Tibetan Royal Year of 2151 | Year of the Wood Dragon

བོད།

G7 འགོ་ཁྲིད་རྣམས་ཀྱིས་བོད་ནང་མི་རིགས་རྩ་གཏོར་གྱི་ལས་གཞི་མཚམས་འཇོག་དགོས་པར་གནོན་ཤུགས་སྤྲོད་དགོས་པའི་ལས་འགུལ་དབུ་འཛུགས།

རིང་མིན་ཟླ་བ་རྗེས་མའི་ཚེས་ ༣ དང་ ༤ བཅས་གཉིས་རིང་འཇར་མི་ནིར་འཛམ་གླིང་ཁྲོད་སྟོབས་ཆེན་རྒྱལ་ཁབ་ ༧ དང་ཡུ་རོབ་མཐུན་ཚོགས་ལས་གྲུབ་པའི་ G7 ལྷན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རིམ་པའི་ཚོགས་འདུ་འཚོགས་གཏན་ཁེལ་བ་དང་བསྟུན། དེ་རིང་བཞུགས་སྒར་དུ་ G7 འགོ་ཁྲིད་རྣམས་ལ་བོད་ནང་རྒྱ་ནག་གཞུང་གིས་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་མང་དག་ཅིག་གསར་རྒྱག་བརྒྱུད་བོད་མི་རིགས་རྩ་མེད་བཟོ་རྒྱུའི་བྱ་སྤྱོད་སྤེལ་བཞིན་པ་དེ་འཕྲལ་མར་མཚམས་འཇོག་ཐད་ལ་གནོན་ཤུགས་སྤྲོད་དགོས་ཞེས་དང་དེ་འབྲེལ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་སོང་། བཞུགས་སྒར་དྷརྨ་སཱ་ལཱར་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཉིས་མཉམ་འབྲེལ་ཐོག་དེ་རིང་སྔ་དྲོ་ཚོུད་  ༡༠ སྟེང་མེག་གྷན་བཞི་མདོར་ G7 འགོ་ཁྲིད་རྣམས་ལ་བོད་དོན་ཞུ་གཏུག་ཐོག་མཚན་རྟགས་བསྡུ་རུབ་གནང་རྒྱུའི་བདུན་ཕྲག་གསུམ་གྱི་ལས་འགུལ་དབུ་འཛུགས་གནང་སོང་།ལས་འགུལ་འདིའི་ཁྲོད་ G7 འགོ་ཁྲིད་རྣམས་ལ་འབུལ་ལམ་ཞུ་རྒྱུའི་ཞུ་ཡིག་ནང་ད་ལྟའི་ཆར་བོད་ནང་བོད་ཕྲུག་ས་ཡ་གཅིག་ལ་ཉེ་བ་རྣམས་རང་ཉིད་ཀྱི་ནང་མི་དང་སྤྱི་ཚོགས་སོགས་དང་ཁ་བྲལ་གཏོང་བཞིན་པ་དེས་རྒྱ་ནག་གི་གཞི་རྒྱ་ཆེ་བའི་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་དང་སྔོན་འགྲོའི་སློབ་གྲྭ་ཁག་གི་ནང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོས་ཏེ་རྒྱ་སྒྱུར་སློབ་གསོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་། ཕྱོགས་གཞན་ཞིག་ནས་བོད་ནང་བོད་ཡིག་སློབ་ཁྲིད་གཙོ་བོ་བྱེད་མཁན་གྱི་སློབ་གྲྭ་མང་དག་ཅིག་བཙན་དབང་གིས་སྒོ་བརྒྱབ་པ་སོགས་བོད་ནང་གི་བོད་མི་དང་དམིགས་བསལ་བོད་པའི་བུ་ཕྲུག་ཚོར་ལུས་སེམས་གཉིས་ཀར་མནར་གཅོད་ཆེས་ཆེར་གཏོང་བཞིན་ཡོད་པ། རྒྱ་ནག་གི་ཤེས་ཡོན་སྲིད་བྱུས་དེ་དག་གིས་མ་འོངས་པར་སོ་སོའི་སྐད་ཡིག་དང་རིག་གནས། སྤྱི་ཚོགས་སོགས་གང་ལའང་ཆ་རྒྱུས་མེད་པའི་བོད་པའི་མི་རབས་གསར་པ་ཞིག་སྐྱེད་སྲིང་ཐོག་ནས་མཐར་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏང་རྒྱུ་དང་། བོད་ནང་རྒྱ་གཞུང་གི་དབང་བསྒྱུར་སྲ་བརྟན་བཟོ་ཐབས་སོགས་ཀྱི་སྲིད་བྱུས་སྤེལ་དང་སྤེལ་བཞིན་པ་བཅས་མངོན་གསལ་གནང་ཡོད། རྒྱ་ནག་གཞུང་ལ་བོད་ཁུལ་དུ་མི་སེར་སྤེལ་ཡུལ་གྱི་བྱ་སྤྱོད་དང་སྲིད་བྱུས་དེ་དག་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་འབོད་སྐུལ་བསྐྱར་ནན་གནང་འདུགརྩ་བའི་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣ ནས་ ༥ བར་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཚོགས་པའི་ G7 ལྷན་ཚོགས་ཐོག་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་པར་དུ་རྒྱ་གཞུང་གིས་ཤིན་ཅང་ཡུ་གུར་དང་བོད་མི་བཅས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད། G7 ལྷན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པས་རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གཙོས་རང་དབང་ཅན་གྱི་རྟོག་ཞིབ་པ་རྣམས་འཕྲལ་མར་ཁུལ་དེ་དག་ཏུ་བཀག་སྡོམ་གང་ཡང་མེད་པར་ཕེབས་འཐུས་ཆོག་མཆན་སྤྲོད་དགོས་པའི་རེ་སྐུལ་གནང་མྱོང་ཡོད་པ་ལྟར་སྐབས་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དེ་དག་ལ་ངོས་ལེན་མེད་སྐོར་དང་སྦྲགས་ཏེ་ G7 ལྷན་ཚོགས་ལ་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་གནང་རྒྱུ་མེད་པའི་ཉེན་བརྡ་བཏང་ཡོད།

