Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་ ༨ པ་དབུ་འཛུགས་གནང་སོང་།

༸སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐག་གཅོད་ཀྱི་དབང་ཚད་ཆ་ཚང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཉིད་མཆོག་ལ་ཡོད་པ་ལས་ཆོས་མེད་སྨྲ་བའི་རྒྱ་ནག་དམར་གཞུང་གི་དབང་འཛིན་པ་ཚོར་མེད་པར་ནན་བརྗོད་དང་བཅས་དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པ་དབུ་འཛུགས་གནང་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་ ༩༌༣༠ ཐོག་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པ་དབུ་འཛུགས་གནང་སྟེ་དེ་རིང་ཉིན་དང་པོའི་ལས་རིམ་ཐོག་གཙོ་བོ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་ ༩ ཙམ་གཏན་འབེབས་དང་། དེའི་རྗེས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་ཐོག་ཉིན་རྒྱབ་ཀྱི་ཚོགས་དུས་བར་དུ་དེའི་ཐོག་བགྲོ་གླེང་ལྷུག་པོ་གནང་རྗེས་མཐར་སྤྱི་མོས་ཐོག་དོན་ཚན་ ༥ ཅན་གྱི་གྲོས་ཆོད་ཅིག་བཞག་གནང་སོང་། གྲོས་ཆོད་དེའི་ནང་གཙོ་བོ་མ་འོངས་པར་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐག་གཅོད་ཀྱི་དབང་ཚད་ཆ་ཚང་༸གོང་ས་མཆོག་༸སྐུ་སྒེར་ལ་ཡོད་པ་ལས་ཆོས་མེད་སྨྲ་བའི་རྒྱ་ནག་དམར་གཞུང་གི་དབང་འཛིན་པ་ཚོར་མེད་པར་ནན་བརྗོད་དང་བཅས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་བརྒྱུད་ཞི་མོལ་ཡོང་ཐབས་ལ་འབད་བརྩོན་ཡོད་རྒུ་གནང་བཞིན་པ་ལྟར་རྒྱ་གཞུང་གི་ངོས་ནས་ཀྱང་ཁ་ཞེ་གཉིས་མེད་ཀྱིས་བོད་རྒྱ་ཞི་མོལ་འཕྲལ་དུ་འགོ་འཛུགས་དགོས་རྒྱུ་གསལ་པོར་འཁོད་འདུག གཞུང་འབྲེལ་གྱི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ཐོག་དེ་རིང་ཉིན་གང་ལ་བགྲོ་གླེང་གནང་བའི་ཁྲོད་ཁྱོན་སྤྱི་འཐུས་ ༡༩ ཙམ་དང་སྲིད་སྐྱོང་བཅས་གྱིས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་རྣམས་ཀྱིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་ཞུས་པ་དང་འབྲེལ། རྒྱ་ནག་ལ་༸སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱེད་རྒྱུ་ཕར་ཞོག ཐ་ན་དེའི་སྐོར་སྐད་ཆ་ཙམ་ཡང་བཤད་རྒྱུའི་ཐོབ་ཐང་མེད་པ་དང་། གནད་དོན་དེའི་ཐོག་བོད་པའི་སྤྱི་ཚོགས་ནང་གི་ཤེས་ཡོན་ལྡན་པའི་མི་སྣ་ཡོངས་རྫོགས་ཀྱིས་འགན་ཁུར་བླངས་ཏེ་རྒྱ་ནག་ལ་ཡ་ལན་ཁ་གཏད་གཅོག་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་སོང་བ་མ་ཟད་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང་དམིགས་བསལ་སྐུ་ཚབ་བསྐོ་གཞག་དང་འབྲེལ་བའི་གནད་དོན་ཐོག་ལ་ཡང་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད། གཞི་རྩའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབུ་འཛུགས་སྐབས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དབུ་འབྱེད་གཏམ་བཤད་ནང་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་འཆར་ཁག་ངོ་སྤྲོད་དང་། འཛིན་སྐྱོང་བཀའ་ཤག་ནས་སྤྱི་འཐུས་ལྷན་ཚོགས་ལ་ལས་བསྡོམས་འབུལ་དགོས་ཀྱི་ཡོད་པ་ལྟར། ང་ཚོ་སྤྱི་འཐུས་རྣམས་མི་མང་གི་བདམས་པ་ཡིན་པའི་ཆ་ནས་མི་མང་ལ་ལས་བསྡོམས་འབུལ་དགོས་གལ་ཡིན་པའི་གསུང་བཤད་གནང་བ་དང་འབྲེལ། སྐབས་རེར་མང་ཚོགས་ཁྲོད་སྤྱི་ཚོགས་ནང་མ་མཐུན་པ་དང་མ་འགྲིག་པ་མང་དག་ཅིག་གྲོས་ཚོགས་ནས་འགོ་འཛུགས་ཀྱི་ཡོད་པར་གསུང་མཁན་ཡོད་པ་དེ་ཐབས་སྐྱོ་བོ་ཡིན་པར་གསུངས་པ་དང་ཆབ་ཅིག་ཏུ་ད་ནས་བཟུང་ང་ཚོའི་སྤྱི་ཚོགས་ནང་མ་འགྲིག་པ་དང་མ་མཐུན་པའི་གནད་དོན་གང་ཡོད་པ་རྣམས་མཐུན་པ་བཟོ་དགོས་པ་དེ་གྲོས་ཚོགས་ནས་འགོ་འཛུགས་དགོས་པའི་རེ་སྐུལ་ཞུས་སོང་། རྩ་བའི་ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་དུས་བརྒྱད་པའི་ཐོག་གཙོ་བོ་འཛིན་སྐྱོང་བཀའ་ཤག་གི་ལས་ཁུངས་མ་ལག་དང་བཅས་པའི་ལྷན་ཁང་ཁག་གི་ལས་བསྡོམས་སྙན་ཐོ་འགོ་འབུལ་དང་དེའི་ཐོག་བགྲོ་གླེང་སོགས་གནང་གི་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་ཀྱི་ཚོགས་དུས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གྱིས་དེའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།  

འཇར་མི་ནི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་སྐུ་ཚབ་ཁག་གཅིག་བཞུགས་སྒར་དུ་འཚམས་གཟིགས།

དེ་རིང་སྔ་ཐོག་འཇར་མ་ནིའི་གྲོས་ཚོགས་འཐུས་སྐུ་ཞབས་ Frank Heinrich ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཚོགས་ཆུང་གི་སྐུ་ཚབ་མི་སྣ་དྲུག་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་འབྱོར་བྱུང་སོང་། འཇར་མ་ནི་གྲོས་ཚོགས་འཐུས་མི་ Frank Heinrich ལགས་དང་ལྕམ་ Ute Vogi ལགས། དེ་བཞིན་ལྕམ་ Margareta Bause ལགས་གཙོས་པའི་ཚོགས་མི་གཞན་གསུམ་པོ་དེ་དག་དེ་རིང་སྔ་ཐོག་བཞུགས་སྒར་དུ་ཕེབས་འབྱོར་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཏུ་འཚམས་གཟིགས་གནང་ཡོད་པ་ལྟར་ཉིན་རྒྱབ་ཏུ་སྐུ་ཚབ་ཚོགས་ཆུང་དེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་གནང་སྐབས་ཚོགས་གཙོ་མཆོག་གིས་སྐུ་མགྲོན་རྣམ་པར་བོད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་དང་བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ་ད་ལྟའི་གནས་སྟངས་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་འདུག སྐབས་དེར་གསར་འགོད་པས་འཇར་མན་གྲོས་ཚོགས་འཐུས་མི་ཁོངས་སུ་ཡོད་པ་ལྕམ་ Ute Vogi ལགས་དང་ལྕམ་ Margareta Bause ལགས་གཉིས་ལ་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་དོན་གང་ཡིན་སྐོར་ལ་བཅར་འདྲི་ཞུས་པར་བོད་ནང་གི་གནས་སྟངས་ཐར་ཀར་རྒྱུས་ལོན་ཞུ་དཀའ་སྟབས་བོད་ནང་གི་དོན་དམ་གྱི་གནས་སྟངས་གང་ཡིན་ཤེས་རྟོགས་ཡོང་ཆེད་དང་བཙན་བྱོལ་བོད་མིའི་གནས་སྟངས་དང་བོད་ནང་གི་གནས་སྟངས་ངོ་མ་གང་ཡིན་ཤེས་ཐབས་སུ་འདིར་བཅར་བ་ཡིན་པ་དང་ཕྱིར་རང་ཡུལ་དུ་ཕེབས་རྗེས་གྲོས་ཚོགས་ནང་གནས་སྟངས་དེ་དག་སྙན་སེང་ཞུ་ངེས་ཡིན་པ་སོགས་གསུངས་སོང་། ཤེས་རྟོགས་བྱུང་བར་གཞིགས་ན་ཚོགས་པ་དེའི་ཚོགས་མི་རྣམས་བཞུགས་སྒར་དུ་ཚེས་ ༡༩ བར་འཚམས་གཟིགས་གནང་གི་འདུག་པ་དང་། དེ་རིང་ཕྱི་དྲོ་སྐུ་ཚབ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཏུ་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་ལྷན་དུ་གསོལ་ཚིགས་འདེགས་འབུལ་ཞུ་གྱི་ཡོད་པ་མ་ཟད། ཁོང་རྣམས་ནས་སང་ཉིན་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བེུད་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་པ་བཅས་ལ་ཐུག་འཕྲད་གནང་གནང་རྒྱུ་རེད་འདུག གཞི་རྩའི་ཟླ་བ་སྔོན་མའི་ནང་རྒྱ་ནག་གཞུང་གིས་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་ལ་རྒྱ་ནག་ཏུ་ཕེབས་རྒྱུའི་མཐོང་མཆན་སྤྲད་མེད་པའི་གནས་ཚུལ་བྱུང་བ་མ་ཟད། གྲོས་ཚོགས་ཀྱི་ digital affairs ཚོགས་ཆུང་གི་ཚོགས་མི་ཁག་གཅིག་ཀྱང་རྒྱ་ནག་ཏུ་ཕེབས་འཆར་ལ་འགོག་རྐྱེན་བཟོས་ཏེ་ཚོགས་ཆུང་དེའི་ནང་རྒྱུན་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་གནང་མཁན་ལྕམ་སྐུ་ Margareta Bause ལགས་ཡོད་སྟབས་ཁོང་ལ་མཐོང་མཆན་སྤྲད་མིན་སྐོར་བཤད་པར་བརྟེན་ཚོགས་ཆུང་དེའི་ཚོགས་མི་ཡོངས་རྒྱ་ནག་ཏུ་ཕེབས་རྒྱུ་ཕྱིར་འཐེན་གནང་ཡོད་པ་རེད།

