུ་གྱུར་བ་དང་། ས་གནས་འདི་གནམ་གཤིས་དང་ས་བབ་སོགས་ཕྱོགས་གང་ཅིའི་ཐོག་ནས་མགོན་པོ་མཆོག་ལ་ཧ་ཅང་འཚམ་པོ་གྱུར་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ་ཏེ། ༸གོང་ས་མཆོག་དང་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཕྱྭའི་འགན་ཡོད་པའི་རྒྱ་གར་གྱི་སྐུ་སྲུང་བ་དབར་རྒྱུན་ལྡན་ནས་དམིགས་བསལ་གྱི་མཛའ་བརྩེའི་འབྲེལ་བ་མཚོན་པའི་དཔེ་མཚོན་ཁག་ཅིག་ཞལ་ཤོབ་མཛད་དེ་བཀའ་སྩལ་བ་དང་ཆབས་ཅིག སྤྱིར་༸གོང་ས་མཆོག་སྐུ་མགྲོན་གྱི་ངོ་བོའི་ཐོག་ནས་རྒྱ་གར་གྱི་ས་གནས་གང་དུ་ཆིབས་བསྒྱུར་མཛད་ཀྱང་དབུས་དང་མངའ་སྡེའི་གཞུང་ནས་མཐུན་འགྱུར་གང་ཐུབ་ཞུས་དང་ཞུ་བཞིན་ཡོད་པ་དེ་ལྟར་ཡང་། བཞུགས་སྒར་གྱི་ས་གནས་དཔོན་རིགས་དང་སྐུ་སྲུང་བ་རྣམས་ལ་མགོན་པོ་ནས་དམིགས་བསལ་བཀྲིན་ཆེན་པོ་ཡིན་སྐོར་བཀའ་སྩལ་འདུག ༸གོང་ས་མཆོག་གིས་སྐབས་དེར་ད་དུང་རྒྱ་གར་འཕགས་པའི་ཡུལ་འདི་ནི་མང་གཙོ་དང་ཆོས་དད་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པར་ཆེ་བསྟོད་མཛད་པ་དང་འབྲེལ། དེ་སྔ་༸གོང་ས་མཆོག་མ་སུ་རིར་ལོ་གཅིག་ཙམ་རིང་སྐུ་བཞུགས་མཛད་རྗེས་བཞུགས་སྒར་དྷརྨ་སཱ་ལཱར་ཆིབས་བསྒྱུར་མཛད་གཏན་ཁེལ་སྟབས། སྐབས་དེའི་འབྲས་སྤྱི་བློན་ཆེན་ Apa Pant ལགས་ཀྱིས་དྷ་ས་ནས་༸གོང་ས་མཆོག་གི་ཐུགས་ཀྱི་འོད་ཟེར་འཛམ་གླིང་ཡོངས་ལ་འཕྲོ་ངེས་རེད་ཅེས་ཞུས་པ་དེ་ད་ཆ་རན་པོ་ཞིག་ཆགས་ཡོད་པ་དང་། ༸གོང་ས་མཆོག་ད་ཆ་ས་གནས་འདིར་རང་དབང་ལྡན་པའི་ངང་སྐུ་བཞུགས་མཛད་དེ་སྐབས་བསྟུན་ཕྱི་ནང་གི་མི་སྣ་མཇལ་འཕྲད་དང་ལྷག་པར་བརྙན་སོགས་ཀྱི་བརྒྱུད་ལམ་ཐོག་ནས་མགོན་པོ་མཆོག་གི་དགོངས་གཞི་བརྒྱུད་སྤེལ་མཛད་ཐུབ་པ་བཅས་ལ་གཞིགས་ན་༸སྐུ་ཚེ་འདི་དོན་དམ་པའི་ཕན་རླབས་ཅན་ཞིག་ཏུ་གྱུར་ཡོད་པར་བཀའ་སྩལ་མཛད་ཡོད། ༸གོང་ས་མཆོག་གིས་སྐབས་དེར་དེ་རིང་སྔ་དྲོ་༸སྐུའི་བླ་སྨན་པ་རྣམས་ནས་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཞུས་པ་ལྟར་སྔར་བཞིན་གསལ་ཐང་ཡིན་པའི་སྙན་སེང་ཞུས་པ་ཡོངས་གྲགས་བཀའ་སྩལ་མཛད་འདུག  ཚོུད་གཅིག་ལྷག་ཙམ་གྱི་མཇལ་མོལ་དེའི་རིང་རྒྱ་གར་གྱི་ས་གནས་དཔོན་རིགས་རྣམས་ནས་༸གོང་ས་མཆོག་ཁུལ་འདིར་སྐུ་བཞུགས་མཛད་པ་ཙམ་གྱིས་ད་ཆ་ས་གནས་འདི་གནའ་བོའི་ལེགས་བཤད་ཀྱི་ལྟེ་གནས་ལྟ་བུར་གྱུར་ཡོད་པ་འགྲེལ་བརྗོད་དང་འབྲེལ་མགོན་པོ་༸གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུས་པ་མ་ཟད། ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་དང་མི་ཚེ་དོན་དམ་པ་ཇི་ལྟར་བསྐྱེལ་དགོས་པ། དེ་བཞིན་རང་གི་འོས་འགན་དང་འཚེ་མེད་ཞི་བའི་ལྟ་གྲུབ་གཉིས་ཟུང་འབྲེལ་ཐོག་ལག་བསྟར་བྱེད་ཕྱོགས་སོགས་ཀྱི་གནད་དོན་འདྲ་མིན་ཐོག་བཀའ་འདྲི་དགོངས་སྐོར་ཞུས་ཡོད་པ་བཞིན་༸གོང་མཆོག་གིས་ཐུགས་བརྩེ་ཆེན་པོས་བཀའ་ལན་མཛད་པ་དང་འབྲེལ། གཙོ་བོ་འགྲོ་བ་མི་གཅིག་གྱུར་གྱི་བློ་གོང་འཕེལ་གནང་རྒྱུའི་གལ་གནད་དང་། རྒྱ་གར་གྱི་གནའ་རབས་ལེགས་བཤད་ནང་འཚེ་མེད་ཞི་བ་དང་སྙིང་རྗེའི་སྐོར་གསལ་བ་དེ་དག་རླབས་ཆེན་ཡིན་པ་དང་། དེ་དག་ལ་བརྟེན་ནས་རྒྱ་གར་གྱི་སྤྱི་ཚོགས་ནང་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་ལོ་ངོ་སྟོང་མང་པོའི་རིང་ནས་གནས་ཐུབ་ཡོད་སྟབས་རྒྱ་གར་གྱི་གནའ་རབས་ལེགས་བཤད་དག་ལ་སློབ་གཉེར་གནང་གལ་ཡིན་པ་སོགས་ཀྱི་ལམ་སྟོན་མཛད་འདུག  

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ Bharat Ratna འབུལ་དགོས་བའི་ཞུ་སྐུལ།

རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ལགས་ཀྱིས་རྒྱ་གར་དབུས་གཞུང་ལ་ཞུ་སྙན་ཞིག་ཕུལ་ཏེ་རྒྱ་གར་གཞུང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡུལ་དེའི་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་ Bharat Ratna འབུལ་ལམ་ཞུ་དགོས་པའི་གནད་དོན་གཙོས་ལ་དྭགས་ཀྱི་ཁུལ་ UT དང་འབྲེལ་ནས་གནད་དོནཁག་ཅིག་གི་སྐོར་ཞུ་སྐུལ་ཞུས་འདུགཁ་སང་རེས་གཟའ་ཕུར་བུ་ཉིན་རིན་ཆེན་ལྷ་མོ་ལགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་གནང་བར་ཕྱི་ལོ་ ༢༠༢༡༌༌༢༢ ལོའི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོ་ནང་དུ་ལ་དྭགས་ཀྱི་ཁུལ་ UT དང་འབྲེལ་བའི་གནད་དོན་ཁག་ཅིག་དེའི་ཆ་ཤས་སུ་འཁོད་དགོས་པའི་དགོས་འདུན་ཆེད་བཏོན་གནང་ཡོད་པ་མ་ཟད། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རྒྱུན་དུ་མགོན་པོ་༸གང་ཉིད་མཆོག་ནང་པའི་དགེ་སློང་དཀྱུས་མ་ཞིག་དང་རྒྱ་གར་གྱི་བུ་ཞིག་ལ་ངོས་འཛིན་མཛད་ཀྱི་ཡོད་པར་བཀའ་སྩལ་བ་ལུང་འདྲེན་གྱིས་མགོན་པོ་༸གང་ཉིད་མཆོག་ནས་༸སྐུ་ཚེ་ཧྲིལ་པོའི་རིང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཕྱུག་པོ་ཡོད་པ་ལས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་ཆོས་བསྐྱར་གསོ་ཡོང་ཐབས་ཀྱི་མཛད་རྗེས་རླབས་ཆེན་བསྐྱངས་ཡོད་པར་འགྲེལ་བརྗོད་དང་འབྲེལ། ༸གོང་ས་མཆོག་ལ་རྒྱ་གར་གཞུང་གི་ངོས་ནས་ Bharat Ratna གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་དུས་ལ་བབ་ཡོད་པར་གསུངས་འདུག རིན་ཆེན་ལྷ་མོ་ལགས་ཀྱིས་ཞུ་ཡིག་དེའི་ནང་ལ་དྭགས་ཀྱི་ཁུལ་ UT ས་གནས་མང་ཚོགས་དང་འབྲེལ་བའི་གནད་དོན་ཁག་ཅིག་ཆེད་བཏོན་གནང་བར་རྒྱ་གར་གྱི་རྩ་ཁྲིམས་སྲུང་སྐྱོབ་ཀྱི་དོན་ཚན་དྲུག་པའི་འོག་ཏུ་ UT ས་གནས་མང་ཚོགས་ལ་རང་གི་ས་ཆ་དང་ལས་ཀ དེ་བཞིན་རིག་གཞུང་དང་ཁོར་ཡུག་བཅས་པ་སྲུང་སྐྱོབ་ཆོག་པའི་ཐོབ་ཐང་སྤྲོད་དགོས་པ་དང་། བྷོ་ཊའི་སྐད་ཡིག་ལ་གཞུང་འབྲེལ་ངོས་འཛིན་གནང་སྟེ་དེ་ཉིད་རྒྱ་གར་རྩ་ཁྲིམས་ཀྱི་དོན་ཚན་བརྒྱད་པའི་ཁོངས་སུ་བཅུག་དགོས་པ། དེ་བཞིན་བྷོ་ཊིའི་སྐད་ཡིག་དང་རིག་གནས་གཉིས་ UT ཁུལ་གྱི་སློབ་གྲྭའི་ཤེས་ཡོན་ལམ་ལུགས་ནང་བཅུག་དགོས་པ་མ་ཟད། ལྷག་དོན་ལ་དྭགས་ནང་གི་གཞུང་འབྲེལ་གཞི་རིམ་གོང་མའི་སློབ་གྲྭ་ཁག་ཏུ་བྷོ་ཊའི་དགེ་རྒན་དང་བོད་རིག་པའི་མཐོ་རིམ་སློབ་དཔོན་གྱི་ས་དམིགས་ཆེད་བཏོན་གནང་བ་དང་ཆབས་ཅིག རྒྱ་གར་བྱང་ཕྱོགས་དཀར་འཁྱིལ་རྫོང་ཁོངས་སུ་ནང་པའི་གྲངས་ཉུང་མི་རིགས་སྤྱི་ཚོགས་ཀྱི་བདེ་དོན་སླད་ལས་འཆར་གསར་གཏོད་གནང་དགོས་པ་སོགས་ཀྱི་དོན་ཚན་ཁག་ཅིག་བཀོད་འདུག ཁ་སང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་བྷོ་ཊིའི་སྐད་ཡིག་དེ་རྒྱ་གར་གྱི་རྩ་ཁྲིམས་ཀྱི་ལེའུ་བརྒྱད་པའི་ནང་ཆེད་འཇུག་ཡོང་བར་ཁོང་གི་ངོས་ནས་སྤྱི་འཐུས་སྒེར་གྱི་ཁྲིམས་འཆར་ཞིག་རྒྱ་གར་གྱི་ཁྲིམས་བཟོ་ལྷན་ཚོགས་སམ་གྲོས་ཚོགས་འོག་མར་བསྣམ་རྒྱུ་ཡིན་སྐོར་དང་དེ་ནི་ད་བར་གྱི་མི་རབས་ནང་བྱུང་མྱོང་མེད་པའི་ལས་འགུལ་གལ་ཆེ་ཞིག་དང་རྒྱ་གར་གྱི་ཁྲིམས་བཟོ་ལྷན་ཚོགས་སམ་གྲོས་ཚོགས་འོག་མའི་ནང་ཐེངས་དང་པོ་ཆགས་ཀྱི་ཡོད་སྟབས། གནད་འགག་ཅན་ཞིག་ཏུ་གྱུར་བ་མ་ཚད་པར་བྷོ་ཊིའི་སྐད་ཡིག་པ་ཚང་མའི་སླད་སྤོབས་པ་གནང་འོས་ཤིག་ཆགས་རྒྱུ་ཡིན་པར་གསུངས་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་གནད་དོན་དང་འབྲེལ། དེ་སྔ་ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་མགྲིན་དབྱངས་གཅིག་གྱུར་ཐོག་ནས་དེ་འབྲེལ་དགོས་འདུན་ཆེད་བཏོན་གནང་ཡོད་པ་མ་ཟད། རྒྱ་གར་གྱི་ BJP