རྒྱ་རིགས་ཚོང་པས་ལྷ་སའི་གནས་སྟངས་ལ་རྟོག་ཞིབ་དགོས་པའི་འབོད་སྐུལ་ཞུས་པ།

བོད་ཀྱི་རྒྱལ་ས་ལྷ་ས་ཡོངས་བཀག་སྡོམ་བྱས་ཏེ་ཉིན་གྲངས་ ༥༨ ཕྱིན་པའི་མཚམས་འདིར་རྒྱ་རིགས་ཚོང་པ་ Tang Yangchun ཞེས་པ་ཞིག་གིས་སྲིད་གཞུང་གིས་ནད་ཡམས་ཀླད་ཀོར་གྱི་སྲིད་བྱུས་འོག་མང་ཚོགས་ལ་བཀག་སྡོམ་དང་བརྟག་དཔྱད་རྫུན་མ་བྱས་དང་བྱེད་བཞིན་པར་མ་བཟོད་ནས་གསར་འགྱུར་ལས་ཁང་ཚོས་ལྷ་ས་ཁུལ་གྱི་གནས་སྟངས་ལ་རྟོག་ཞིབ་བྱེད་དགོས་པའི་ཞུ་སྐུལ་དང་གནས་སྟངས་འདི་མུ་མཐུད་ལྷག་ཚེ་རང་སྲོག་གཅད་རྒྱུའི་ཉེན་བརྡ་བཏང་འདུག འཕྲུལ་སྒྲ་ཐོག་ལོན་ཌོན་གཙུག་ལག་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་དང་ཨ་ཕི་རི་ཀའི་ཞིབ་འཇུག་པ་དང་བོད་རིག་པའི་མཁས་དབང་ Robert Barnett ལགས་ཀྱིས་རྒྱ་རིགས་ཚོང་པ་ Tang Yangchun ཞེས་པས་ལྷ་སའི་སྲིད་གཞུང་ནས་ནད་ཡམས་སྟངས་འཛིན་བྱེད་ཕྱོགས་ཐད་སྐྱོན་འཛུགས་ཀྱིས་རང་སྲོག་གཅད་རྒྱུའི་ཉེན་བརྡ་བཏང་ཡོད་པའི་གནད་དོན་སྐོར་བརྙན་པར་ཞིག་བཞག་འདུག་ཅིང་། བརྙན་ནང་ཚོང་པ་དེས་ཁོ་པའི་ནང་མི་རྣམས་དུས་ཚོད་གཅིག་ལ་གཉན་རིམས་ཕོག་ཡོད་མེད་བརྟག་དཔྱད་བྱེད་ས་མི་འདྲ་བ་ལས་གྲུབ་འབྲས་མི་འདྲ་བར་ཐོན་སྟབས་དེ་ལྟར་ཡོང་དགོས་དོན་གང་ཡིན་ནམ་ཞེས་ཀྱི་དྲིས་ཡོད་པར་མ་ཟད། སྲིད་གཞུང་གི་ངོས་ནས་ནད་ཡམས་ཀྱི་འབྱུང་རྐྱེན་གང་ཡིན་མིན་གང་མགྱོགས་རྩད་གཅོད་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དོན་མེད་གོ་ལོག་དང་ཏོག་དབྱིབས་ཀྱི་གྲུབ་འབྲས་རྫུན་མ་དེར་ཆ་འཇོག་བྱས་ནས་མང་ཚོགས་རྣམས་དྲུད་དེ་སྤྱི་སྤྱོད་རླངས་འཁོར་ནང་བརྒྱངས་ཏེ་འགོག་དབྱེ་ཟུར་འཇོག་ཁང་དུ་འཇོག་མཚམས་དགོས་པ་བཤད་འདུག དེ་བཞིན་ཁོ་པས་ལྷ་ས་ནང་གི་གནས་སྟངས་མུ་མཐུད་འདི་ལྟ་བུ་ལྷག་ཚེ་རང་སྲོག་གཅད་རྒྱུ་ཡིན་སྐོར་བཤད་འདུག་པར་མ་ཟད་ལྷག་དོན་ལྷ་ས་ནང་གི་གནས་སྟངས་ཁྲོད་འདིར་མང་ཚོགས་དུ་མས་དཀའ་སྡུག་སྙན་སེང་ཞུ་ཐུབ་རྒྱུ་དཀའ་བ་གྱུར་ཡོད་པ་བཤད་འདུག སྐར་མ་ ༦ ཅན་གྱི་བརྙན་དེ་ཁ་སང་ཆུ་ཚོད་ཁ་ཤས་རྗེས་ནས་ནག་བསུབ་བཏང་ཡོད་ཀྱང་བརྙན་དེར་གཟིགས་མཁན་ཧ་ཅང་མང་པོ་བྱུང་འདུག གཞི་རྩའི་ཁོ་པ་ནི་ཚོང་པ་ཞིག་དང་རྒྱལ་ཞེན་དང་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་འདུག་པ་དང་། ཚོང་པ་དེས་དངོས་གནས་བློ་ཁོག་ཆེན་པོའི་ཐོག་ནས་ལྷ་ས་ནང་གི་གནས་སྟངས་སྐོར་དང་ནད་ཡམས་ཀྱི་སྲིད་བྱུས་ལ་ཁག་དཀྲི་བྱས་ཏེ་མང་ཚོགས་རྣམས་ཚོད་མེད་བཀག་སྡོམ་འོག་སྨན་གྱི་མཐུན་རྐྱེན་སོགས་མ་རག་པའི་དཀའ་སྡུག་མྱོང་བཞིན་པའི་གནད་དོན་བཤད་ཡོད། བོད་ནང་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་འོག་ལྷ་ས་ནང་བོད་མི་མང་དག་ཅིག་ལ་ཞལ་ལག་འདང་ངེས་མེད་པའི་ཁར་ཕྱི་ལོགས་ལ་ཟས་རིན་ཧ་ཅང་འཕར་བའི་དཀའ་ངལ་འཕྲད་ཡོད།  ཆབས་ཅིག་འཕྲུལ་སྒྲ་ཐོག་ཏུ་ད་ཆ་ལྷ་ས་ནང་ནད་ཡམས་ཀྱི་ཉེན་ཚབས་ཆུང་བའི་ས་ཚིགས་ཀྱི་མང་ཚོགས་རྣམས་རང་ཁྱིམ་ནས་ཕྱིར་ཐོན་ཆོག་ཀྱང་རང་ཉིད་སོ་སོའི་ས་ཚིགས་ནས་ཕྱིན་ཐོན་ཆོག་གི་མེད་པར་མ་ཟད་ཕྱི་ཕྱོགས་ནས་དངོས་ཟོག་ཉོས་པ་རྣམས་བཞི་མདོ་ནས་ལེན་ཆོག་གི་ཡོད་པའི་གནས་ཚུལ་བཀོད་འདུག

གཉན་རིམས་ཁྱབ་གདལ་ཁྲོད་བོད་མིར་ཁ་ལག་མ་འདང་བ་དང་ཁ་པར་འགྲོ་གྲོན་འཕར་བ་སོགས་ཀྱི་ངལ་བ་འཕྲད་པ།