ཨ་རིའི་བོད་དོན་ཁྲིམས་འཆར་གསར་པས་རྒྱ་གཞུང་ལ་ཆབ་སྲིད་ཀྱི་སྔོན་བརྡ་ཞིག་སྤྲད་པ།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་དུས་ ༡༡༦ པ་འཚོགས་བཞིན་པ་དང་བསྟུན་ཕྱི་ཚེས་ ༡༣ ཉིན་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཨ་རའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ནས་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཡུལ་དེའི་གྲོས་ཚོགས་སུ་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ནུས་ཤུགས་ལྡན་པ་ཞིག་བཟོ་རྒྱུ་དང་འབྲེལ། Tibetan Policy and Support Act of 2019 ཞེས་པའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་ཞིག་ཆེད་འདོན་གནང་བ་མ་ཟད། ཁྲིམས་འཆར་དེར་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་བདུན་ནས་རྒྱབ་སྐྱོར་གནང་ཡོད་པ་རེད། ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་དེ་དང་འབྲེལ་ཏེ་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཁག་གཅིག་ཞུས་པར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གསར་པ་ཞིག་ཆེད་འདོན་གནང་བ་དེས་ཨ་རི་གྲོས་ཚོགས་ནས་བོད་དོན་ཐོག་ཐུགས་འཁུར་མུ་མཐུད་བཞེས་ཐོག་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་སྔོན་བརྡ་ཞིག་སྤྲད་པ་མཚོན་ཐུབ་པ་མ་ཟད་ཁྲིམས་འཆར་དེ་རིམ་པས་གཏན་འབེབས་ཐུབ་ཚེ་བོད་འདི་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཁྲོད་གནད་དོན་གལ་ཆེ་ཞིག་ཆགས་ཡོད་པའི་དཔང་རྟགས་ཐུབ་ཀྱི་རེད་ཅེས་གསུངས་སོང་། གཞི་རྩའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་དེའི་ནང་ལ་དེ་སྔ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ནང་གསལ་བའི་དོན་ཚན་ཁག་ལ་རྒྱས་བཤད་དང་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན། དེ་བཞིན་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དགོས་པ། ཨ་རི་གཞུང་ནས་བོད་མིར་རོགས་སྐྱོར་མུ་མཐུད་གནང་དགོས་པ་སོགས་དོན་ཚན་ཆེ་ཁག་ལྔ་ཆེད་བཀོད་གནང་འདུག ༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ནང་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་དེ་ནི་བོད་མིའི་གཞི་རྩའི་ཆོས་དད་རང་དབང་དང་འབྲེལ་ཡོད་སྟབས། རྒྱ་ནག་གཞུང་ལ་དེའི་ཐོག་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་ཚེ་རྒྱ་ནག་གཞུང་འབྲེལ་གྱི་གང་ཟག་དེ་ཨ་རི་ནང་འགྲོ་སྐྱོད་བྱ་རྒྱུའི་ཐོབ་ཐང་སྤྲད་རྒྱུ་མིན་པ་མ་ཟད། ཨ་རི་ནང་ཡོད་པའི་གང་ཟག་དེའི་རྒྱུ་དངོས་རྣམས་བེད་སྤྱོད་མི་ཆོག་པའི་བཀག་རྒྱ་གཏང་དགོས་པ། ཨ་རི་ཕྱི་སྲིད་ལས་ཁུངས་སུ་ཡོད་པའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འབྲེལ་ལམ་བརྒྱུད་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་ནན་པོ་གནང་དགོས་དགོས་ཞེས་བཀོད་འདུག དེ་བཞིན་ཨ་རི་གཞུང་ནས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་གནང་གལ་དང་འབྲེལ་བའི་དོན་ཚན་ཁོངས་སུ་དེ་སྔ་ ༢༠༠༢ ལོར་གཏན་འབེབས་གནང་བའི་སྲིད་བྱུས་ཀྱི་དགོངས་དོན་ལྟར་ཨ་རི་ཕྱི་སྲིད་ལས་ཁུངས་སུ་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ངེས་པར་དུ་བསྐོ་གཞག་དགོས་པ་མ་ཟད། དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་ནང་རྒྱུན་དུ་བོད་དོན་ཐོག་ཕྱག་ལས་གནང་མཁན་ལས་བྱེད་གསུམ་ལས་མི་ཉུང་བ་ཞིག་བསྐོ་གཞག་གནང་དགོས་ཞེས་འབུར་འདོན་དང་སྦྲགས། ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་ནས་རྒྱ་ནག་གཞུང་ལ་བོད་མིའི་གཞི་རྩའི་ཐོབ་ཐང་ཁག་སྲུང་སྐྱོབ་དགོས་པའི་དགོས་འདུན་ཆེད་བཏོན་དགོས་པ། ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་གཞུང་དང་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བཅས་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་ཐུབ་ཐབས་གནང་དགོས་པ་སོགས་བཀོད་འདུག བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་ཆེད་འཛུགས་གནང་གལ་དང་འབྲེལ་ཏེ་གལ་སྲིད་རྒྱ་གཞུང་ནས་བོད་ནང་ཨ་རིའི་གཞུང་ཚབ་ཆེད་འཛུགས་གནང་རྒྱུར་བཀག་སྡོམ་བྱེད་ཚེ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཨ་རིར་རྒྱ་ནག་གི་གཞུང་ཚབ་ཁང་གསར་པ་གསར་འཛུགས་བྱ་རྒྱུའི་ཐོབ་ཐང་སྤྲད་རྒྱུ་མེད་པ་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་དུ་བོད་ཐོག་དཔྱད་ཞིབ་དང་ཐུགས་འཁུར་བཞེས་མཁན་གྱི་ཚན་པ་ཞིག་ལོགས་སུ་ཆེད་འཛུགས་དགོས་པ་གསལ་འདུག དེ་བཞིན་བོད་ཀྱི་ཁོར་ཡུག་གནད་དོན་ཁོངས་སུ་བོད་འདི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ཆུའི་འབྱུང་ཁུངས་གཙོ་བོ་དེ་ཡིན་སྟབས། བོད་ནང་གི་གནམ་གཤིས་གནས་སྟངས་སྤྱི་དང་ལྷག་དོན་ཆུའི་གནས་བབས་ཉམས་ཉེས་སུ་ཕྱིན་ཚེ་ཨེ་ཤ་ཡའི་མི་འབོར་ཐེར་འབུམ་གཅིག་ལྷག་གི་འཚོ་བར་དཀའ་ངལ་འཕྲད་ངེས་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་གི་རྒྱུག་ཆུ་དང་གཙང་པོ་ཁག་སྲུང་སྐྱོབ་ཐུབ་ཐབས་སུ་ལམ་སྟོན་རྩ་འཛིན་ངེས་ཅན་ཞིག་གཏན་འབེབས་དགོས་པ་མ་ཟད། རྒྱ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་བོད་ཀྱི་རྩྭ་ཐང་དང་འབྲོག་པའི་སྲོལ་རྒྱུན་འཚོ་ཐབས་སྲུང་སྐྱོབ་དགོས་པའི་སྐུལ་མ་ཡང་ཡང་གནང་དགོས་པ་མ་ཟད་བོད་ནང་ཡོད་པའི་ཨ་རིའི་བཟོ་ལས་ཁང་དེ་དག་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་ལ་མི་གནོད་པ་ཞིག་དགོས་ངེས་སོགས་ཆེད་བཀོད་གནང་ཡོད་པ་རེད། གཞན་ཡང་ཨ་རིའི་བོད་དོན་གྱི་ཁྲིམས་འཆར་གསར་པའི་ནང་༸གོང་ས་མཆོག་གིས་བོད་མིའི་མང་གཙོའི་ལམ་སྲོལ་གསར་གཏོད་མཛད་པའི་བརྒྱུད་རིམ་ཁག་འགྲེལ་བརྗོད་དང་སྦྲགས། ཨ་རི་གཞུང་ནས་ད་ཡོད་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་འདི་རྒྱལ་སྤྱིའི་ཁྱོན་ལ་བཞུགས་པའི་བོད་མི་མང་གི་མངོན་འདོད་མཚོན་པའི་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཤིག་ཏུ་ངོས་འཛིན་གནང་ཐོག་བོད་མིའི་འཚོ་ཐབས་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་དཔལ་འབྱོར་གྱི་རོགས་རམ་གནང་དགོས་པ་དང་། ལྷག་པར་དུ་བལ་ཡུལ་ནང་བཞུགས་པའི་བོད་མི་ཚོར་ཁྲིམས་མཐུན་གྱི་ཡིག་ཆ་ཁག་ཐོབ་ཐབས་སུ་བལ་ཡུལ་གཞུང་ལ་ངེས་པར་དུ་འབོད་སྐུལ་གནང་དགོས་པ་སོགས་ཀྱང་ཆེད་བཀོད་གནང་འདུག གཞི་རྩའི་ད་ལྟའི་ཆར་ཨ་རིའི་བོད་དོན་གྱི་ཁྲིམས་འཆར་གསར་པ་དེའི་ཐོག་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་ཁྲིམས་ལུགས་ཚོགས་ཆུང་གཉིས་སུ་ཕུལ་ཏེ་དོན་ཚན་ཁག་རེ་རེའི་ཐོག་གྲོས་བསྡུར་དང་དཔྱད་ཞིབ་གནང་གི་ཡོད་པ་དང་། གཟའ་འཁོར་འདིའི་ནང་ཁྲིམས་འཆར་གསར་པ་དེ་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་ནས་ཡུལ་དེའི་གྲོས་ཚོགས་གོང་མར་ཆེད་བཏོན་གནང་གི་ཡོད་པ་རེད།