ཆབ་སྲིད་ཚོགས་པའི་དབུ་ཁྲིད་རྒན་གྲས་དང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་གཙོས། ལ་དྭགས་ནང་པ་ཚོགས་པ་དང་ལ་དྭགས་ཀྱི་ཁྲིག་སེ་དང་བདེ་སྐྱིད་དགོན་པའི་དབུ་བླ་དང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་གནང་མྱོང་མཁན་ཁྲིག་སེ་རིན་པོ་ཆེ་མཆོག་བཅས་ནས་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་སྲིད་བློན་མཱོ་ཌི་མཆོག་ལ་ཞུ་སྙན་ཞིག་ཕུལ་ཏེ་རྒྱ་གར་དབུས་གཞུང་ལ་ཞུ་སྐུལ་གནང་ཡོད་པ་རེད།གནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ལགས་ཕྱི་ཟླ་ ༣ ཚེས་ ༢༨ ནས་དབུ་འཛུགས་ཀྱིས་ཉིན་གྲངས་ ༡༤ རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དང་ཧུན་སུར་རབ་རྒྱས་གླིང་། དེ་བཞིན་སྦེལ་ཀོབ་གཞིས་ཆགས་བཅས་གསུམ་གྱི་ནང་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་བཀྲིས་ལྷུན་པོ་དང་སེར་བྱེས་གཙོས་༸དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དང་དགའ་ལྡན་བླ་སྤྱི། གཞན་ཡང་རྙིང་མའི་དགོན་པ་སོགས་ཀྱི་སློབ་དཔོན་དང་དགེ་འདུན་པ་རྒན་གྲས་རྣམས་དང་ཚོགས་འདུ་གནང་རྒྱུ་མ་ཟད། ཐེངས་འདིའི་གཞུང་འབྲེལ་ཕྱོགས་སྐྱོད་ཁྲོད་གཙོ་བོ་ལྷོ་ཕྱོགས་གཞིས་ཆགས་ཁག་གི་གྲངས་ཉུང་མི་རིགས་སྤྱི་ཚོགས་ཀྱི་ཆོས་ལུགས་དབུ་ཁྲིད་དང་དེ་བཞིན་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་འདྲ་མིན་གྱི་དབུ་ཁྲིད་རྣམས་དང་ལྷན་དུ་སྤྱི་ཚོགས་དང་ཤེས་ཡོན། དཔལ་འབྱོར་གྱི་གནད་དོན་ཐད་ལ་ངལ་བ་གང་འཕྲད་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་མཐར་ཚེས་ ༡༠ ཉིན་ཕྱོགས་སྐྱོར་ལེགས་གྲུབ་གནང་གི་འདུག

༸གོང་ས་མཆོག་དབུས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པས་རྡུལ་ཕྲན་མཚོན་ཆ་སྤྱོད་རྒྱུ་མེད་པའི་འབོད་སྐུལ་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་བཅོ་དྲུག་གིས་ཐུན་མོང་ཐོག་ནས་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་བར་ར་ཤི་ཡས་ཡུཀ་རེན་ནང་བཙན་འཛུལ་མཚམས་འཇོག་དགོས་པ་དང་། རྡུལ་ཕྲན་མཚོན་ཆ་རིགས་རྩ་བ་ནས་མི་སྤྱོད་པའི་ཁས་ལེན་དམ་བཅའ་འཇོག་དགོས་པའི་འབོད་སྐུལ་གནང་འདུགཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཟླ་བ་གཅིག་ལྷག་འགྲོ་བཞིན་པ་དང་སྒོས་དེ་རིང་ནས་དབུ་འཛུགས་ཀྱིས་རྒྱལ་ཁབ་དེ་གཉིས་ཀྱི་སྐུ་ཚབ་ཊར་ཀི་ཏུ་ལྷན་འཛོམས་ཀྱིས་ཞི་བའི་གྲོས་མོལ་གནང་གཏན་ཁེལ་ཡོད་པའི་མཚམས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བཅུ་དྲུག་ཙམ་གྱིས་ཟླ་ ༣ ཚེས་ ༢༦ ཉིན་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་ཡོད་པའི་ནང་ར་ཤི་ཡས་ཡུཀ་རེན་ནང་བཙན་འཛུལ་བྱས་པ་དེས་ཡུལ་དེའི་མང་ཚོགས་ཁོ་ན་མིན་པར་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་དཔལ་ཡོན་དང་གོ་ལའི་ཁོར་ཡུག་སོགས་ལ་གནོད་འཚེ་ཚབས་ཆེན་བཟོ་མུས་ཡིན་སྟབས་ར་ཤི་ཡས་ཡུཀ་རེན་ནང་ཆེད་གཏོང་བྱས་པའི་དམག་དཔུང་རྣམས་འཕྲལ་མར་ཕྱིར་འཐེན་དང་དམག་འཐབ་མཚམས་འཇོག་བརྒྱུད་ངལ་བ་ཁག་སེལ་ཐབས་སླད་གྲོས་མོལ་གནང་དགོས་སྐོར་གསུངས་པ་མ་ཟད་བྱང་ Atlantic གི་ཆིངས་ཡིག་སྒྲིག་འཛུགས་  NATO དང་ར་ཤི་ཡ་ནས་ཐེངས་འདིའི་འཁྲུག་རྩོད་ནང་རྡུལ་ཕྲན་ནུས་ཤུགས་རིགས་རྩ་བ་ནས་སྤྱོད་རྒྱུ་མིན་པ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་འདུག འབོད་སྐུལ་གྱི་སྤྱི་བསྒྲགས་ནང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ཀྱིས་བཙན་གནོན་དང་སྡིག་སྐུལ་ཐོག་ནས་སྲིད་དབང་བཟུང་མཁན་དག་ལ་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་པ་དང་ཆབས་ཅིག དཀའ་རྙོག་གི་གནས་བབ་གང་འདྲ་ཞིག་ཡིན་ཀྱང་། དེ་དག་གྲོས་མོལ་དང་དྲང་བདེན་གྱི་ལམ་ནས་སེལ་ཐབས་གནང་དགོས་ཡོད་སྐོར་གསུངས་པ་མ་ཟད། རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་དགོས་ངེས་ཅན་ཡིན་པ་ལྟར་དེ་དེ་བཞིན་ཡོང་བར་ཕྱོགས་ཡོངས་ནས་འབད་བརྩོན་གནང་སྟེ་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་ཆིངས་ཡིག་ལ་ཚད་མཐོའི་རྒྱབ་སྐྱོར་གནང་བའི་སྟེང་རྡུལ་ཕྲན་གོ་མཚོན་སྤྱོད་རྒྱུ་མཚམས་འཇོག་བྱ་རྒྱུ་ནི་དུས་ལ་བབ་པ་དང་ཐབས་ལམ་འདི་ཁོ་ན་བརྒྱུད་ནས་གོ་ལའི་སྐྱེས་འགྲོ་ཐམས་ཅད་ཉེན་ཁ་ལས་ཐར་ངེས་ཡིན་པར་གསུངས་འདུག ཐེངས་འདིའི་སྤྱི་བསྒྲགས་སྤེལ་མཁན་ཁོངས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ Jody Williams ལགས་དང་སྐུ་ཞབས་ Kailash Satyarthi ཀོ་ལམ་བྷེ་ཡའི་སྲིད་འཛིན་ཟུར་པ་ Juan Manuel Santos ལགས། དེ་བཞིན་གོ་མཚོན་གྱི་དམག་འཁྲུག་འགོག་ཐབས་ཀྱི་རྒྱལ་སྤྱིའི་སྨན་པའི་སྡེ་ཁག་དང་གོ་མཚོན་རྩ་མེད་བཟོ་རྒྱུའི་རྒྱལ་སྤྱིའི་ལས་འགུལ་ཁང་། རྒྱལ་སྤྱིའི་ཞི་བདེའི་དོན་གཅོད་ཁང་སོགས་ཚོགས་སྒེར་བཅུ་དྲུག་ཡོད་པ་རེད།

Latest news