འདི་ལོའི་ཕྱི་ཟླ་ ༨ པ་ནས་བཟུང་བོད་ནང་ཏོག་དབྱིབས་གཉན་རིམས་ ༡༩ པ་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཁྲོད་རྒྱ་གཞུང་གིས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལག་བསྟར་འོག་རྒྱལ་ས་ལྷ་ས་གཙོས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་མང་ཆེ་བ་སྒོ་རྒྱ་བསྡམས་ནས་ཟླ་བ་གཉིས་ཙམ་འགྲོ་མུས་ཀྱི་མཚམས་འདིར་རྒྱ་ནག་གཞུང་ཕྱོགས་ནས་མང་ཚོགས་ལ་གཉན་རིམས་འགོག་ཐབས་ཀྱི་ལས་དོན་དང་དེ་འབྲེལ་ངལ་བ་འཕྲད་པ་རྣམས་ལ་དངུལ་གཙོ་གྱུར་ཉེར་མཁོ་ཁག་མཐུན་རྐྱེན་སྦྱོར་བཞིན་ཡོད་པར་བཤད་འདུག་ཀྱང་། རྒྱལ་ས་ལྷ་ས་ནང་བོད་མི་མང་དག་ཅིག་ལ་ཞལ་ལག་འདང་ངེས་མེད་པའི་ཁར་ཕྱི་ལོགས་ལ་ཟས་རིན་ཧ་ཅང་འཕར་བའི་དཀའ་ངལ་འཕྲད་བཞིན་པར་མ་ཟད། ལྷག་པར་ད་ལྟའི་ཆར་བེད་སྤྱོད་ཆེ་བའི་ཁ་པར་གྱི་འགྲོ་གྲོན་སྔར་ལྷག་འཕར་ཡོད་པ་སོགས་ཀྱི་ངལ་བ་འཕྲད་བཞིན་འདུག དེ་རིང་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་ལས་ཁུངས་ཀྱིས་མང་ཚོགས་ཁྲོད་ལོ་ན་བགྲེས་པ་དང་། ཚོང་ལས་གཉེར་མཁན། ཉམ་ཐག ནད་པ། ཞོར་ལས་པ་སོགས་སྡེ་ཁག་བརྒྱད་ལ་དབྱེ་ནས་དངུལ་གྱི་རོགས་སྐྱོར་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་འདུག་ཀྱང་། ཕྱོགས་གཞན་ཞིག་ནས་ས་གནས་སུ་དུས་ད་ལྟའང་ཞལ་ལག་འདང་ངེས་མེད་པའི་ཁར་ཕྱི་ལོགས་ལ་ཟས་རིན་ཧ་ཅང་འཕར་བའི་དཀའ་ངལ་འཕྲད་བཞིན་པ་དང་། ལྷག་པར་དུ་འདས་པའི་ཉིན་ཤས་ནང་ China Mobile ཞེས་བོད་ཁུལ་དུ་ལག་ཐོགས་ཁ་པར་ཚོང་ལས་ཁང་གིས་མང་ཚོགས་ལ་ཁ་པར་སྤྱོད་པར་རིན་གོང་རྒྱུན་ལྡན་ལས་ལྡབ་ལོག་སྤར་ཆ་བྱས་ཡོད་སྟབས་འདས་པའི་གཟའ་འཁོར་ནང་བོད་ནས་བརྙན་དང་འདྲ་པར་ཕྱིར་འགྱར་བྱུང་བ་ལས་རྣམ་ཀུན་ཁ་པར་སྤྱོད་པར་འགྲོ་གྲོན་རྒྱ་སྒོར་ ༡༥༠ ནས་ ༢༠༠ བར་ཡིན་པ་ལ་ད་ལྟ་རྒྱ་སྒོར་ ༦༠༠ ནས་ ༧༠༠ དང་ཁ་ཤས་ལ་རྒྱ་སྒོར་ ༡༠༠༠ ལྷག་ཡིན་པའི་གནས་ཚུལ་མང་དག་ཅིག་མཐོང་རྒྱུ་འདུག བརྙན་པར་གཞན་ཞིག་གི་ནང་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་བོད་མི་ཞིག་ལ་ལྕག་ཐགས་བརྒྱབ་སྟེ་ཁྱིམ་ནས་བཙན་ཁྲིད་བྱེད་བཞིན་པ་དང་། དེར་ཞུ་གཏུག་བྱེད་མཁན་མི་གཞན་ཞིག་ལ་གཅར་རྡུང་བཏང་ཡོད་པ་མངོན་རྒྱུ་འདུག་པར་མ་ཟད། དེ་བཞིན་བརྙན་གཞན་ཞིག་གི་ནང་ས་གནས་བོད་མི་ཞིག་གིས་ལས་བྱེད་པས་ལོ་ན་བགྲེས་པ་ལའང་གཅར་རྡུང་བཏང་ཡོད་སྐོར་བཤད་འདུག དེ་རིང་རྒྱ་ནག་གཞུང་གིས་མང་ཚོགས་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བ་དེ་དང་འབྲེལ། བོད་གནད་དབྱེ་ཞིབ་པའི་ཁྲོད་རྒྱ་གཞུང་གིས་རོགས་སྐྱོར་གྱི་གསལ་བསྒྲགས་བྱས་པ་དེ་དག་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་དང་མཐུན་གྱི་མེད་པ་དང་ད་བར་བོད་ནང་ལོགས་ཀྱི་བོད་མི་དང་ཐ་ན་རྒྱ་རིགས་མང་དག་ཅིག་ནས་ཀྱང་རྒྱ་ནག་གཞུང་གི་དྲ་རྒྱའི་ཐོག་གང་བཤད་པ་རྣམས་རྫུན་གཏམ་ཁོ་ན་ཡིན་པར་གསུང་མཁན་ཇེ་མང་དུ་འགྲོ་ཡོད་པ་ལྟར་མང་ཚོགས་ལ་དོན་དངོས་ཐོག་དངུལ་ལག་པར་རག་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པ་གསུངས་འདུག བོད་ནང་འདས་པའི་ཟླ་བ་གཉིས་ཙམ་ནས་གཉན་རིམས་དང་གཞུང་གི་དམ་དྲག་གི་ངལ་བ་ཆེས་འཕྲད་པའི་ཁྲོད་ཁ་སང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ ༡༩ པའི་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་སྒྲགས་ཐེངས་ ༡༣༠ སྤེལ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁ་ཉིན་རེས་གཟའ་ལྷག་པ་ནས་དབུ་འཛུགས་གནང་སྟེ། ལས་ཁུངས་ཁག་གི་ངོས་ནས་རེས་གཟའ་ལྷག་པ་ནམ་ཡིན་ལ་ལས་ཁུངས་སོ་སོའི་ནང་གཞིས་བཞུགས་རྒྱ་ཆེ་མང་ཚོགས་རྣམས་ལ་ཆེད་ཀྱིས་དམིགས་ཆུ་ཚོད་གཅིག་རིང་རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་གསོག་སྒྲུབ་གནང་བ་དང་འབྲེལ། གཞིས་ལུས་བོད་མི་རྣམས་ཀྱི་ངོས་ནས་དངངས་སྐྲག་མ་གནང་བར་གཉན་རིམས་འགོག་ཐབས་ཀྱི་གནང་སྒོ་ཁག་མུ་མཐུད་གནང་དགོས་པའི་སྐུལ་མ་གནང་ཡོད།

རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་ལ་དུས་འགྱངས་མེད་པར་སྙན་ཐོ་འབུལ་དགོས། 