༸རྒྱལ་བའི་ཡང་སྲིད་སྐོར་ནས་མང་ཚོགས་ཀྱི་མངོན་འདོད་སྔོག་འདོན་གནང་རྒྱུ་འཕྱི་དྲགས་མེད་ན་སྔ་དྲགས་མེད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ ནང་གསེས་ཁག་གི་ཆ་རྐྱེན་འོག་བཀའ་སྤྱི་གཉིས་ནས་རིང་མིན་ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༥ བར་བཞུགས་སྒར་དུ་དམིགས་བསལ་ཚོགས་ཆེན་ཞིག་སྐོང་ཚོགས་གནང་རྒྱུ་ཡིན་པ་དང་། ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་ལྔ་དང་ལྔ་བཅུའི་འཆར་སྣང་དང་༸རྒྱལ་བ་༸སྐུ་ཕྲེང་རིམ་བྱོན་དང་བོད་མིའི་དབར་གྱི་འབྲེལ་བ་ཞེས་པ་བཞག་ཡོད་པ་ལྟར་བཙན་བྱོལ་བོད་མིའི་གནས་སྡོད་ས་གནས་གང་སར་བརྗོད་གཞི་དེ་གཉིས་ཀྱི་ཐོག་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་གནང་དང་གནང་མུས་ཡིན་པ་རེད། དེ་འབྲེལ་ཁ་སང་ཉིན་རྒྱབ་བཞུགས་སྒར་གྱི་ས་གནས་བདེ་དོན་ལས་ཁུངས་ཀྱི་ཚོགས་ཁང་དུ་ བཀའ་ཤག་གི་སྐུ་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་དྷ་སའི་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་གཉིས་དབུ་བཞུགས་ཐོག་དྷ་སའི་རང་བདེན་ཚོགས་ཆུང་དང་ས་གནས་འཐུས་ཚོགས་སོགས་ཀྱི་སྐུ་ཚབ་རྣམས་གཙོས་པའི་མི་མང་བརྒྱ་སྐོར་ཞིག་འདུ་འཛོམས་གནང་སྟེ་འདི་ལོའི་དམིགས་བསལ་ཚོགས་ཆེན་སྐབས་ཀྱི་བརྗོད་གཞི་གཉིས་པོའི་ཐོག་བགྲོ་གླེང་གྲོས་བསྡུར་ལྷུག་པོ་གནང་སོང་། སྐབས་དེར་མི་མང་གི་ངོས་ནས་བསམ་འཆར་མང་པོ་ཕུལ་བའི་ཁྲོད་ཚོགས་ཆེན་གྱི་བརྗོད་གཞི་གཉིས་པ་༸རྒྱལ་བ་༸སྐུ་ཕྲེང་རིམ་བྱོན་དང་བོད་མིའི་བར་གྱི་འབྲེལ་བ་ཟེར་བ་དེས་མི་མང་ལ་བློ་འཚབ་བཟོས་ཡོད་སྐོར་གྱི་བསམ་ཚུལ་མང་དག་ཅིག་བྱུང་སྟེ་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་གང་གི་ཞལ་སྔ་ནས་རྒྱལ་སྤྱིའི་སྟེང་ཡོངས་གྲགས་ཀྱི་གསུངས་ཟིན་པ་ཞིག་ཡིན་སྟབས། མི་མང་ལ་ཡང་སྲིད་ཕེབས་ཕྱོགས་སྐོར་གྱི་བསམ་ཚུལ་བསྡུ་ལེན་གནང་བཞིན་པ་དེ་འོས་འཚམས་ཤིག་ཏུ་གཟིགས་ཀྱི་མེད་པའི་དགོངས་འཆར་ཕུལ་མཁན་མང་པོ་བྱུང་སོང་། འོན་ཀྱང་སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་མང་ཚོགས་ལ་དགག་བྱ་ལས་དགོས་པ་གལ་ཆེ་བའི་དྲན་སྐུལ་དང་སྦྲགས། སྤྱིར་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་ལམ་ལུགས་ལྟར་ན་མགོན་པོ་༸གང་ཉིད་མཆོག་སྐུ་ཁམས་གསལ་བཞེས་ངང་བཞུགས་ཡོད་སྐབས་སུ་༸སྐུའི་ཡང་སྲིད་ཀྱི་གནད་དོན་སྐོར་ལ་སྐད་ཆ་བཤད་རྒྱུ་དེ་རྣམ་རྟོག་ལྟ་བུ་ཞིག་ཡིན་ནའང་། གཅིག་ནས་མགོན་པོ་གང་གིས་ལོ་ངོ་མང་པོའི་སྔོན་ནས་སྐུའི་ཡང་སྲིད་དགོས་དང་མི་དགོས་ཟེར་བ་དེ་བོད་མི་མང་གི་ཕྱག་ན་ཡོད་པར་བཀའ་གནང་བ་དང་།   ཕྱོགས་གཞན་ནས་རྒྱ་ནག་གིས་སྐུའི་ཡང་སྲིད་ཀྱི་ཐད་ལ་ཁྲིམས་སྒྲིག་བཟོ་བཞིན་པ་སོགས་ཀྱི་གནས་བབ་དང་བསྟུན་ནས།   གཙོ་བོ་རྒྱ་ནག་ལ་ལན་འདེབས་བྱེད་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྟོན་རྒྱུ་ཞིག་དགོས་བ་དེ་གལ་ཆེན་པོ་ཡིན་པའི་ཆ་ནས་ཐེངས་འདིའི་དམིགས་བསལ་ཚོགས་ཆེན་གྱི་སྐབས་སུ་གནད་དོན་དེའི་ཐོག་གྲོས་བསྡུར་བྱེད་རྒྱུ་དེ་འཕྱི་མ་དྲགས་ནའང་སྔ་དྲགས་མེད་ཅེས་གསུངས་སོང་། དེ་བཞིན་སྐབས་དེར།  མི་མང་གི་བསམ་འཆར་ཁྲོད་ནས་ཐེངས་འདིའི་ཚོགས་ཆེན་བརྒྱུད་ནས་མགོན་པོ་གང་གི་སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ཐད་ནས་གཞུང་མང་གཉིས་ཀྱིས་རྒྱ་ནག་ལ་ལན་འདེབས་གསལ་བོ་ཞིག་དགོས་བ་དང་། དེ་བཞིན་མགོན་པོ་གང་ལ་དུས་དང་རྣམ་པ་ཀུན་དུ་བརྟན་བཞུགས་འབུལ་བཞིན་ཡོད་ནའང་དོན་དངོས་སུ་བོད་མི་ཡོངས་ཀྱིས་མགོན་པོ་གང་གི་བཀའ་ག་རེ་སྒྲུབ་ཀྱི་ཡོད་མེད་ཀྱི་སྐོར་ལ་བསྐྱར་ཞིབ་དགོས་བ།  གཞན་ཡང་འདས་བའི་མི་ལོ་དྲུག་བཅུའི་རིང་ལ་མགོན་པོ་གང་གིས་རྒྱ་གར་གྱི་ས་གནས་འདྲ་མིན་གང་སར་བོད་ཀྱི་སློབ་གྲྭ་ཁག་ལོགས་སུ་བཙུགས་ནས་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་གི་ཐུགས་རེ་བསྐྱོན་ཡོད་པ་བཞིན་མི་རབས་རྒན་པ་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱས་ཡོད་ནའང་། ད་ཆ་ལྔ་དང་ལྔ་བཅུའི་ཚོགས་འདུའི་ཐོག་ཏུ་བོད་མིའི་བོད་སྐད་ཀྱི་ལམ་ནས་ཟ་སྐད་འཐུང་སྐད་ཙམ་བཤད་མི་པའི་གནས་བབ་དེའི་སྐོར་གླེང་སློང་བྱེད་དགོས་བ་དང་དེ་བཞིན་མགོན་པོ་གང་ལ་ཆོལ་གསུམ་གཞིས་བྱེས་བོད་མིའི་ཚབ་བྱས་ནས་ཐུགས་རྗེས་ལེགས་གསོལ་གྱི་གཟེངས་རྟགས་ཤིག་ཕུལ་ཏེ།   གང་གི་མཛུབ་མོ་གར་བསྟན་ཤར་སྐྱོད་བྱེད་རྒྱུའི་ཆེད་དུ།  སྔར་རྡོ་རྗེ་གདན་ནས་མནའ་གན་མཐུ་བོ་ཆེ་བཞག་པ་ལྟར་སླར་ཡང་བོད་མི་ཡོངས་ནས་དམ་བཅའ་གསར་བ་ཞིག་ལེན་དགོས་བའི་དུས་ལ་བབ་ཡོད་པའི་བསམ་འཆར་བཏོན་སོང་། གཞི་རྩའི་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་ལས་འགུལ་སྤེལ་རྗེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྤྱི་གཉིས་ལ་བོད་ནང་ཛ་དྲག་གནས་སྟངས་ཀྱི་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་ཆེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ ནང་གསེས་ཁག་གི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་བསྡུ་སྐོང་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པ་བཞིན། ལོ་དེའི་ཕྱི་ཟླ་ ༡༡ ནང་བཞུགས་སྒར་དྷ་རྨ་ས་ལར་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཚོགས་ཡོད་པ་དང་། དེ་རྗེས་ཕྱི་ལོ་ ༢༠༡༢ ཟླ་ ༩ ནང་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་གོ་བསྡུར་སླད་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཚོགས་ཡོད་པ་རེད།

