Tibetan Royal Year of 2151 | Year of the Wood Dragon

བལ་ཡུལ།

བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་གཉིས་ལ་དཀའ་ངལ་འཕྲད་པ།

ཟླ་བ་འདིའི་ཕྱི་ཚེས་ ༨ ནས་ ༡༠ བར་ཤར་ཡོ་རོབ་རྒྱལ་ཁབ་ལཊ་ཝི་ཡའི་རྒྱལ་ས་རི་གྷ་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པ་དེ་བསྐོང་ཚོགས་ལེགས་གྲུབ་བྱུང་ཡོད་པ་དང་། ཁ་སང་བལ་ཡུལ་གྱི་ Kathmandu Post གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་ཚོགས་ཆེན་ཐོག་ཆེད་བཅར་ཞུས་པའི་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་གཉིས་ལ་བལ་ཡུལ་གྱི་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བ་བཏགས་ཏེ་དཀའ་ངལ་བཟོ་བཞིན་ཡོད་པ་བཀོད་འདུགབལ་ཡུལ་གྱི་ Samajbadi ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Pradip Yadav ལགས་དང་ Rastriya Janata ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Iqabal Miya ལགས་གཉིས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པའི་ཐོག་མཉམ་ཞུགས་གནང་བ་དང་འབྲེལ། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ Ramesh Nath Pandey ལགས་ནས་གྲོས་ཚོགས་འཐུས་མི་གཉིས་ནས་བོད་དོན་དང་འབྲེལ་བའི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་བ་དེ་ནི་བལ་ཡུལ་རྒྱལ་ཁབ་ཀྱི་ཞབས་འདྲེན་པ་ཙམ་མ་ཟད། རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་བྱུས་ལ་གུས་བཀུར་མ་གནང་བ་ཞིག་རེད་ཅེས་གསུངས་པ་དང་འབྲེལ། གྲོས་ཚོགས་འཐུས་མི་རྣམས་ནས་དེ་ལྟར་མུ་མཐུད་གནང་ཚེ་རྒྱལ་ཁབ་ཀྱི་མཚན་མཐོང་ལ་ཡང་གནོད་ཀྱི་རེད་ཅེས་བརྗོད་འདུགKathmandu Post གསར་ཁང་ནས་གནད་དོན་དེའི་སྐོར་ཡུལ་དེའི་གྲོས་ཚོགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་མིང་མངོན་གསལ་གནང་འདོད་མེད་པའི་གྲོས་ཚོགས་ཀྱི་དྲུང་འཕར་གྱིས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Pradip Yadav ལགས་དང་སྐུ་ཞབས་ Iqabal Miya ལགས་རྣམ་གཉིས་བལ་ཡུལ་ནས་ཕྱོགས་ཐོན་གནང་སྐབས་སྒེར་གྱི་གནད་དོན་ཞིག་གི་སླད་ལཊ་ཝི་ཡར་ཕེབས་རྒྱུ་ཡིན་སྐོར་གསུངས་པ་གསལ་བཤད་གནང་འདུག་པ་དང་། བལ་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Bharat Raj Poudyal ལགས་ནས་ད་ལྟའི་ཆ་ལ་བལ་ཡུལ་གཞུང་ལ་གནད་དོན་དེའི་སྐོར་ཤེས་རྟོགས་གང་ཡང་མེད་པ་དང་། གལ་སྲིད་གྲོས་ཚོགས་འཐུས་མི་རྣམ་གཉིས་ནས་ཚོགས་ཆེན་དེའི་ཐོག་བཅར་ཡོད་ཚེ་བལ་ཡུལ་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དང་འགལ་བ་རེད་ཅེས་གསུངས་འདུག