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གཙོས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་། རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཚོགས་པ། རྒྱལ་སྤྱིའི་ཡུ་གུར་ཚོགས་པ། དེ་བཞིན་ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ཤེས་ཡོན་བསྟི་གནས་ཁང་སོགས་ཚོགས་པ་ཁག་ཅིག་མཉམ་འབྲེལ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་མིང་ཐོག་ལ་ཕྱག་བྲིས་ཤིག་གནང་སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་རྒྱལ་ཚོགས་ལ་མནར་གཅོད་མཚམས་འཇོག་གི་གྲོས་མཐུན་ལག་བསྟར་བྱེད་ཕྱོགས་ཐད་ཀྱི་སྙན་ཐོའི་དུས་ཚོད་མཐའ་མ་དེ་ཟིན་ནས་ད་ཆ་ཕལ་ཆེར་ལོ་གསུམ་འགྲོ་གི་ཡོད་སྟབས། རྒྱ་ནག་གཙོ་གྱུར་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཡོངས་ཀྱི་ཚབ་ཞུས་ཏེ་དེ་འབྲེལ་གྱི་སྙན་ཐོ་དེ་ད་དུང་ཡང་དུས་འགྱངས་མེད་པ་གང་མགྱོགས་རྒྱལ་ཚོགས་ལ་འབུལ་དགོས་པའི་ཞུ་སྐུལ་གནང་འདུག ཕྱག་བྲིས་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མནར་གཅོད་མཚམས་འཇོག་གི་གྲོས་མཐུན་བཞག་པ་དང་སྦྲགས་ལོ་བཞི་རེར་དེ་འབྲེལ་སྙན་ཐོ་འབུལ་རྒྱུའི་ངོས་ལེན་ཞུས་ཡོད་པ་དེ་ལྟར་ནའང་། རྒྱ་ནག་གིས་ཕྱི་ལོ་ ༢༠༡༥ ལོར་སྙན་ཐོ་ཐེངས་ལྔ་པའི་དུས་བཀག་བསྐྱར་ཞིབ་རྗེས་སྙན་ཐོ་དྲུག་པ་དེ་ཕུལ་མེད་པ་དང་ལྷག་པར་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་ལ་སྙན་ཐོ་དེ་དུས་ཐོག་ཏུ་ཕུལ་མེད་པའི་ཁར་ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་ལས་པ་མགྲོན་འབོད་ཞུས་མེད་སྐོར་བཀོད་འདུག དེ་སྔོན་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐེངས་ལྔ་པའི་སྐབས་རྒྱལ་ཚོགས་ཀྱི་ཚོགས་ཆུང་ནས་རྒྱ་གཞུང་གིས་གྱོད་ཞིབ་སྔོན་དང་བཀག་བསྐྱིལ་སྐབས་སུ་བཙོན་པར་མནར་གཅོད་དང་གར་སོང་ཆ་མེད་དུ་བཏང་བ།  དེ་བཞིན་སྡུག་སྦྱོང་ཚད་མེད་བཏང་སྟེ་སྐོར་སྲུང་བའི་དོ་དམ་འོག་འདས་གྲོངས་སུ་གྱུར་ཡོད་པར་ཐུགས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་ཡོད་སྐོར་དང་ཆབས་ཅིག རྒྱ་གཞུང་གིས་བོད་མི་དང་ཡུ་གུར་བ། དེ་བཞིན་ཧན་རྒྱ་རིགས་ལ་སྡུག་སྦྱོང་མནར་གཅོད་བཏང་བའི་བདེན་དཔང་ཇི་སྙེད་ཅིག་ཡོད་པ་མ་ཚད་པར་རྒྱ་ནག་གི་སྐོར་སྲུང་བའི་ལག་ནས་ཆབ་སྲིད་བཙོན་ཟུར་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མང་དག་ཅིག་འདས་གྲོངས་སུ་གྱུར་ཡོད་པ་གསུངས་འདུག ད་དུང་རྒྱ་ནག་གིས་མནར་གཅོད་དང་རྡུང་རྡེག་ཚད་མེད་འོག་ཕྱི་ལོ་ ༢༠༡༩ ལོར་ནོར་བཟང་ལགས་དང་ཕྱི་ལོ་ ༢༠༢༠ ལོར་ལྷ་མོ་ལགས་སོགས་འདས་གྲོངས་སུ་གྱུར་སྐོར་གསུངས་འདུག་པ་དང་། ཤར་ཏུ་ཀི་སི་ཏན་ལ་ཆ་མཚོན་ན་རྒྱ་ནག་གིས་ཡུ་གུར་མི་རིགས་རྣམས་ལ་མི་འདོད་བཞིན་དུ་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་དུ་ཆབ་སྲིད་སློབ་གསོ་སྤྲད་ཡོད་སྟབས་རྒྱ་ནག་གིས་སྙན་ཐོ་འབུལ་ལམ་མ་ཞུ་བ་དེས་ཕྱི་ཕྱོགས་ཀྱི་སྐྱོན་བརྗོད་སོགས་ལས་གཡོལ་ཐབས་བྱེད་ཀྱི་ཡོད་སྐོར་གསུངས་འདུག རྒྱ་ནག་གིས་སྙན་ཐོ་མ་འབུལ་བ་དེས་རྒྱལ་སྤྱི་དང་རྒྱལ་ཚོགས་ཀྱི་ལས་དོན་དག་ཚགས་ཚུད་ལམ་ལྷོང་ཡོང་བར་འགོག་རྐྱེན་དང་ཆབས་ཅིག་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ལ་སྣང་ཆུང་བྱས་པ་ཞིག་ཆགས་ཡོད་ཅེས་གསུངས་འདུག

དངོས་གྲུབ་ཚེ་རིང་ལགས་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་བཏང་སྟེ་བསད་འདུག

རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་དར་རྩེ་མདོ་བརྒྱད་ཟུར་རྫོང་ནས་ཡིན་པའི་བོད་མི་དངོས་གྲུབ་ཚེ་རིང་ལགས་ལ་གཅར་རྡུང་ཚད་མེད་བཏང་རྐྱེན་ཁ་སང་སྔ་དྲོ་འདས་གྲོངས་སུ་གྱུར་འདུག མཚན་བརྗོད་འདོད་མེད་པའི་བོད་ནང་གི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་ཁ་ཉིན་ཚེས་ ༢༧ གྱི་སྔ་དྲོར་དར་རྩེ་མདོ་བརྒྱད་ཟུར་རྫོང་ནས་ཡིན་པའི་བོད་མི་ན་གཞོན་དངོས་གྲུབ་ཚེ་རིང་ལགས་ཀྱིས་ས་གནས་རྒས་གསོ་ཁང་ཞིག་ཏུ་ཟ་ཆས་ཀྱི་ཞལ་འདེབས་གནང་སྟེ་ཕྱིར་རང་ཁྱིམ་དུ་ཕེབས་སྐབས་གློ་བུར་དུ་རྒྱ་གཞུང་ཉེན་རྟོག་པ་འགའ་ཡོང་ནས་འཛིན་བཟུང་གིས་ས་གནས་ཉེན་རྟོག་ཁང་དུ་བཙན་ཁྲིད་བྱས་པ་མ་ཚད་པར་རྒས་གསོ་ཁང་དེར་སྲིད་གཞུང་གིས་རྣམ་ཀུན་ནས་ལྟ་རྟོག་དང་ཟ་འབྲུ་སོགས་རོགས་རམ་བྱེད་བཞིན་ཡོད་ཀྱང་ཁྱེད་ཀྱིས་དེར་རོགས་རམ་བྱས་པའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གང་ཡོད་དམ་ཞེས་འདྲི་རྩད་མང་དག་ཅིག་བྱས་འདུག་ལ། དེས་སྲིད་གཞུང་ལ་མིང་ཆད་བཟོ་ཡི་འདུག་ཅེས་བཤད་པ་མ་ཟད་ཁོང་གི་རྣམ་འགྱུར་ལེགས་པོ་མེད་ལུགས་སོགས་རྒྱུ་མཚན་དུ་མར་བསྙད་འདོགས་ཀྱིས་གཅར་རྡུང་ཚད་མེད་བཏང་བའི་རྐྱེན་གྱིས་ཁ་སང་སྔ་དྲོར་ཉེན་རྟོག་ཁང་དུ་འདས་གྲོངས་སུ་གྱུར་འདུག ད་ལྟའི་ཆར་འདས་པོ་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག དངོས་གྲུབ་ཚེ་རིང་ལགས་ནི། ས་གནས་ཀྱི་གླ་འཁོར་གཏོང་མཁན་ཞིག་ཡིན་པ་དང་། ཁྱིམ་དུ་དགུང་ལོ་ ༧༨ ལ་ཕེབས་པའི་ཁོང་གི་ཨ་མ་ལྷ་སྐྱིད་ལགས་དང་སྐུ་ཟླ་གཡུ་མཚོ་ལགས། དེ་བཞིན་བུ་ཕྲུག་གཉིས་བཅས་འདུག འབྲེལ་ཡོད་པར་གྱི་བདག་དབང་བོད་ཀྱི་དུས་བབ།

རྒྱལ་ཁབ་སུམ་ཅུ་ལྷག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བློ་འཚབ་གནང་བ།