རྒྱལ་ཚོགས་ནས་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་གནད་དོན་ཐོག་ཐུགས་སྣང་གནང་རོགས།

ཇི་ནི་ཝའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༢ ཐོག་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ཐོག་དམ་དྲག་ཇེ་ཆེར་གཏོང་བཞིན་པ་ཐེར་འདོན་དང་འབྲེལ། རྒྱལ་ཚོགས་ཀྱི་ངོས་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་གནད་དོན་ཐོག་ཐུགས་སྣང་གནང་དགོས་པ་ཞུས་འདུག ཁ་སང་ཕྱི་ཚེས་ ༡༦ ཉིན་འཛམ་གླིང་རྒྱལ་ཁབ་ཁག་ནང་གི་མང་ཚོགས་ཀྱི་སྤྱི་འབངས་དང་ཆབ་སྲིད། རིག་གཞུང་། དཔལ་འབྱོར་བཅས་ཀྱི་གནས་སྟངས་ཐོག་བགྲོ་གླེང་གི་ཚོགས་དུས་ ༡༤ སྐབས་སུ་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་ Society for Threaten People ཞེས་པའི་རྒྱལ་སྤྱིའི་གཞུང་འབྲེལ་མིན་མཚན་ཐོག་ནས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་ཆབ་སྲིད་དམ་དྲག་དང་རིག་གཞུང་མཉམ་བསྲེས། མི་རིགས་དབྱེ་འབྱེད། དཔལ་འབྱོར་དང་ཁོར་ཡུག་གཏོར་སྐྱོན་བཅས་ཀྱི་གནས་སྟངས་སྙན་སེང་ཞུས་ཡོད་པ་རེད། ལྷག་པར་དུ་ཁོང་གིས་དུས་ཡུན་སྐར་མ་གཅིག་དང་ཕྱེད་ཀའི་ཞུ་སྦྱོར་སྙན་སེང་སྐབས་ཉེ་ཆར་རྒྱ་གཞུང་ཏང་ཡོན་བོད་མི་བགྲེས་ཡོལ་བ་ཚོར་བོད་མིའི་ཆོས་ཀྱི་བྱེད་སྒོ་དང་སྐོར་ར་སྐྱོད་མི་ཆོག་པའི་བཙན་བཀའ་བཏང་བའི་གནས་ཚུལ་དང་། ས་ག་ཟླ་བ་ནང་པའི་ཆོས་ཕྱོགས་ཀྱི་དུས་ཆེན་སྐབས་སུའང་བོད་ཕྲུག་ཚོ་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་དམ་དྲག་བྱས་པ་མ་ཟད། དེ་བཞིན་འབྲེལ་ཡོད་ཕ་མ་ཚོར་སློབ་གྲྭའི་གུང་སེང་སྐབས་སུ་ཕྲུ་གུ་ཚོ་ཆོས་ཕྱོགས་ཀྱི་བྱ་བར་ཞུགས་མི་བཅུག་པའི་ཁས་ལེན་བྱེད་འཇུག་བཞིན་པའི་གནས་ཚུལ་རིམ་ཁག་ལུང་འདྲེན་དང་འབྲེལ་ཏེ་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐོག་དམ་དྲག་བྱེད་ཆེར་གཏོང་བཞིན་ཡོད་པ་སྙན་སེང་ཞུས་པ་དང། ལྷག་པར་དུ་རྒྱ་གཞུང་གིས་ལོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་ལུགས་ལ་ཐེ་བྱུས་ཀྱིས་ཆབ་སྲིད་དགོས་མཁོར་སྒྲུབ་རྒྱུའི་ལག་ཆར་སྤྱོད་བཞིན་ཡོད་པ་ནི་ཧ་ཅང་སེམས་འཚབ་བྱ་ཡུལ་གྱི་གནད་དོན་ཞིག་ཡོད་སྟབས། གནད་དོན་དེའི་ཐོག་རྒྱལ་ཚོགས་ཀྱིས་ཐུགས་སྣང་ཆེ་བཞེས་གནང་སྐྱོང་ཡོང་བའི་ནན་སྐུལ་ཞུས་འདུག གཞན་ཡང་ཁོང་གིས་རྒྱལ་ཚོགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ག ཞུང་དབར་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་རྒྱ་ནག་གཞུང་ལ་ནན་སྐུལ་གནང་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་ཞུས་འདུག དེ་དང་ཕྱོགས་མཚུངས་ཟླ་ ༩ ཚེས་ ༡༣ ཉིན་འཛམ་གླིང་ཁྲོད་ཀྱི་རྒྱལ་ཁབ་ནང་གཞུང་འཛིན་པས་མང་ཚོགས་གང་བྱུང་འཛིན་བཟུང་བཀག་ཉར་གྱི་གནད་དོན་ཐོག་རྒྱལ་ཚོགས་ཀྱི་དམིགས་བསལ་ཁྱད་ལས་རྟོག་ཞིབ་ལས་དོན་ཚོགས་ཆུང་ནས་ལྷན་ཚོགས་སུ་ཕུལ་བའི་སྙན་ཐོ་དང་འབྲེལ་བའི་ཐོག་རྒྱལ་ཚོགས་སུ་གླེང་སློང་གནང་བའི་ཚོགས་དུས་སྐབས་འཇར་མི་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Kai Muller ལགས་ཀྱིས་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ Helsinki Foundation མཚན་ཐོག་ནས་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་རྡོག་རོལ་ཐོག་བོད་ནང་བོད་མི་གང་བྱུང་བཙན་ཁྲིད་བཀག་ཉར་དང་། མནར་གཅོད། དེ་བཞིན་ཁྲིམས་ཞིབ་མེད་པར་བཙོན་འཇུག་བྱེད་བཞིན་པའི་བྱ་སྤྱོད་ཁག་སྙན་སེང་སྒྲོན་པ་དང་འབྲེལ། ཁྱད་ལས་རྟོག་ཞིབ་མི་སྣ་དང་འབྲེལ་ཡོད་ལས་དོན་ཚོགས་ཆུང་གཞན་ཁག་ནས་ཞེད་སྣང་མེད་པར་རྒྱ་ནག་ཐོག་སྙན་ཐོ་མུ་མཐུད་འདོན་སྤེལ་དང་། དེ་བཞིན་རྒྱ་གཞུང་གི་འགོ་ཁྲིད་ཚོར་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ནང་གསལ་བའི་མང་ཚོགས་ཀྱི་སྤྱི་འབངས་དང་ཆབ་སྲིད་ཀྱི་ཐོབ་ཐང་སྲུང་སྐྱོབ་དོན་འཁྱོལ་ལག་བསྟར་བྱེད་འཇུག་དགོས་པའི་ནན་སྐུལ་ཞུས་འདུག ལྷག་དོན་ཁོང་གིས་རྒྱལ་ཚོགས་ནི་བོད་ནང་གི་བོད་མིའི་ཐོབ་ཐང་དང་རང་དབང་གི་འབོད་སྒྲ་རྣམས་གླེང་སློང་གནང་སའི་གླེང་སྟེགས་ཤིག་ཡིན་པ་དང། རྒྱ་གཞུང་གིས་བོད་མིའི་ཐོག་སྤེལ་བཞིན་པའི་མི་མཐུན་པའི་བྱ་སྤྱོད་ལ་གདོང་ལེན་གནང་སའི་བརྒྱུད་ལམ་ཞིག་ཡིན་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཏུ་བོད་ནང་བོད་མི་ཚོས་ཆོད་སེམས་བརྟན་པོའི་ངང་ཉེན་ཁར་མ་འཛེམས་པར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་རྡོག་རོལ་གཏོང་བཞིན་པའི་གནས་ཚུལ་རྣམས་ཕྱི་ཕྱོགས་སུ་མཁོ་སྤྲོད་གནང་བཞིན་ཡོད་སྟབས། ང་ཚོའི་ངོས་ནས་ཀྱང་མུ་མཐུད་རྒྱལ་ཚོགས་ཀྱི་ལྷན་ཚོགས་ནང་རྒྱ་ནག་དེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་འགན་ལེན་ཡོད་པ་ཞིག་ངེས་པར་དུ་བཟོ་དགོས་ཞེས་གསུངས་འདུག