འོན་ཀྱང་ཚོགས་ཆེན་ཐོག་དངོས་སུ་ཕེབས་མཁན་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Iqabal Miya ལགས་ཀྱིས་ཁོང་དང་ཐོག་སྒེར་དོན་ཞིག་གི་ཆེད་སུད་སིར་ཕྱིན་པ་དང་། དེ་ནས་ཆེད་མངགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་རྣམས་ལ་རྒྱབ་སྐྱོར་མཚོན་ཆེད་ཚོགས་ཆེན་དེར་ཆེད་བཅར་ཞུས་པ་ལས་ལྷན་ཚོགས་ཐོག་དམིགས་བསལ་གསུང་བཤད་རིགས་གང་ཡང་གནང་མེད་སྐོར་གསལ་བཤད་གནང་འདུགགཞི་རྩའི་བལ་ཡུལ་ནང་རྒྱ་ནག་གི་གནོན་ཤུགས་རྐྱེན་པས་ས་གནས་བོད་མི་རྣམས་ལ་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་རྒྱུར་ཆོག་མཆན་གནང་གི་མེད་པ་མ་ཟད། རྣམ་ཀུན་ནས་བོད་དོན་དང་འབྲེལ་བའི་གནས་ཚུལ་སྤེལ་རྒྱུ་སོགས་ཀྱི་ཐད་དམ་དྲག་བྱེད་བཞིན་པ་ལྟར། ཉེ་ཆར་ཕྱི་ཚེས་ ༡༣ ཉིན་བལ་ཡུལ་གཞུང་ནས་ཡུལ་དེའི་རྒྱལ་ཡོངས་གསར་ཁང་ Rastriya Samachar Samiti ཞེས་པའི་ཨིན་ཇིའི་སྡེ་ཚན་གྱི་གསར་འགོད་པ་ Mohani Risal ལགས་དང་ Somnath Lamichhanne ལགས། དེ་བཞིན་ Jivan Bhandar ལགས་བཅས་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་སྐོར་གནས་ཚུལ་སྤེལ་ཡོད་སྟབས་གནས་ཚུལ་དེ་སྤེལ་དོན་གང་ཡིན་སོགས་ཀྱི་འདྲི་རྩད་བྱས་ཡོད་པ་རེད།གནས་ཚུལ་དེའི་ཐད་ཁ་སང་བལ་ཡུལ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ Randy Berry ལགས་ནས་རང་ཉིད་ཀྱི་ Tweeter དྲྭ་གནས་ཐོག་དུས་རྒྱུན་བལ་ཡུལ་གྱི་འགོ་ཁྲིད་ཚོས་བལ་ཡུལ་ནང་མང་གཙོའི་ཐོབ་ཐང་ཡང་དག་པ་དགོས་སྐོར་གསུང་བཞིན་ཡོད་ཀྱང་། གསར་འགོད་པའི་རང་དབང་དེ་ནི་མང་གཙོའི་རང་དབང་གི་ཆ་ཤས་གལ་ཆེ་ཤོས་ཤིག་ཡིན་སྟབས། གསར་འགོད་ལས་དོན་ལ་ཐེས་བྱུས་དང་གནས་ཚུལ་ངོ་མ་ཁྱབ་སྤེལ་གནང་རྒྱུར་དམ་དྲག་བྱས་པ་དེར་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་འདུག ཆབ་སྲིད་ཀྱི་གནད་དོན་དང་རྒྱ་གཞུང་གི་གནོན་ཤུགས་སོགས་རྐྱེན་པས་ད་ལན་ཙམ་མ་ཟད་དེ་སྔ་ཕྱི་ལོ་ ༢༠༠༩ དང་ ༢༠༡༠ ལོར་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་བཞུགས་སྒར་དུ་ཕེབས་ཏེ་༸གོང་ས་མཆོག་གིས་དབུས་པའི་སྐབས་དེའི་བོད་མིའི་མཛད་གཙོ་རྣམ་པ་དང་མཇལ་མོལ་གནང་སྐབས་སུའང་གྲོས་ཚོགས་འཐུས་མི་རྣམས་ལ་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བ་བཏགས་ཏེ་འདྲི་རྩད་དང་གནོན་ཤུགས་རིགས་སྤྲད་མྱོང་ཡོད་པ་རེད།