ཇི་ནི་ཝར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐེངས་ ༥༡ ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཨ་རིས་གཙོས་པའི་དབྱིན་ཡུལ་དང་འཇར་མི་ནི། སུད་སི། ཉེ་ཧོང་། དེ་བཞིན་ཚོགས་མི་རྒྱལ་ཁབ་ ༢༧ ལས་གྲུབ་པའི་ཡོ་རོབ་མཐུན་ཚོགས་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་གཙོས་པའི་མངའ་འོག་གི་ས་ཁུལ་ཁག་ཏུ་དྲག་གནོན་དང་ཚོད་འཛིན་བརྒྱུད་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་བརྩི་མེད་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནས་སྟངས་མངོན་གསལ་གྱིས་བློ་འཚབ་གནང་ཡོད། སྐབས་དེར་ལྷན་ཚོགས་ཐོག་ཨ་རིས་རྒྱ་གཞུང་གི་ངོས་ནས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་སྤྱི་དང་སྒོས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་ཚབས་ཆེན་བྱེད་བཞིན་པའི་ཁར་བོད་མིའི་ངོ་བོ་མཚོན་པའི་ཆོས་རིག་དང་སྐད་ཡིག ལེགས་བྱང་བཅས་པ་རྩ་མེད་གཏོང་བཞིན་པའི་བྱ་སྤྱོད་ཁག་ལ་ཨ་རིའི་ངོས་ནས་མུ་མཐུད་ཐུགས་འཚབ་གནང་བཞིན་ཡོད་སྐོར་གསུངས་འདུག ལྷན་ཚོགས་ཐོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཀྱིས་རྒྱལ་ཁབ་ ༢༧ ལས་གྲུབ་པའི་ཡོ་རོབ་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྒྱ་ནག་གི་འགྲོབ་མིའི་ཐོབ་ཐང་གནས་སྟངས་གླེང་སློང་དང་སྦྲགས། རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ནང་གི་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་ལ་གུས་བརྩི་དང་དོན་འཁྱོལ་ལག་བསྟར་བྱས་ཏེ་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་བོད་ཀྱིས་གཙོས་པའི་ས་ཁུལ་ཁག་གི་མང་ཚོགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་སྲུང་སྐྱོབ་བྱེད་དགོས་པའི་གཞེན་སྐུལ་གནང་ཡོད། དེ་བཞིན་ཡོ་རོབ་རྒྱལ་ཁབ་ཌན་མག་དང་འཇར་མི་ནི། ལི་ཐོ་ནི་ཡ། ཉེ་ཧོང་། དབྱིན་ཡུལ། ཧྥི་ལན་ཌི། ནི་ཐར་ལན་ཌི་སོགས་ཀྱིས་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་གླེང་སློང་གནང་བར་མ་ཟད་ལྷག་པར་ཡོ་རོབ་རྒྱལ་ཁབ་སུ་ཌེན་གྱིས་བོད་གཙོས་པའི་རྒྱ་ནག་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་ཧ་ཅང་བློ་འཚབ་ཡོད་ཅེས་གསུངས་པ་དང་འབྲེལ། རྒྱ་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་སྤྱི་དང་སྒོས་གྲངས་ཉུང་མི་རིགས་ཁག་གི་རང་དབང་དང་ཐོབ་ཐང་། སྨྲ་བརྗོད་རང་དབང་ལ་གུས་བརྩི་ཞུ་དགོས་ཞེས་གསུངས་ཡོད། སྐབས་དེར་སུད་སི་སྐུ་ཚབ་ཀྱིས་ལྷན་ཚོགས་ཐོག་རྒྱལ་ཚོགས་ཀྱི་དམིགས་བསལ་ཁྱད་ལས་རྟོག་ཞིབ་ཚོགས་ཆུང་གིས་རྒྱ་ནག་ཐོག་སྤེལ་བའི་སྙན་ཐོ་ཞིག་ལུང་འདྲེན་དང་འབྲེལ་ཏེ་བོད་གཙོས་ས་ཁུལ་གཞན་ཁག་ཏུ་རྒྱ་གཞུང་གིས་མང་ཚོགས་ལ་བཙན་དབང་ཐོག་ནས་ངལ་རྩོལ་བྱེད་བཅུག་པའི་བྱ་སྤྱོད་ལ་སེམས་འཚབ་ཡོད་ཅེས་གསུངས་པ་མ་ཚད་པར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལས་ཁུངས་ནས་དེ་སྔོན་ཤིན་ཅང་ཐོག་སྤེལ་བའི་སྙན་ཐོར་གཞིགས་ཚེ་རྒྱ་ནག་གཞུང་གིས་ཁུལ་དེར་ལག་བསྟར་བྱས་པའི་གནད་དོན་དེ་དག་ནི་འགྲོ་བ་མིའི་རིགས་ལ་སྤེལ་བ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད་ཅེས་མངོན་གསལ་གནང་འདུག ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ Melanie Blondelle ལགས་ཀྱིས་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་མིང་ཐོག་ནས་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་ནང་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བཙན་དབང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལག་བསྟར་དང་། ལྷག་པར་ཉེ་ལམ་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་བོད་མི་མང་ཚོགས་ཀྱི་རིགས་རྫས་བཙན་དབང་གིས་མཁོ་སྒྲུབ་བྱས་པའི་གསང་བའི་ལྟ་སྲུང་གི་ལས་གཞི་བརྒྱུད་དམ་དྲག་ཆེས་ཆེར་བྱེད་བཞིན་ཡོད་པའི་གནད་དོན་སོགས་སྙན་སེང་ཞུས་འདུག་ལ། ད་བར་རྒྱལ་ཚོགས་ཐོག་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བའི་བདེན་དཔང་ར་སྤྲོད་བྱུང་བའི་བྱ་སྤྱོད་ནི་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་ཡོངས་སུ་འགལ་བའི་ཚབས་ཆེན་གྱི་བྱ་སྤྱོད་དེ་རེད་ཅེས་གསུངས་ཡོད། སྐབས་དེར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་མིང་ཐོག་ནས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཁག་སྙན་སེང་ཞུས་པ་དང་འབྲེལ། བོད་ནང་རྒྱ་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀླད་ཀོར་གྱི་སྲིད་བྱུས་འོག་གཞིས་ལུས་བོད་མི་རྣམས་བཙན་དབང་གིས་ཟུར་བཀག་ཁང་དུ་བཅུག་པ་དང་ནད་ཕོག་པའི་མང་ཚོགས་ལ་སྨན་བཅོས་དང་ཟས་བཅུད་སོགས་ཉེར་མཁོའི་མཐུན་རྐྱེན་ཁག་འཐུས་ཚང་སྦྱོར་སྤྲོད་བྱེད་ཀྱི་མེད་སྟབས་བོད་མི་རྣམས་དམྱལ་བ་མི་ཡུལ་ལྟར་ངལ་བ་ཆེས་ཆེར་མྱངས་དང་མྱོང་བཞིན་པའི་ཡ་ང་བའི་གནས་སྟངས་རྣམས་ལྷན་ཚོགས་ཐོག་སྙན་སེང་ཞུས་པ་དང་ཆབས་ཅིག་རྒྱ་ནག་གཞུང་གི་ངོས་ནས་ནད་ཡམས་ཕོག་པའི་བོད་མི་རྣམས་ལ་དུས་ཐོག་ཏུ་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་དགོས་པའི་འབོད་སྐུལ་སོགས་གནང་ཡོད།