གཞན་ཡང་ཁོང་གིས་རྒྱལ་ཚོགས་ཁྱད་ལས་རྟོག་ཞིབ་ལས་དོན་ཚོགས་ཆུང་ནས་ཉེ་ཆར་སྙན་ཐོའི་ནང་འདོན་སྤེལ་གནང་བའི་བའི་ཕྱི་ལོ་ ༢༠༡༥ ལོར་བོད་ནང་༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུས་པའི་འོག་རྒྱ་གཞུང་ནས་འཛིན་བཟུང་ཁྲིམས་ཐག་བཅད་པའི་མི་སྣ་དགུ་པོའི་གནད་དོན་ལྷན་ཚོགས་སུ་བསྐྱར་ནན་གྱིས་སྙན་སེང་ཞུས་པ་དང་འབྲེལ། རྒྱལ་ཚོགས་ཀྱི་རྟོག་ཞིབ་ཁྱད་ལས་ཚོགས་ཆུང་ནས་ཁོང་རྣམ་པའི་གནས་སྟངས་ཐོག་མུ་མཐུད་རྩད་གཅོད་གནང་སྐྱོང་ཡོང་བའི་ཞུ་སྐུལ་ཡང་གནང་ཡོད།

བཙན་བྱོལ་བའི་གནས་སྟངས་འོག་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་བཟོ་ཐུབ་པ་ནི་དགའ་སྤོབས་འོས་པ་ཞིག་རེད།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་གནང་ཐོག་དེ་རིང་ཟླ་ ༩ ཚེས་ ༡༦ སྔ་དྲོ་ཚོུད་ ༩༌༣༠ ཡོལ་ཙམ་ལ་དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ཕྱི་ལོ་ ༢༠༡༠ དང་ ༢༠༢༡ ལོའི་ལས་གཞི་གོ་སྤེལ་དང་ཚོགས་མི་ཐོ་འགོད་ཞུ་ཕྱོགས་ཀྱི་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་སོང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག འཕྲོད་བསྟེན་དྲུང་ཆེ་དང་འབྲེལ་ཡོད་ལས་བྱེད། ཕྱོགས་མཐའ་ཁག་ནས་ཕེབས་པའི་ས་གནས་ ༣༣ གྱི་སྨན་པ་དང་སྨན་ཞབས་པ། ས་གནས་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་སོགས་ཁྱོན་མི་གྲངས་ ༤༠ ལྷག་ཙམ་ཚང་འཛོམས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་བརྒྱུད་རིམ་དང་འབྲེལ།  འདི་ལོར་སྨན་བཅོས་ལྟ་སྐྱོང་ལས་གཞི་ནང་མཉམ་ཞུགས་གནང་མཁན་གི་མི་གྲངས་མང་དུ་སོང་ཡོད་པ་དང་།  མི་མང་མཉམ་ཞུགས་ཀྱི་གྲངས་འབོར་ལོ་རེ་བཞིན་འཕེལ་བར་གཞིགས་ཚེ་ལས་གཞི་དེ་མང་ཚོགས་ལ་ཕན་ཐོགས་ཀྱི་ཡོད་པ་མངོན་པ་མ་ཟད་སྤྱིར་འཛམ་གླིང་གི་མི་འབོར་བརྒྱ་ཆ་ ༥༠ ཙམ་ལ་སྨན་བཅོས་ཀྱི་མཐུན་སྐྱེན་མེད་ཀྱང་། ང་ཚོ་བོད་མི་ཚོ་བཙན་བྱོལ་བའི་གནས་སྟངས་འོག་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་བཟོ་ཐུབ་པ་ནི་དགའ་སྤོབས་བྱེད་འོས་པ་ཞིག་དང་སྒོས་ལས་གཞི་དེ་ཚགས་ཚུད་དུ་གནང་རྒྱུར་འབད་དགོས་པ་གསུངས་སོང་། སྲིད་སྐྱོང་མཆོག་གིས་ད་དུང་ཉེ་ལམ་ལྔ་དང་ལྔ་བཅུའི་ཚོགས་འདུ་དང་དེ་བཞིན་གཞིས་ཆགས་ཁག་ཏུ་ཕེབས་སྐབས་སྤྱི་ཚོགས་ཁྲོད་སེམས་ཁམས་ཀྱི་འཕྲོད་བསྟེན་བདེ་མིན་རྐྱེན་པས་ནང་མི་གཙོས་པའི་འབྲེལ་ཡོད་དག་ལ་ངལ་བ་འཕྲད་པའི་གནད་དོན་ཡོང་གི་ཡོད་པ་དང་། དེ་འབྲེལ་དཀའ་ངལ་སེལ་བར་སེམས་ཁམས་ཀྱི་སྨན་ཁང་འམ་ Mental Health Institute ཆེད་འཛུགས་གནང་ཐུབ་ན་སྤྱི་ཚོགས་ཁྱོན་ལ་ཐུགས་ཕན་གསོས་ངེས་ཡིན་པ་ཆབས་ཅིག འདིར་ཕེབས་པའི་ས་གནས་འཕྲོད་བསྟེན་ཐོག་འགན་ཁུར་བཞེས་མཁན་དང་འཕྲོད་བསྟེན་ལས་ཁུངས་ནས་གནད་དོན་དེའི་ཐོག་བཀའ་བསྡུར་གནང་རྒྱུར་དགོངས་བཞེས་རོགས་ཞེས་གཞེན་སྐུལ་གནང་ཡོད། དེ་སྔ་འཕྲོད་བསྟེན། དཔལ་འབྱོར། ཤེས་རིག རིག་གཞུང་སོགས་ཀྱི་ཐད་ལྔ་དང་ལྔ་བཅུའི་ཚོགས་འདུ་ཚོགས་པ་བཞིན་ལོ་རྗེས་མར་འཕྲོད་བསྟེན་རང་གི་ཐོག་ལ་དེ་ལྟར་འཚོགས་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པ་ལམ་སྟོན་གནང་སོང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ལས་གཞི་དེ་སྨན་བཅོས་འགན་བཅོལ་འམ་ Insurance ལྟ་བུ་མིན་པར་མི་མང་གི་བདེ་རྩ་ཁོ་ན་ཆེད་དུ་ཡིན་སྐོར་གསུངས་པ་དང་ཆབས་ཅིག་ཏུ་ལས་གཞི་དེ་བརྒྱུད་ནས་འཕྲོད་བསྟེན་ལས་ཁུངས་དང་ས་གནས་འཕྲོད་བསྟེན་ལ་མ་དངུལ་ཕྲན་བུ་ཡོང་ཐབས་ཀྱི་དགོངས་པ་གང་ཡང་བཞེས་མྱོང་མེད་སྐོར་ནན་བརྗོད་གནང་སོང་། དེ་བཞིན་རང་དབང་ལྡན་པའི་རྒྱལ་ཁབ་གཞན་ཁག་ཏུ་ལས་གཞི་དེ་ལྟར་བཟོ་ཐུབ་ཀྱི་མེད་པ་དང་ང་ཚོའི་ངོས་ནས་དེར་སྤོབས་པ་ཞུས་འོས་ཤིག་དང་ཤུགས་སྣོན་བསྐྱོན་གོ་ཆོད་པ་ཡིན་པར་ལམ་སྟོན་གནང་ཡོད། རྩ་བའི་ལས་གཞི་དེ་དབུ་འཛུགས་གནང་བ་ནས་བཟུང་ད་བར་མི་གྲངས་ ༡༠༣༩༠ ཙམ་ལ་སྨན་བཅོས་ཀྱི་ཁེ་ཕན་ཐོབ་ཡོད་པ་དང་།  ཚོགས་ཞུགས་ཀྱང་ལོ་རེ་བཞིན་འཕར་ཆ་བྱུང་སྟབས་ད་ལྟའི་ཆར་ལས་གཞི་དེའི་ཁོངས་སུ་ཚོགས་མི་གྲངས་ ༢༧༤༩༦ ལྷག་ཡོད་པ་རེད།

ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མཁན་གྱི་ལས་བྱེད་ཟུར་པའི་མིང་ཐོ་རྩིས་སྤྲོད་དགོས་བའི་བརྡ་ཁྱབ།

ཨ་རི་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་དམར་ཤོག་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱི་གཞུང་ཞབས་ཟུར་པ་རྣམས་ཆོས་དང་འབྲེལ་བའི་བྱེད་སྒོ་གང་ལ་ཡང་ཞུགས་མི་ཆོག་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་ལག་སོན་བྱུང་ཡོད་སྟབས་དེ་ལྟ་བུའི་རྒྱ་ནག་དམར་ཤོག་གི་བྱེད་བབ་དེས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པ་བརྗོད་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་དམར་ཤོག་གཞུང་གི་གསལ་བསྒྲགས་དེར་ཟླ་དུས་ཚེས་གྲངས་གང་ཡང་བཀོད་མེད་ཀྱང་གསལ་བསྒྲགས་དེར་དམར་ཕྱོགས་གཞུང་གི་ཚོགས་མི་ཡིན་མིན་ལ་མ་བལྟས་པར་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་ཡིན་པ་གང་ཞིག་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་པ་དང་སྐོར་ར་འགྲོ་མཁན་རྣམས་ཀྱི་མིང་ཐོ་དེ་ཟླ་ ༨ ཚེས་ ༡༨ སྔོན་ལ་སྲིད་གཞུང་ལ་རྩིས་སྤྲོད་དགོས་པ་བཤད་ཡོད་པ་མ་ཟད། ཕྱག་འཚལ་དང་སྐོར་བ་གཙོས་དགེ་སྦྱོར་གནང་མཁན་རྣམས་ལ་ཇི་ལྟར་ཉེས་ཆད་གཅོད་དགོས་མིན་གྱི་བསམ་འཆར་ཕུལ་དགོས་པ་འཁོད་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བོད་ཀྱི་སྤྱི་ཚོགས་ཀྱི་ནང་རྩ་ཆེན་གྱི་གནས་དང་དགོན་པ་སོགས་ལ་སྐོར་ར་འགྲོ་བ་དང་། དུས་རྒྱུན་ཞལ་འདོན་སྐྱོར་བ་སོགས་ནི་བོད་མི་རྣམས་ཀྱིས་ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་གསལ་བརྗོད་གནང་བ་དང་སྦྲགས།  ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ Sophie Richardson ལགས་ཀྱིས་རྒྱ་ནག་གི་དམར་ཕྱོགས་ཀྱི་དཔོན་རིགས་རྣམས་ཀྱིས་ཡ་ང་སྙིང་རྗེ་མེད་པར་བོད་མི་རྣམས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་མཐའ་དག་ལ་བཏང་འཛིན་བྱེད་ཀྱི་ཡོད་པ་མ་ཟད། དམར་ཤོག་སྲིད་གཞུང་ལ་མི་ཚེ་གང་པོར་ཞབས་ཞུ་སྒྲུབ་མཁན་རྣམས་ལ་གུ་ཡངས་གཅིག་ཀྱང་བྱེད་ཀྱི་མེད་པར་སྐྱོབ་བརྗོད་གནང་སྟེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་དོན་ཚན་ ༣༦ ནང་རྒྱ་ནག་ནང་གི་ཆོས་ལུགས་དད་མོས་ཀྱི་རང་དབང་འཁོད་ཡོད་པ་ལྟར་དམར་ཤོག་སྲིད་གཞུང་གིས་ཆོས་ལུགས་ཀྱི་བྱེད་སྒོར་དམ་དྲག་བྱེད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་བརྡ་ཁྱབ་བཏང་འདུག གནས་ཚུལ་དེ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་གིས་བསྐོ་གཞག་བྱས་པའི་པཎ་ཆེན་རྒྱལ་མཚན་མཚན་ནོར་བུ་བོད་ཀྱི་ས་ཁུལ་གང་སར་མངགས་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བཞིན་པ་དང་། དེ་བཞིན་བོད་མི་རྣམས་ལ་དགོན་པར་མཇལ་ཁ་དང་སྐོར་ར་ཙམ་ཀྱང་བྱེད་དུ་འཇུག་གི་མེད་པའི་ཐད་ལ་དགོངས་འཆར་གང་ཡོད་དམ་ཞེས་བཅར་འདྲི་ཞུས་པར་དམར་ཤོག་གཞུང་གིས་དུས་རྒྱུན་ནས་བོད་ནང་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་པ་ཕྱིར་བསྒྲགས་བྱེད་བཞིན་ཡོད་ཀྱང་། དོན་དམ་ཐོག་བོད་ནང་གི་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་གཙོས་པའི་བོད་ཁུལ་གྱི་ནང་ཆོས་འཆད་ཉན་གྱི་ལྟེ་བ་ཡོད་ཚད་ལ་རྩ་གཏོར་གཏོང་གི་ཡོད་པ་མ་ཟད། དགོན་པའི་ནང་གྲྭ་བཙུན་ཡར་འཇུག་དང་མར་འཕུད་ཀྱི་གནད་དོན་གཙོས་ཉིན་རེའི་བྱེད་སྒོ་ཡོད་ཚད་ཀྱང་བཏང་འཛིན་བྱེད་ཀྱི་ཡོད་པ་བརྗོད་དེ་བོད་དུ་ཆོས་དད་ཀྱི་རང་དབང་མེད་པ་གསལ་པོ་ཞེ་དྲག་རེད་ཅེས་གསུངས་སོང་། ཨ་རྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ད་དུང་རྒྱ་ནག་སྲིད་གཞུང་གི་དཔོན་རིགས་རྣམས་ཀྱིས་ཆོས་ལུགས་དད་མོས་དེ་ལྟ་བུའི་བཏང་འཛིན་རྣམས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་མ་ཟད་བོད་རྒྱ་གཉིས་ཞི་མཐུན་གྱི་སྒོ་ནས་མཉམ་གནས་བྱེད་དགོས་ཚེ་བོད་མི་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་འཇགས་ནས་ཡོད་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་བརྩི་བཀུར་དང་ལྷག་དོན་༸གོང་མཆོག་ལ་མཚན་སྨད་ཞུ་བ་སོགས་ངེས་པར་དུ་མཚམས་འཇོག་བྱེད་དགོས་པ་གསུངས་ཡོད། རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༤ ལོ་ནས་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་དུ་དམར་ཤོག་ཚོགས་པའི་ཚོགས་མི་དང་སྲིད་གཞུང་གི་ལས་བྱེད་རྣམས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་སྲིད་བྱུས་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་དང་། ཐེངས་འདིར་དམར་ཤོག་ཚོགས་པའི་ཚོགས་མི་དང་ལས་བྱེད་ཙམ་མ་ཟད་དམར་ཤོག་ཚོགས་མི་ཡིན་མིན་ལ་ལྟོས་མེད་རྒས་ཡོལ་དུ་ཕེབས་ཟིན་པ་ཡོངས་ནས་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་ཞིག་ཆགས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གི་ལས་བྱེད་ཟུར་པ་ཚོའི་ཆོས་ཕྱོགས་ལ་དེ་ལྟ་བུའི་དམ་དྲག་དེ་ཆོས་ཕྱོགས་དང་འབྲེལ་བའི་དུས་དྲན་སོ་སོའི་སྐབས་དང་། དེའང་ངག་ཐོག་མ་གཏོགས་གཞུང་འབྲེལ་སྒོ་ནས་ཡིག་ཐོག་ཏུ་བཀོད་མྱོང་མེད་པ་རེད། ཕྱི་ལོ་ ༢༠༡༢ ལོར་གཞུང་གི་ལས་བྱེད་ཟུར་པ་གཙོས་བོད་མི་སྟོང་ཕྲག་འགལ་བ་རྒྱ་གར་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་ནས་ཕྱིར་ཕེབས་མཚམས་སུ་སློབ་གསོ་སྤེལ་བའི་མིང་ཐོག་ནས་བཀག་བསྐྱིལ་བྱས་ཡོད་པ་མ་ཟད། ལས་བྱེས་ཟུར་པ་ཁག་གཅིག་གི་རྒས་ཡོལ་གྱི་གླ་ཕོགས་དང་སྨན་ཁང་གི་དམིགས་བསལ་གྱི་ལག་འཁྱེར་སོགས་ཀྱང་ཕྱིར་བསྡུ་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད། ཐེངས་འདིའི་དམ་དྲག་གི་དྲིལ་བསྒྲགས་སྤེལ་མཁན་ནི་བོད་རང་སྐྱོང་ལྗོངས་ཁུལ་དུ་ལས་བྱེད་རྒས་ཡོལ་ལ་ལྟ་རྟོག་བྱེད་བཞིན་པའི་དམར་ཤོག་ཚོགས་ཆུང་ཞིག་རེད་འདུག

