Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

བོད་རིགས་གཞོན་སྐྱེས་ཚོར་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གནང་ཕྱོགས་ཀྱི་ཟབ་སྦྱོང་གནང་བ།

སུད་སི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ པ་འཚོགས་བཞིན་པ་དང་བསྟུན་ཁ་སང་ཟླ་ ༩ ཚེས་ ༡༩ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འདི་ག་ཇི་ནི་ཝར་རྒྱ་གར་དང་ཡོ་རོབ་ནང་གི་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྒེར་ཁག་གི་སྐུ་ཚབ་གཙོས་གཞོན་སྐྱེས་ཁག་གཅིག་བཅས་ཁྱོན་ཚོགས་བཅར་བ་ ༣༠ ཆེད་འབོད་ཀྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གནང་ཡོད། ཟབ་སྦྱོང་འདི་ནི་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་ཞིང་། ཉིན་གྲངས་གསུམ་རིང་གི་བོད་དོན་ཞུ་གཏུག་གི་སྦྱོང་བརྡར་ཟབ་སྦྱོང་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྒྲོམ་གཞི་དང་དང་ལས་དོན། རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལྷན་ཁང་ཁག་གི་ཁྲིམས་མཐུན་ཐོག་བོད་དོན་ཞུ་གཏུག་གནང་ཕྱོགས་ཀྱི་བརྒྱུད་རིམ་སོགས་བརྗོད་གཞི་འདྲ་མིན་ཐོག་ཆེད་ལས་མི་སྣས་ཟབ་ཁྲིད་དང་ཕན་ཚུན་དབར་གྲོས་བསྡུར་སྦྱང་བཤད། དེ་བཞིན་བཙན་བྱོལ་ནང་གི་བོད་མིའི་གཞུང་འབྲེལ་མིན་པའི་སྐུ་ཚབ་ཁག་དང་ལྷན་དུ་དགོངས་ཚུལ་དང་མྱོང་བ་བརྗེ་ལེན། ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཁང་དུ་དངོས་སུ་རྒྱུས་ལོན་འཚམས་གཟིགས་གནང་རྒྱུ་སོགས་ཀྱི་ལས་རིམ་འདུག ཐེངས་འདིའི་ཟབ་སྦྱོང་འདི་ཉིད་ཁ་སང་ཕྱི་ཚེས་ ༡༩ ནས་ ༢༡ བར་ཉིན་གྲངས་གསུམ་རིང་གོ་སྒྲིག་ཞུས་ཡོད་པ་དང་། ཟབ་སྦྱོང་ཐོག་བཙན་བྱོལ་ནང་གི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཆེ་ཁག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང། བོད་གནས་ལྟ་ཞིབ་ཁང་བཅས་ཀྱི་སྐུ་ཚབ་དང། དེ་བཞིན་ཡོ་རོབ་ཁུལ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་དང་བླངས་ཞུ་གཏུག་གི་ཚོགས་མི་སོགས་བོད་རིགས་གཞོན་སྐྱེས་ ༣༠ འདུ་འཛོམས་བྱུང་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་མི་འབོར་བརྒྱ་ཆ་གསུམ་ཆ་གཅིག་ཙམ་གྱི་ རིགས་རྫས་མཁོ་སྒྲུབ་བྱས་པ་ཐེར་འདོན་བྱས་འདུག

རྒྱ་ནག་གཞུང་གིས་འདས་པའི་ལོ་དྲུག་ཙམ་གྱི་དུས་ཡུན་ཁྲོད། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་མི་འབོར་བརྒྱ་ཆ་གསུམ་ཆ་གཅིག་ཙམ་གྱི་ DNA  འམ་རིགས་རྫས་མཁོ་སྒྲུབ་བྱས་ཡོད་པ་ཐེར་འདོན་དང་སྦྲགས་ཏེ་དེ་ནི་རྒྱ་གཞུང་གི་ངོས་ནས་གཙོ་བོ་བོད་མི་མང་ཚོགས་ལ་སྔར་ལྷག་སྟངས་འཛིན་ཆེད་ཡིན་པར་ངོས་འཛིན་གནང་བཞིན་འདུགཉེ་ལམ་ཨ་རི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་གྲོང་སྡེ་དང་གྲོང་ཚོ་སོ་སོར་ཉེན་རྟོག་གི་ལྟ་སྲུང་དང་དེ་བཞིན་བཙན་དབང་གིས་བོད་མིའི་ཟུངས་ཁྲག་ནས་ DNA རིགས་རྫས་མཁོ་སྒྲུབ་ཇེ་ཆེར་བཏང་བའི་སྙན་ཐོ་འདོན་སྤེལ་བྱས་ཡོད་པའི་མཚམས་འདིར། ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་གི་ Munk School of Global Affairs and Public Policy ཉམས་ཞིབ་སྡེ་ཚན་འོག་གི་ Citizen Lab ཞེས་པའི་དྲ་རྒྱའི་བདེ་འཇགས་ཉམས་ཞིབ་ཚན་པའི་ངོས་ནས་ཀྱང་སྙན་ཐོ་གསར་པ་ཞིག་འདོན་སྤེལ་དང་འབྲེལ། རྒྱ་ནག་ཉེན་རྟོག་པས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱི་ལོ་ ༢༠༡༦ ནས་བཟུང་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་སྤེལ་བ་དེ་སྤྱི་ཚོགས་སྟངས་འཛིན་དང་མང་ཚོགས་ཀྱི་གཞི་རྩའི་གནས་ཚུལ་མཁོ་སྒྲུབ་ཆེད་ཡིན་སྐོར་གསུངས་འདུགཤོག་གྲངས་ ༡༧ ཅན་གྱི་སྙན་ཐོ་ནང་རྒྱ་གཞུང་ཉེན་རྟོག་པས་བོད་ནང་རིགས་རྫས་མཁོ་སྒྲུབ་དེ་ Chen Quanguo བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལོ་དུས་མཐའ་མ་ཕྱི་ལོ་ ༢༠༡༦ གི་ཟླ་ ༦ པ་ནས་ལས་གཞི་སྤེལ་བ་ཤེས་རྟོགས་དང་། ལྷག་པར་དྲ་ཐོག་ལས་གནས་ཚུལ་མཁོ་སྒྲུབ་ཀྱི་འབྱུང་ཁུངས་ ༡༠༠ ལ་དཔྱད་ཞིབ་བྱས་པའི་ཁོངས་ནས་ ༤༤ ཙམ་ཞིག་གི་ནང་ཉེན་རྟོག་པས་ས་གནས་ཁག་གཅིག་ནང་རིགས་རྫས་མཁོ་སྒྲུབ་ག་ཚོད་བྱེད་ཀྱི་ཡོད་མེད་གྲངས་ཐོ་ཤེས་རྟོགས་ཐུབ་ཡོད་པ་དང་།  སྙན་ཐོའི་དཔྱད་ཞིབ་གཞིར་བཞག་རྒྱ་ནག་གཞུང་གི་ཉེན་རྟོག་པས་འདི་ལོའི་ཕྱི་ཟླ་ ༧ པའི་བར་ ༩༡༩།༢༨༢ དང་། ༡༢༠།༦༩༦༢ ཙམ་ཞིག་གི་རིགས་རྫས་མཁོ་སྒྲུབ་བྱས་པར་ཚོད་དཔག་གནང་གི་འདུག་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ས་ཡ་གསུམ་དང་ཕྱེད་ཀ་ལྷག་ཡོད་པའི་མི་འབོར་གྱི་བརྒྱ་ཆ་བཞི་ཆ་གཅིག་དང་གསུམ་ཆ་གཅིག་གི་དབར་མཚོན་གྱི་ཡོད་ཅེས་འཁོད་འདུག ཕྱི་ལོ་ ༢༠༡༦ ཟླ་ ༦ ནས་ཕྱི་ལོ་ ༢༠༡༧ ཟླ་ ༢ དབར་གནས་ཚུལ་འབྱུང་ཁུངས་བརྒྱད་ལག་སོན་བྱུང་བའི་ནང་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་དེ་ཆབ་མདོ་ནང་བྱས་པ་མངོན་གསལ་དང་ཆབ་མདོ་དེ་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་རྒྱ་ཆེར་སྤེལ་ཆེད་ཚོད་ལྟའི་ ས་ཚིགས་ལྟ་བུ་ཞིག་ཏུ་གྱུར་བར་མ་ཟད་ཕྱི་ལོ་ ༢༠༡༧ ཟླ་ ༤ ནང་ལྷ་སར་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་སྤེལ་བ་དང་དེ་ནས་ལྷ་ས་གཙོས་ས་གནས་གཞན་ལ་རིམ་པས་ཉེན་རྟོག་པས་ལས་དོན་གཞན་གཉེར་བ་དང་མཉམ་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་སྤེལ་གྱི་ཡོད་སྐོར་འཁོད་འདུག Citizen lab