རིམས་ནད་ཚོད་འཛིན་དམ་དྲག་འོག་ཉིན་གསུམ་ནང་ལྷ་ས་ནས་བོད་མི་ལྔས་རང་སྲོག་བཅད་པ།

རྒྱ་ནག་གཞུང་གིས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་འོག་ཉེ་ལམ་ཟླ་བ་འདིའི་ཚེས་ ༢༣ ནས་ ༢༥ བར་བོད་ཀྱི་རྒྱལ་ས་ལྷ་ས་ནས་བོད་མི་ལྔ་ཁང་སྟེང་ནས་མཆོངས་ཏེ་རང་སྲོག་བཅད་པའི་གནས་ཚུལ་ཐོན་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ལམ་རྒྱལ་ས་ལྷ་ས་ནས་སྤེལ་བའི་སྐད་འཕྲིན་དང་ Weibo སོགས་ཀྱི་གནས་ཚུལ་ཁག་ཕྱོགས་བསྡུས་གནང་དོན་ལ་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་ཐེམ་སྤང་བཀའ་རྒྱ་བསྡམས་ནས་དེ་རིང་བར་ཁྱོན་ཉིན་ ༤༩ འགྲོ་ཡོད་སྟབས་བོད་མིར་ངལ་བ་ཆེན་པོ་འཕྲད་བཞིན་པའི་ཁྲོད་ཟླ་བ་འདིའི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ལྷ་སའི་ཤར་ངོས་དགའ་སྐྱིད་གླིང་སྡེ་ཁུལ་གསུམ་པ་ནས་མི་གཅིག་ཁང་ཐོག་ནས་མཆོངས་ཏེ་རང་སྲོག་བཅད་པ་དང་ཚེས་ ༢༤ དང་ ༢༥ བཅས་ལ་ལྷ་སའི་ནུབ་ངོས་ཕྱོགས་བསྡུས་ཁྲལ་སྲུང་ས་ཁུལ་གྱི་ལོགས་བཀག་ཁང་གཉིས་པ་ནས་མི་གཅིག དེ་བཞིན་ནོར་བུ་གླིང་གའི་ཉེ་ཕྱོགས་བརྒྱད་གཅིག་སྡེ་ཁུལ་ནས་མི་གཅིག བོད་ལྗོངས་སློབ་གྲྭ་ཆེན་མོའི་ཉེ་ཕྱོགས་ལན་ཐིང་ཁང་བརྩེགས་ནས་མི་གཅིག སེ་རའི་ལམ་ཕྱོགས་སྐལ་བཟང་མེ་ཡུ་ནས་མི་གཅིག་བཅས་ཁྱོན་མི་ལྔ་ཁང་ཐོག་ནས་མཆོངས་ཏེ་རང་སྲོག་བཅད་ཡོད་སྐོར་བཤད་འདུག ལྷག་དོན་བོད་ནང་གི་བོད་མི་ཚོས་སྐད་འཕྲིན་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཉུང་ངུ་བཀོད་ཡོད་ཀྱང་། རྒྱ་གཞུང་གིས་དེ་གློ་བུར་དུ་ནག་སུབ་གཏོང་གི་ཡོད་པ་དང་དྲྭ་བྱང་མང་པོ་ཞིག་སྒོ་བརྒྱབ་པར་མ་ཟད། ཕྱི་ཚེས་ ༢༤ ཕྱི་དྲོར་ཝི་བོ་སྟེང་དུ་དགའ་སྐྱིད་གླིང་ས་ཁུལ་གསུམ་པ་ནས་མི་གཅིག་གིས་རང་སྲོག་བཅད་པའི་གནས་ཚུལ་བཀོད་པ་དང་འབྲེལ་ཏེ་སྲིད་གཞུང་གི་འགོ་ཁྲིད་ཚོས་མང་ཚོགས་ལ་མགོ་སྐོར་གཏོང་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག ཕྱི་ཚེས་ ༢༥ ཉིན་སྤྱི་ཚོགས་དྲྭ་ལམ་ཐོག་བསྐྱར་དུ་གནས་ཚུལ་ཞིག་སྤེལ་བའི་ནང་རྡོ་གཅལ་སྟེང་དུ་གན་རྐྱལ་དུ་ལོག་ནས་རང་སྲོག་བཅད་པའི་ཕུང་པོའི་འདྲ་པར་སོགས་བཞག་སྟེ་མི་མང་དཀྱུས་མའི་ཚེ་སྲོག་ལ་རིན་ཐང་མི་འདུག་ཅེས་བྲིས་ཡོད་པར་ལམ་སེང་གནས་ཚུལ་དེ་བསུབས་འདུག་ཀྱང་དྲ་རྒྱ་གཞན་འགས་མཆན་བཏབ་པའི་ནང་གཉའ་གནོན་བྱེད་དྲག་རྐྱེན་མི་བཞིའི་ཚེ་སྲོག་ཤོར་ཟིན་པས་ད་ལྟ་བཟོད་ཐབས་རྩ་བ་ནས་མི་འདུག འོན་ཀྱང་ཚེ་སྲོག་བློས་བཏང་ནས་ངོ་རྒོལ་མ་གནང་རོགས་ཞེས་བཀོད་ཡོད་འདུག སྤྱིར་ཉེ་སྔོན་བོད་ནང་གི་བོད་མི་ཧ་ཅང་མང་པོས་ཐེམ་སྤང་བཀའ་རྒྱའི་ཛ་དྲག་གི་གནས་བབ་སོགས་བརྙན་དང་སྒྲ་འཇུག་གི་ལམ་ནས་ས་གནས་སྲིད་གཞུང་དང་རྒྱལ་སྤྱིའི་མང་ཚོགས་ལ་མངོན་གསལ་གནང་རྗེས་རྒྱལ་ས་ལྷ་སའི་སྲིད་གཞུང་གི་ངོས་ནས་མང་ཚོགས་ལ་དགོངས་སེལ་ཞུས་ཡོད་ཀྱང་ཕྱིས་སུ་སྤྱི་ཚོགས་དྲ་ལམ་ཁག་ཏུ་མང་ཚོགས་ཀྱི་ངོས་ནས་དེ་འབྲེལ་བརྙན་དང་གནས་ཚུལ་སྤེལ་བ་རྣམས་ལྟ་ཀློག་གནང་ས་མེད་པ་བཟོས་ཡོད་སྟབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནད་དོན་འདིའི་ཐད་ལྷ་སར་གནས་སྡོད་བོད་མི་ཞིག་ལ་འབྲེལ་བ་གནང་མཐར་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་སྔོན་ལྷ་སའི་འགོ་ཁྲིད་རྣམས་ཀྱིས་བོད་མི་མང་ཚོགས་ལ་དགོངས་སེལ་ཞུས་པའི་རྗེས་སུ་སྐད་འཕྲིན་དང་ཝི་བོ་སོགས་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་མངོན་གསལ་དོད་པོའི་ཐོག་ནས་སྤྱོད་ཚེ་འཛིན་བཟུང་དང་བཀག་ཉར་བྱེད་ཀྱི་ཡོད་པ་དང་། ལྷག་དོན་ལྷ་སར་ནད་རྟགས་ཡོད་མེད་གཉིས་ཀ་ཟུར་བཀག་ཁང་གཅིག་ཏུ་བཅུག་ནས་བཀག་སྡོམ་དམ་པོ་བྱས་ཡོད་སྟབས་མང་ཚོགས་རྣམས་བཀྲེས་ལྟོགས་དང་གྲང་ངར་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག དེའི་བར་ན། རྒྱ་ནག་གི་ས་ཁུལ་གཞན་ཁག་ཏུའང་མང་ཚོགས་རྣམས་ཐེམ་སྤང་བཀའ་རྒྱའི་འོག་གནས་མུས་ཁྲོད་ཁ་སང་དང་དེ་རིང་བར་ས་གནས་མང་ཚོགས་འགའ་ཞིག་ཕྱིར་ཐོན་ནས་སྲིད་གཞུང་ལ་ངོ་རྒོལ་གནང་བའི་བརྙན་པར་ཁག་གཅིག་མཐོང་རྒྱུ་འདུག ཉེ་བའི་ཆར་རྒྱ་ནག་གི་ Shenzhen གྲོང་ཁྱེར་ནང་གཉན་རིམས་ཁྱབ་གདལ་བྱུང་རྐྱེན་རྒྱ་གཞུང་གིས་དེ་འབྲེལ་གྲོང་ཁྱེར་གྱི་ས་ཁུལ་བཅུ་བཞི་ཙམ་རེས་གཟའ་མིག་དམར་ནས་སྒོ་རྒྱ་བསྡམས་ཡོད་པར་མ་ཟད། Shenzhen གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Shawei སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ཀྱང་སྒོ་བརྒྱབ་ནས་མང་ཚོགས་རྣམས་རང་ཁྱིམ་དུ་ཐེམ་སྤང་འོག་གནས་དགོས་པའི་བཀའ་རྒྱ་བསྡམས་ཡོད་སྟབས་གྲོང་ཁྱེར་གྱི་ས་གནས་མང་ཚོགས་ཁག་ཅིག་གིས་ཐེམ་སྤང་བཀའ་རྒྱར་ངོ་རྒོལ་གནང་བའི་བརྙན་པར་སྤྱི་ཚོགས་དྲ་ལམ་དུ་ཕྱིར་ཐོན་པར་མ་ཟད་བེུད་གཅིག་གིས་ངོ་རྒོལ་གནང་སྐབས་ས་གནས་ཉེན་རྟོག་པས་མང་ཚོགས་ལ་གཅར་རྡུང་བཏང་བའི་སྒྲ་གོ་རྒྱུ་འདུག