བཀའ་སྤྱི་གཉིས་ནས་སྐུ་ཞབས་ Ram Jethmalani མཆོག་དགོངས་པ་རྫོགས་པར་ཐུགས་གསོ།

རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས Ram Jethmalani མཆོག་བདུན་ཕྲག་སྔོན་མའི་གཟའ་ཉི་མའི་ཞོགས་པར་ཁོང་གི་བཞུགས་གནས་རྒྱལ་ས་ལྡིི་ལིར་དགུང་ལོ་ ༩༥ སྟེང་སྐུ་གྲོངས་པའི་གནས་ཚུལ་ཐོན་འཕྲལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས་དམ་པ་དེ་ཉིད་ཀྱི་བུ་ Mahesh Jethmalani ལགས་ཀྱི་མཚན་ཐོག་ཏུ་ཁོང་གི་ཡབ་སྐུ་ཚེ་མ་ཟིན་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག སྲིད་སྐྱོང་མཆོག་གིས་དམ་པ་དེ་ཉིད་ནི་དུས་རྒྱུན་ནས་༸གོང་ས་མཆོག་ལ་བསྔགས་བརྗོད་ཞུ་མཁན་ཞིག་ཡིན་པ་མ་ཟད། རྒྱ་གར་གྱི་གྲོས་ཚོགས་ཕྱི་ནང་གཉིས་སུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་སྟབས་ཁོང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་འཕྲལ་ཡིད་སེམས་རབ་ཏུ་སྐྱོ་བྱུང་ཞེས་གསུངས་ཏེ་བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་ཡོངས་ཀྱི་ཚབ་ཞུས་ནས་ཁོང་གི་བུ་དང་ཤུལ་ལུས་ནང་མི་སྐུ་འཁོར་ལ་ཐུགས་གསོ་བསྩལ་བ་དང་སྦྲགས། དམ་པ་དེ་ཉིད་ནི་ཀུན་ཀྱིས་ཡིད་སྨོན་ཞུ་སའི་ཁྲིམས་རྩོད་པ་ཞིག་དང་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་རེད་ཅེས་གསུངས་འདུག ལྷག་དོན་ཤུལ་ལུས་ནང་མི་རྣམས་སྐྱོ་སྡུག་གིས་མནར་ནས་ཡོད་པའི་དུས་སྐབས་འདིར་ང་ཚོས་ཀྱང་གདུང་ཤུགས་དྲག་པོས་བསྔོ་སྨོན་གསོལ་འདེབས་ཞུ་བཞིན་ཡོད་ཅེས་གསུངས་འདུག  དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དམ་པ་དེ་ཉིད་སྐུ་ཚེ་མ་ཟིན་པ་ནི་འཕགས་བོད་གཉིས་ཀྱི་གྱོང་གུད་ཆེ་ཤོས་ཤིག་ཡིན་པ་བརྗོད་དེ་ཁོང་ནི་དུས་ཡུན་རིང་པོར་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་མཁན་གྱི་འགྲན་ཟླ་བྲལ་བའི་ཁྲིམས་རྩོད་པ་ཞིག་ཡིན་པ་དང་། ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་སུ་དུས་རྒྱུན་ནས་བྱ་སྒྲོ་རྩེད་མོ་རྩེད་དུས་བོད་ལ་སེམས་ཁུར་ཡོད་པའི་མཚོན་བྱེད་དུ་བོད་རང་དབང་ཞེས་བྲིས་ཡོད་པའི་སྟོད་གོས་ཤིག་མནབ་ཀྱི་ཡོད་ལུགས་བརྗོད་མྱོང་བ་དྲན་གསོ་གནང་བ་དང་སྦྲགས། ཁོང་གིས་རྣམ་ཀུན་ནས་གྲོས་ཚོགས་ཀྱི་དབུས་སུ་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད་བོད་དོན་དང་འབྲེལ་བའི་རྩོམ་ཡིག་ཀྱང་མང་དག་ཅིག་སྤེལ་མྱོང་ཡོད་སྐོར་གསལ་འདོན་གནང་སྟེ་ཁོང་སྐུ་ཚེ་མ་ཟིན་པར་གདུང་ཤུགས་དྲག་པོ་ཡོད་ཅེས་དམ་པ་གང་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག    