བལ་གཞུང་གིས་ནང་བསྟན་སློབ་གཉེར་བ་ ༣༨༠ བརྒལ་བར་སློབ་མཐར་སོན་པའི་གཟེངས་བསྟོད་གནང་བ།

ཁ་ཉིན་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་བལ་ཡུལ་གཞུང་གིས་བལ་ཡུལ་ནང་ཡོད་པའི་རིས་མེད་ནང་པའི་དགོན་སྡེ་ཁག་གི་དགེ་བཤེས་དང་མཁན་པོ། སློབ་དཔོན། དཔེ་ཁྲིད་དགེ་རྒན། གསང་སྔགས་ཉམས་ལེན་པ།  དེ་བཞིན་སིངྒ་ལ་དང་ཐེ་ལན་ཌི་བཅས་ནང་སློབ་ཉེར་གནང་བའི་གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་འདུན་པ་བཅས་ཁྱོན་སེར་སྐྱ་མང་ཚོགས་ ༣༨༠ ལ་བལ་ཡུལ་ནང་སྲིད་བློན་ཆེན་མཆོག་ནས་ནང་པའི་གཞུང་ལ་སློབ་གཉེར་མཐར་ཕྱིན་པར་ངོས་འཛིན་གནང་སྟེ་ཆེ་བསྟོད་ཕྱག་འཁྱེར་བསྩལ་འདུག བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་དེ་ནི་བལ་ཡུལ་གཞུང་འབྲེལ་གྱི་ངོས་འཛིན་ཡོད་པའི་ནང་པའི་ལྟ་གྲུབ་གོང་འཕེལ་དང་དགོན་པ་ཡར་རྒྱས་ལྟ་རྟོག་ཚོགས་པས་བལ་ཡུལ་གཞུང་ལ་ཆོག་མཆན་ཞུས་དོན་བཞིན་སྔ་ལོ་ཕྱི་ལོ་ ༢༠༡༨ ལོར་ཆོས་འཁོར་དུས་ཆེན་ཉིན་ཐེངས་དང་པོར་བལ་ཡུལ་སྲིད་བློན་མཆོག་གི་ཕྱག་ནས་གནང་ཡོད་པ་དང་། ད་ལོ་ཐེངས་གཉིས་པ་དེ་ཆགས་ཀྱི་འདུགགཟེངས་བསྟོད་ཕྱག་འཁྱེར་དེ་ཐོབ་པར་བལ་ཡུལ་གྱི་མི་སེར་ལག་འཁྱེར་ཡོད་དགོས་པ་མ་ཟད་གདན་ས་གྲྭ་ཚང་སོགས་རང་གི་ཁྱབ་ཁོངས་དགོན་སྡེ་སོ་སོ་ནས་བསླབ་པ་མཐར་སོན་གྱི་ངོས་འཛིན་ཕྱག་འཁྱེར་གནང་བ་དེར་གཞིར་བཞག་ནས་གནང་གི་ཡོད་པ་རེད་འདུག སྔ་ལོར་འདི་ལོའི་གཟེངས་བསྟོད་ཕྱག་འཁྱེར་བཞེས་མཁན་ཁོངས་སུ་གདན་ས་གྲྭ་ཚང་ཁག་ནས་ཕེབས་པའི་དཔེ་ཁྲིད་དགེ་རྒན་དང་དེ་བཞིན་རྒྱ་གར་ལྷོ་ཕྱོགས་གདན་ས་གསུམ་དང་རྣམ་གྲོལ་གླིང་སོགས་རིས་མེད་དགོན་སྡེ་ཁག་ནང་སློབ་གཉེར་གནང་མྱོང་པའི་བལ་པོའི་མི་ཁོངས་ཡིན་པ་རྣམས་ཡོད་པ་རེད། སྤྱིར་བལ་ཡུལ་ནི་ལོ་རྒྱུས་ཀྱི་ཐོག་ནས་ནང་ཆོས་དར་སའི་རྒྱལ་ཁབ་གཙོ་གྲས་ཤིག་ཡིན་ཀྱང་དེང་སྐབས་བལ་ཡུལ་གྱི་མི་འབོར་བརྒྱ་ཆ་ ༨༢ ནི་ཧིཾ་དུ་དང་བརྒྱ་ཆ་ ༩  ནང་པ། བརྒྱ་ཆ་ ༤ ཡེ་ཤུ། དེ་བཞིན་བརྒྱ་ཆ་ ༣  བལ་ཡུལ་གྱི་གདོད་མའི་ཆོས་ལུགས་རྗེས་འབྲང་པ་རེད་འདུག དེ་སྔ་བོད་ལ་དུས་འགྱུར་མ་བྱུང་གོང་དུ་བལ་ཡུལ་ནང་ནང་པའི་ལྟ་གྲུབ་ཐོག་སློབ་གཉེར་གནང་སའི་དགོན་སྡེ་ཧ་ལམ་མེད་པ་རེད། བོད་ལ་དུས་འགྱུར་བྱུང་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་བླ་ཆེན་རྣམས་བཙན་བྱོལ་ལ་ཕེབས་པ་དང་ཆབས་ཅིག་ཏུ་བཤད་སྒྲུབ་ཀྱི་བསྟི་གནས་རིས་མེད་དགོན་སྡེ་ཁག་རྒྱ་བལ་འབྲུག་གསུམ་ནང་སླར་གསོ་གནང་བ་མ་ཟད། བལ་ཡུལ་དུའང་ནང་པའི་གཞུང་ལ་སློབ་གཉེར་གནང་སའི་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན་གྱིས་མཚོན་པའི་རིས་མེད་དགོན་སྡེ་མང་དག་ཅིག་གི་ནང་གྲྭ་བཙུན་སྟོང་ཕྲག་གིས་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཆད་ཉན་གནང་བཞིན་ཡོད་པ་རེད། ལྷག་དོན་བལ་ཡུལ་གྱི་ཡུལ་མི་ཡིན་པའི་བུ་ཕྲུག་བརྒྱ་ཕྲག་མང་པོ་ཞིག་ཀྱང་རྒྱ་གར་ལྷོ་ཕྱོགས་དུ་རྟེན་གཞི་བྱས་པའི་གདན་ས་གསུམ་དང་རྣམ་གླིང་དགོན་པ་སོགས་ཆོས་བརྒྱུད་རིས་མེད་དགོན་སྡེ་ཁག་ཏུ་སློབ་གཉེར་གནང་དང་གནང་བཞིན་ཡོད་པ་ལྟར། སློབ་ཐོན་ཟིན་པ་རྣམས་ཀྱིས་དེང་སྐབས་བལ་ཡུལ་ནང་རང་གི་མི་རིགས་ལ་ཞབས་འདེགས་ཆེན་པོ་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་བཅས་ལ་བརྟེན་ནས་དེ་སྔ་ནང་པའི་རྒྱལ་ཁབ་ཡིན་པའི་བལ་ཡུལ་གྱི་མཚན་སྙན་སླར་གསོ་ཡོང་བར་དགེ་མཚན་མི་དམན་པ་བྱུང་ཡོད་པ་རེད།

Latest news