རྔ་བ་ཁྱུང་མཆུ་རྫོང་གི་དགེ་རྒན་ཞིག་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་འདུག

རྔ་བ་ཁྱུང་མཆུ་རྫོང་དབལ་ཤུལ་རྨེ་བ་ཡུལ་ཚོ་ནས་ཡིན་པའི་དགེ་རྒན་མགོན་ཚེ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་འདུགརྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༨ ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་པའི་བོད་ཀྱི་ས་ཁུལ་མང་ཆེ་བར་མང་ཚོགས་རྣམས་ཐེམ་སྤང་བཀའ་རྒྱའི་འོག་གཉན་རིམས་ཕོག་ཡོད་མེད་ལ་མ་བརྟག་པར་གང་བྱུང་དུ་འཛིན་བཟུང་གིས་ཟུར་བཀག་བྱས་ཏེ་ཟས་དང་སྨན་བཅོས་སོགས་གཞི་རྩའི་མཐུན་རྐྱེན་སྦྱོར་སྤྲོད་འཐུས་ཚང་མེད་སྟབས་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་འབོད་སྐུལ་རིམ་པ་གནང་བཞིན་པའི་ཁྲོད་འདིར་བཞུགས་སྒར་དུ་ཡོད་པའི་བོད་གནས་ལྟ་ཞིབ་ཁང་གིས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༤ ཉིན་རྒྱ་གཞུང་ཉེན་རྟོག་པས་རྔ་བ་ཁྱུང་མཆུ་རྫོང་དབལ་ཤུལ་རྨེ་བ་ཡུལ་ཚོ་ནས་ཡིན་པའི་དགེ་རྒན་མགོན་ཚེ་ལགས་རང་ཁྱིམ་ནས་བཙན་ཁྲིད་བྱས་ཡོད་པ་དང་། ད་ཆ་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་ཕྱིན་ཡོད་ཀྱང་ཁོང་བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་པ་དང་གཟུགས་གཞིའི་གནས་སྟངས་ཇི་ཆགས་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག རྒྱ་ནག་གཞུང་གི་ཉེན་རྟོག་པས་རྒན་མགོན་ཚེ་ལགས་གློ་བུར་དུ་འཛིན་བཟུང་བྱེད་སྐབས་ནང་མི་རྣམས་ལ་ཁོང་འཛིན་བཟུང་བྱེད་དོན་གང་ཡིན་སོགས་འགྲེལ་བརྗོད་གང་ཡང་བྱས་མེད་ཀྱང་ཁོང་གིས་ཉེ་སྔོན་རྒྱ་གཞུང་གི་བཀའ་རྒྱའི་འོག་བོད་ཀྱི་རྒྱལ་ས་ལྷ་སའི་བོད་མི་རྣམས་ལ་ངལ་བ་ཆེས་ཆེར་འཕྲད་བཞིན་པའི་ཛ་དྲག་གནས་སྟངས་དང་འབྲེལ་བའི་པར་དང་བརྙན་ཁག་གཅིག་སྤྱི་ཚོགས་དྲ་ལམ་དུ་བརྒྱུད་སྤེལ་གནང་བའི་རྒྱུ་མཚན་གྱིས་ཡིན་པར་ཚོད་དཔག་གནང་བཞིན་འདུགདེ་བཞིན་པདྨ་རྒྱལ་ལགས་ཀྱིས་བོད་ནང་གཉན་རིམས་ཁྱབ་གདལ་བྱུང་ལུགས་འདི་སྔ་ལོ་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ནད་ཡམས་དེ་དང་མི་འདྲ་བའི་གནད་དོན་མང་དག་ཅིག་མངོན་གསལ་འབྱུང་བཞིན་པ་ཡོད་པར་འགྲེལ་བརྗོད་གནང་བ་དང་སྦྲགས་ཏེ་ཐེངས་འདིར་བོད་ནང་ནད་ཡམས་ཁྱབ་གདལ་བྱུང་སྟངས་དང་དེར་རྒྱ་གཞུང་གིས་གསང་རྫུན་བྱས་ནས་བོད་མི་མང་དག་ཅིག་ལ་གཅར་རྡུང་དང་འཛིན་བཟུང་བཙན་ཁྲིད་ཀྱིས་ཟུར་བཀག་ཁང་དུ་ཟས་དང་སྨན་བཅོས་སོགས་གཞི་རྩའི་མཐུན་རྐྱེན་གདང་ངེས་མེད་པར་ངལ་འཕྲད་ཀྱི་གནས་སུ་བཞག་པ་དེ་ནི་གཙོ་བོ་ནད་ཡམས་ཁྱབ་གདལ་ལ་གདོང་ལེན་གྱི་གནད་དོན་ཁོ་ན་མིན་པར་དོན་དམ་ལ་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་ཐབས་ཤེས་ཤིག་ཡིན་པར་ནན་བརྗོད་གནང་སོང་། གཞི་རྩའི་མགོན་ཚེ་ལགས་ནི་རང་ལོ་ ༤༠ ཡས་མས་ཤིག་ཡིན་པ་དང་། ཁྱུང་མཆུ་རྫོང་ཁོངས་ཀྱི་དབལ་ཤུལ་རྨེ་བ་ཡུལ་ཚོའི་སློབ་ཆུང་གི་དགེ་རྒན་ཡིན་པ་རེད། ཁོང་ཉིད་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པ་ནས་བཟུང་ཁོང་གི་སྐད་འཕྲིན་དང་ཝིའུ་བོ་སོགས་བཀག་སྡོམ་བྱས་འདུག པར་བདག་དབང་། freetibet དང་། tibetwatch

རྒྱ་གཞུང་གིས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ནོར་འཁྲུལ་ཡིན་པར་ངོས་ལེན་བྱས་མེད་པར་ཐེར་འདོན་གནང་བ།