རྒྱལ་ས་ལྡི་ལིར་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི།

དེ་རིང་ཟླ་ ༩ ཚེས་ ༡༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཐོག་གསོ་བ་རིག་པའི་ཉིན་མོ་ཐེངས་དང་པོ་སྲུང་བརྩི་ཞུས་སོང་། རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་ IIC དུ་གོ་སྒྲིག་ཞུས་པའི་གསོ་བ་རིག་པའི་ཉིན་མོ་ཐེངས་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོར་རྒྱ་གར་གྱི་ Ayush བློན་ཆེན་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་སྐུ་ཞབས་  Pramod Kumar Pathak  མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་དབུ་བཞུགས་ཐོག་སྐུ་མགྲོན་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་དང་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་གིས་དབུས་པའི་སྨན་པ་དང་དོན་གཉེར་ཅན་བཅས་ཚོགས་བཅར་བ་མི་གྲངས་ ༨༠ ལྷག་ཙམ་ཞིག་འདུ་འཛོམས་གནང་འདུག བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་རག་རྡོ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གིས་གསོ་བ་རིག་པའི་ཉིན་མོ་ཞེས་སྲུང་བརྩི་ཞུ་དོན་གཙོ་བོ་ནི་འཛམ་གླིང་སྤྱིའི་འགྲོ་ལུགས་ལྟར་འགྲོ་བ་སྤྱིར་ཕན་ཐོག་ཅན་གྱི་བྱས་རྗེས་ཅན་རྣམས་ལ་དྲན་གསོ་ཞུ་རྒྱུ་དེ་བོད་ཀྱི་རིག་གཞུང་ལམ་སྲོལ་ནང་དུའང་ཡོད་པ་ལྟར་བཙན་བྱོལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་ལམ་སྟོན་འོག་གསོ་བ་རིག་པའི་གཞུང་ལུགས་སླར་གསོ་དང་། ལྷག་པར་དུ་འདས་པའི་སྨན་པ་དང་སྨན་ཞབས་པ་ཚོས་སྤྱི་ཚོགས་ནང་ཞབས་འདེགས་གང་ཐུབ་ཞུས་ཡོད་པ་ལྟར་བྱས་པ་ཅན་དེ་དག་ལ་དྲན་གསོ་རྗེས་དྲན་བཅས་ཀྱི་ཆེད་དུ་གསོ་བ་ཪིག་པའི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དེ་རིང་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་དང་བསྟུན་གསུང་འཕྲིན་ཞིག་བསྩལ་འདུག་པ་དང་། དེའི་ནང་དེ་རིང་གི་ཉིན་མོ་དེར་ ཞུགས་མཁན་བོད་ཀྱི་སྨན་པ་ཆེ་ཆུང་རྣམས་དང་། སྨན་ཞབས། འབྲེལ་ཡོད་དགེ་ལས་སློབ་ཕྲུག་བཅས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད་ཅེས་བཀའ་བསྩལ་བ་དང་སྦྲགས། རང་རེ་བོད་ལ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་ཡོངས་སུ་གྲགས་པའི་ཆེ་བའི་ནང་ཚན་ནང་དོན་རིག་པས་འགྲོ་བ་མིའི་སེམས་ཁམས་ཉོན་མོངས་པར་བྱེད་པ་རྣམས་བཅོས་ཏེ་ཞི་དུལ་བག་ཡོད་བྱམས་བརྩེ་ལྡན་པ་དང་གསོ་བ་རིག་པས་མིའི་ལུས་ཀྱི་འདུ་བ་མི་སྙོམས་པའི་ནད་རྣམས་བཅོས་ཏེ་ལུས་སེམས་བདེ་ཐང་ངང་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ལའང་ཅི་དགར་འཇུག་པའི་གོ་སྐབས་འབྱིན་པ་སོགས་ཕན་ཐོགས་ཧ་ཅང་ཆེན་པོ་ཞིག་ཡིན་ཅེས་བཀའ་བསྩལ་མཛད་འདུག བོད་ཀྱི་གསོ་བ་རིག་པ་ནི་སྔར་བོད་དང་རྒྱ་གར། རྒྱ་ནག་སོགས་ཀྱི་སྨན་པ་མཁས་པ་རྣམས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་མཉམ་འཛོམས་གྲོས་བསྡུར་དང་། ཕན་ཚུན་ཉམས་མྱོང་དང་དགེ་མཚན་སྤེལ་རེས་བྱས་པ་བཅས་ལས་གྲུབ་པའི་བོད་ཀྱི་གསོ་བ་རིག་པ་ཞེས་རིགས་པའི་གཞུང་ལུགས་ཆ་ཚང་བ་ཞིག་ཡོད་པ་དེ་དག་སྨན་པ་མཁས་པའི་ལག་ལེན་དངོས་ཀྱི་ཉམས་སད་ཐེག་པ་ཞིག་ཡིན་པ་སྨོས་མ་དགོས། འོན་ཀྱང་ལེགས་ཐོག་ལེགས་བརྩིག་ཏུ་དེང་གི་འཛམ་གླིང་ཚན་རིག་འཕེལ་རྒྱས་དང་བསྟུན་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱས་ཏེ་ཕན་ནུས་ཚན་རིག་ཐོག་ནས་ར་སྤྲོད་དང་། དེང་གི་ཕྱི་ནང་གསོ་རིག་གི་ལེགས་ཆ་ཕན་ཚུན་སྤེལ་རེས་ཀྱི་ལམ་ནས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་འཛམ་གླིང་ལ་ཁ་ཕྱོགས་ཏེ་འཕེལ་རྒྱས་ཡོང་ཐབས་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པས་དེ་ལུགས་ཚང་མའི་བློ་འཇགས་བྱེད། གསོ་རིག་བསྟན་པ་རྒྱས་པའི་སྨོན་ལམ་བཅས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ས་ཕག་ཟླ་བ་ ༧ ཚེས་ ༩ ཕྱི་ལོ་ ༢༠༡༩  ཟླ་ ༩ ཚེས་ ༧ ལ་ཞེས་འཁོད་འདུག གསོ་བ་རིག་པའི་ཉིན་མོ་སྲུང་བརྩིའི་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་  AYUSH བློན་ཆེན་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་སྐུ་ཞབས་ Pramod Kumar Pathak མཆོག་ནས་དེ་རིང་ཁོང་དངོས་སུ་གསོ་བ་རིག་པའི་ཉིན་མོ་ཐེངས་དང་པོའི་མཛད་སྒོར་བཅར་རྒྱུ་བྱུང་བ་དེ་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང་། རྒྱ་གར་དབུས་གཞུང་གི་ངོས་ནས་གསོ་བ་རིག་པ་དེ་གཞུང་འབྲེལ་སྨན་གྱི་རིག་པའི་གཞུང་ལུགས་ཤིག་ཏུ་ངོས་འཛིན་གནང་ཡོད་པ་ལྟར་ཁོང་གི་བློན་ཆེན་ལས་ཁུངས་ནས་ཀྱང་གསོ་བ་རིག་པའི་གཞུང་ལུགས་དེ་ཚན་རིག་དང་མཐུན་པའི་ཐོག་འགྲོ་བ་སྤྱིར་ཕན་པ་རླབས་པོ་ཆེ་སྒྲུབ་ཐབས་དང་གོང་འཕེལ་བཅས་ཡོང་བར་དགོས་ངེས་ཀྱི་མཐུན་འགྱུར་གང་འོས་གནང་རྒྱུར་ཞལ་བཞེས་གནང་ཡོད། དབུ་འབྱེད་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་ནས་རྒྱ་གར་དབུས་གཞུང་གི་ངོས་ནས་  Ayush  ལྷན་ཚོགས་ནང་གསོ་བ་རིག་པའི་སློབ་སྟོན་པ་ཞིག་དང་ལྷག་པར་དུ་རྒྱ་གར་དབུས་སྨན་པའི་ལྷན་ཚོགས་སུ་གསོ་བ་རིག་པའི་ཚོགས་མིའི་གྲངས་འབོར་མང་དུ་གཏོང་ཐབས་ཡོང་བ་སོགས་ཀྱི་འབོད་སྐུལ་ཞུས་སོང་། གཞན་ཡང་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་དང་འབྲེལ་རྒྱལ་ས་ལྡི་ལིའི་བོད་ཁང་དུ་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་འགྲེམས་སྟོན་དང་རིན་མེད་ནད་པ་བརྟག་དཔྱད་བཅས་གནང་གི་ཡོད་པ་མ་ཟད། གསོ་རིག་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དྲུག་པ་དེ་ཚོགས་ཀྱི་ཡོད་པ་རེད། གཞི་རྩའི་བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་ནི་ཕྱི་ལོ་ ༢༠༠༤ ལོར་དབུ་བརྙེས་པའི་ཚོགས་པ་ཞིག་ཡིན་པ་དང་། ལྷན་ཚོགས་ཀྱི་དམིགས་ཡུལ་དང་ངོ་བོ་ནི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཤེས་ཚད་དང་ཤེས་ཡོན་གྱི་སྒྲིག་གཞི་གཏན་འབེབས་གནང་རྒྱུ། ནད་བཅོས་སྨན་པ་དང་། སྨན་དགེ། སྨན་སྦྱོར་བཟོ་གྲྭ་བཅས་ཀྱི་སྨན་སྦྱོར་ཤེས་ཚད་ཁྲིམས་གཞི། དེ་བཞིན་གསོ་རིག་སློབ་སྦྱོང་གི་སློབ་ཚན་སོགས་དེང་དུས་འཛམ་གླིང་སྤྱིའི་འགྱུར་འགྲོས་དང་མཐུན་ཞིང་བོད་ཀྱི་ཐུན་མིན་སྲོལ་རྒྱུན་མི་ཉམས་པར་གཏན་འབེབས། ལྷག་པར་དུ་སྨན་རྫས་ཀྱི་སྤུས་ཚད་སོགས་བཏང་འཛིན་ཡོང་ཐབས་བཅས་ལ་ཆེད་དམིགས་གནང་བ་ཞིག་ཡིན་པ་རེད།  ད་ལྟའི་ཆར་བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་ནང་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་ཚོགས་མི་ ༥༠༠ ལྷག་རྩམ་ཡོད་པ་རེད།

Latest news