བོད་ནང་རྒྱ་ནག་དམར་ཤོག་ཚོགས་པས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལག་བསྟར་འོག་ལྷ་སའི་མང་ཚོགས་སྤྱི་དང་ལྷག་པར་དུ་ཁུལ་དེར་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་པ། ལས་མི། སྨན་ཞབས་པ། ལས་བྱེད་པ་སོགས་ཀྱིས་ཀྱང་སྲིད་བྱུས་དེའི་འོག་དཀའ་སྡུག་མྱོང་བཞིན་པའི་ཁྲོད་མང་ཚོགས་ཀྱིས་འ་ཆད་འུ་ཐུག་གི་སྡུག་བསྔལ་མང་པོ་མྱངས་དང་མྱོང་བཞིན་སྐོར་གསུངས་པའི་བརྙན་དང་སྒྲ་འཇུག་ག་ཚོད་ཙམ་ཕྱིར་ཐོན་མིན་ལ་མ་ལྟོས་པར་བོད་ཀྱི་རྒྱལ་ས་ལྷ་སའི་འགོ་གཙོ་གཞོན་པས་མང་ཚོགས་ཀྱི་ཁ་བཀག་ཆེད་དགོངས་དག་ཐུགས་བདེན་ཞུས་པ་མ་གཏོགས་ད་བར་བོད་ནང་ལག་བསྟར་བྱེད་བཞིན་པའི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ནོར་འཁྲུལ་ཡིན་པར་ངོས་ལེན་བྱས་མེད་པར་ཐེར་འདོན་གྱིས་མངོན་གསལ་གནང་འདུགཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་ཆར་བོད་ནང་དང་ལྷག་པར་དུ་རྒྱལ་ས་ལྷ་ས་ཁུལ་དུ་རྒྱ་གཞུང་གིས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་འོག་མང་ཚོགས་ལ་ཕན་ལས་གནོད་ཆེ་བ་བྱུང་བ་དང་། གཉན་རིམས་ཁྱབ་གདལ་ཤུགས་ཆེ་རུ་བཏང་བར་མ་ཟད་མང་ཚོགས་ལ་དོན་མེད་དཀའ་ངལ་འཕར་མ་བཟོ་བཞིན་ཡོད་པ་སོགས་གསུངས་ཡོད་པའི་མང་ཚོགས་ཀྱིས་འ་ཆད་འུ་ཐུག་གི་བརྙན་དང་སྒྲ་མང་དག་ཅིག་འདོན་སྤེལ་གནང་བའི་ཁོངས་ནས་ཕྱི་ཕྱོགས་སུ་ཕྱིར་འགྱར་བྱུང་བ་ཁག་གཅིག་ལ་དཔྱད་ཞིབ་དང་སྦྲགས། བོད་ཀྱི་རྒྱལ་ས་ལྷ་སའི་འགོ་ཁྲིད་ཀྱིས་མང་ཚོགས་རྣམས་ལ་དགོངས་དག་ཐུགས་བདེན་ཞུས་ཡོད་པ་དེ་ལྟར་ཡང་། ད་བར་རྒྱ་ནག་དམར་ཤོག་ཚོགས་པའི་བཀོད་ཁྱབ་འོག་བོད་ནང་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཤིག་ཡིན་པར་ངོས་ལེན་རྩ་བ་ནས་བྱས་མེད་པའི་ཁར་ཚེས་ ༡༩ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wang Junzheng ཟེར་བས་ལྗོངས་ཀྱི་རྒྱུན་ལས་ཚོགས་འདུའི་ཐོག་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་བསྒྱུར་བཅོས་གང་ཡང་མེད་ཅེས་བཤད་པ་མངོན་གསལ་གནང་འདུག མང་ཚོགས་ལ་དགོངས་སེལ་ཞུས་པའི་བསྒྲགས་གཏམ་ནང་ད་ལྟའི་ཛ་དྲག་གི་དཀའ་ངལ་གསལ་ཐབས་དང་འབྲེལ་བའི་ཐབས་ལམ་གང་ཡང་བསྟན་མེད་པ་དང་དགོངས་སེལ་ཞུས་པར་ལྷ་སའི་འགོ་གཙོ་གཞོན་པས་གཤམ་འོག་གི་འཕྲོད་བསྟེན་ལས་བྱེད་པ་སོགས་ལ་ཁག་དཀྲི་བྱས་པ་དང་། རྒྱལ་ས་ལྷ་སའི་འགོ་གཙོ་གཞོན་པ་དགྲ་འདུལ་ཟེར་བ་དེར་རྒྱ་ནག་དམར་ཤོགས་ཚོགས་པའི་ལས་བྱེད་པའི་གོ་གནས་ཡོད་ཀྱང་། ཁོ་པས་རྒྱལ་ས་ལྷ་སའི་འགོ་གཙོ་གཞོན་པའི་མིང་ཐོག་ནས་དགོངས་སེལ་ཞུས་པ་མ་གཏོགས་སྲིད་བྱུས་ལག་བསྟར་བྱེད་དགོས་པའི་བཙན་བཀའ་གཏོང་མཁན་དམར་ཤོག་ཚོགས་པའི་ས་གནས་འགོ་ཁྲིད་དང་དཔོན་རིགས་བཅས་ཀྱི་ངོས་ནས་དགོངས་སེལ་གང་ཡང་ཞུས་མེད་པར་ཐེར་འདོན་གནང་འདུག བོད་ཀྱི་རྒྱལ་ས་ལྷ་སའི་འགོ་ཁྲིད་ཀྱིས་མང་ཚོགས་རྣམས་ལ་དགོངས་དག་ཐུགས་བདེན་ཞུས་པའི་གནས་ཚུལ་བྱུང་རྗེས་སྤྱི་ཚོགས་དྲ་ལམ་ཁག་ཏུ་མང་ཚོགས་ཀྱི་ངོས་ནས་བརྙན་དང་གནས་ཚུལ་སྤེལ་བ་རྣམས་ལྟ་ཀློག་གནང་ས་མེད་པ་བཟོས་པར་མ་ཟད། ཚེས་ ༡༨ ཉིན་རྒྱལ་ས་ལྷ་སའི་སྤྱི་བདེ་ལས་ཁུངས་ཀྱིས་བོད་མི་གསུམ་ལ་གཉན་རིམས་དང་འབྲེལ་བའི་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་ཆད་པ་བཅད་པ་དང་། ཚེས་ ༢༠ ཉིན་ད་བར་གཉན་རིམས་སྐོར་དཀྲོག་གཏམ་སྤེལ་བའི་གྱོད་གཞི་ ༤༧༡ ལ་ཞིབ་འཇུག་བྱས་པའི་ཁྲོད་མི་ ༧༨༦ ལ་ཉེས་ཆད་བཏང་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད་དོན་དམ་ལ་རྒྱ་གཞུང་གིས་མང་ཚོགས་ཀྱི་དཀའ་ངལ་གསལ་རྒྱུ་ལས་ལྡོག་སྟེ་མང་ཚོགས་ཀྱི་ཁ་བཀག་ཐབས་ལ་དོ་སྣང་ཆེས་ཆེར་སྤྲོད་བཞིན་ཡོད་པ་མངོན་གསལ་གནང་འདུགདེའི་བར་ན་ཉེ་ཆར་ Epoch Times ཞེས་པའི་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གསར་ཁང་དེས་རྒྱལ་ས་ལྷ་ས་ཁུལ་དུ་གནས་སྡོད་རྒྱ་རིགས་མང་ཚོགས་ཁག་གཅིག་དང་འབྲེལ་བ་གནང་སྟེ་ས་གནས་དངོས་ཀྱི་གནས་སྟངས་རྒྱུན་ལོན་གནང་བའི་ཁྲོད་བོད་མི་རྣམས་ཀྱིས་གསུངས་པའི་བཀའ་མོལ་ལྟར་ལྷ་ས་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་བཅུ་ཕྲག་མང་པོ་བང་སྒྲིག་ནས་ས་ཁུལ་ཞིག་ཏུ་རིམས་ནད་ཕོག་མཁན་གཅིག་འབྱུང་ཚེ་ནད་གཞི་ཕོག་མིན་ལ་མ་ལྟོས་པར་ཉེ་འཁོར་གྱི་མི་ཚང་མ་ཟུར་བཀག་ཏུ་བཙན་ཁྲིད་བྱེད་བཞིན་པ་དང་། རང་ཁྱིམ་དུ་བཞུགས་པ་རྣམས་ཀྱང་ཟས་མི་འདང་བ་དང་དངུལ་གསོག་འཇོག་གནང་བ་རྣམས་རྫོགས་པའི་ངལ་འཕྲད་ཀྱི་ཐོག་ནས་ནམ་ཞིག་ཟུར་བཀག་ཁང་དུ་ཁྲིད་མིན་གྱི་དངངས་སྐྲག་འོག་བཞུགས་དགོས་པ་བྱུང་བ་བཅས་ཕྱོགས་ཡོངས་ཀྱི་དཀའ་ངལ་བཟོད་མ་ཐུབ་པར་འ་ཆད་འུ་ཐུག་གི་གནས་སུ་གྱར་བའི་ཁར་རྒྱ་གཞུང་གིས་མང་ཚོགས་ཁྲོད་དཀྲོག་གཏམ་སྤེལ་རྒྱུ་མེད་པའི་འཇིགས་སྐུལ་དང་སྤེལ་མཁན་རྣམས་ལ་ཉེས་ཆད་གཏོང་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་གང་སྤེལ་བ་དེ་དག་ཚང་མ་རྫུན་གཏམ་ཁོ་ན་ཡིན་པ་ལྟར་དཀྲོག་གཏམ་སྤེལ་མཁན་ངོ་མ་དེ་རྒྱ་ནག་གཞུང་རང་ཉིད་ཆགས་ཡོད་པར་སྐྱོན་བརྗོད་གནང་འདུག

Latest news