ཡིས་བོད་ནང་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་དེ་སྤྱི་ཚོགས་ལ་སྟངས་འཛིན་དང་མང་ཚོགས་ཀྱི་གཞི་རྩའི་གནས་ཚུལ་མཁོ་སྒྲུབ་ཆེད་ཡིན་པར་མ་ཟད་སྒོས་རྒྱ་ནག་གཞུང་གིས་རིགས་རྫས་མཁོ་སྒྲུབ་དེ་ནི་ནག་ཉེས་ཚོད་འཛིན་དང་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན། འབོར་བརླག་བྱུང་བ་རྣམས་འཚོལ་ཞིབ་དང་། དེ་བཞིན་སྤྱི་ཚོགས་བདེ་འཇགས་ཆེད་ལག་ཆའི་ཚུལ་དུ་སྤྱོད་ཀྱི་ཡོད་པར་བཤད་པ་དེ་ལྟར་ནའང་རྒྱ་ནག་གཞུང་གིས་སྐྱེས་ཕོ་མོ་དང་བྱིས་པ་བཅས་ལ་དམིགས་ཏེ་རིགས་རྫས་མཁོ་སྒྲུབ་བྱེད་ཀྱི་ཡོད་པ་གསུངས་འདུགསྙན་ཐོ་ནང་ད་དུང་སྲིད་གཞུང་གིས་བོད་ནང་རིགས་རྫས་མཁོ་སྒྲུབ་བྱེད་པའི་ཐད་ཡོངས་ཁྱབ་ཀྱི་གང་ཡང་བཤད་མེད་ཀྱང་སྒོས་གནས་ཚུལ་འབྱུང་ཁུངས་ལ་གཞིར་བཞག་ན།  བོད་ནང་རིགས་རྫས་མཁོ་སྒྲུབ་བྱེད་པ་དེ་རྒྱ་ནག་གི་སྤྱི་དམངས་བདེ་འཇགས་ལས་ཁང་གིས་སྤྱི་ཚོགས་སྟངས་འཛིན་ཆེད་རྒྱ་ནག་མི་སེར་གྱི་མི་འབོར་གྱི་གྲངས་ཐོ་བསྡུ་རུབ་ཀྱི་ལས་གཞི་དེའི་ཆ་ཤས་ཡིན་པར་ངོས་འཛིན་དང་། ལྷག་པར་བོད་དང་ཤིན་ཅང་ལྟ་བུ་ནང་རིགས་རྫས་མཁོ་སྒྲུབ་བྱས་པ་དེས་མང་ཚོགས་ལ་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་གསུངས་འདུག་ལ། རྒྱ་ནག་ཉེན་རྟོག་གིས་རིགས་རྫས་མཁོ་སྒྲུབ་ཐད་ཚད་བཀག་གསལ་ཁ་མེད་པ་དེས་བེད་སྤྱོད་ལོག་པར་སྤྱོད་རྒྱུའི་གོ་སྐབས་ཆེན་པོ་ཞིག་ཆགས་པ་དང་།  རྒྱ་ནག་ནས་ཉེན་རྟོག་གིས་རིགས་རྫས་མཁོ་སྒྲུབ་དང་དེ་དག་ཉར་ཚགས་སོགས་ཀྱི་ཐད་ཁྲིམས་ནན་པོ་ལག་བསྟར་བྱེད་དགོས་པ་དང་། རྒྱལ་སྤྱི་དང་སྤྱི་དམངས་ཀྱི་ཚོགས་སྡེ་དང་ཉམས་ཞིབ་པ་རྣམས་ནས་ཀྱང་འཕྲུལ་རིག་སྒོ་ནས་གང་ཟག་ར་འཕྲོད་པའི་གནས་བསྡུའི་རེའུ་མིག་ཉར་ཚགས་སོགས་ཀྱི་ཐད་ཁྲིམས་ཚད་ལྡན་ཞིག་བཟོས་ཏེ་མཉམ་ལས་གནང་དགོས་པ་གསུངས་འདུག སྙན་ཐོ་དེའི་ཐོག་ཕྱག་ལས་གནང་མཁན་ Citizen Lab ཡི་ཉམས་ཞིབ་པ་ Emile Dirks ལགས་སུ་སྙན་ཐོ་དང་འབྲེལ་བཀའ་འདྲི་ཞུས་སྐབས་ཁོང་གིས་ཉམས་ཞིབ་ཁྲོད་རྒྱ་ནག་ཉེན་རྟོག་པས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱི་ལོ་ ༢༠༡༦ ནས་མང་ཚོགས་ཀྱི་རིགས་རྫས་མཁོ་སྒྲུབ་བྱས་པ་དང་། ལྷག་པར་སྐྱེས་ཕོ་མོ་དང་བྱིས་པར་དམིགས་པ་མ་ཟད་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་དེ་ཡང་ནག་ཉེས་ཀྱི་རྟོག་ཞིབ་དང་འབྲེལ་བ་མེད་པ་སྒོས་ལས་གཞི་དེ་མང་ཚོགས་སྟངས་འཛིན་ཤུགས་ཆེར་གཏོང་སླད་ཡིན་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་སྙན་ཐོའི་འབྱུང་ཁུངས་ཕལ་མོ་ཆེ་ནི་སྤྱི་ཚོགས་དྲ་ལམ་དང་རྒྱ་གཞུང་གིས་གཉེར་བའི་གསར་འགྱུར་བརྒྱུད་ལམ་སོགས་ཆགས་ཡོད་སྐོར་གསུངས་སོང་། དེ་བཞིན་བོད་ནང་རིགས་རྫས་མཁོ་སྒྲུབ་དེ་རྒྱ་ནག་ཉེན་རྟོག་པའི་ལས་གཞི་ཞིག་དང་། རང་ཉིད་ནས་ལས་གཞི་དེ་དག་གི་དམིགས་ཡུལ་གཙོ་བོ་ནི་མང་ཚོགས་ལ་སྟངས་འཛིན་བྱེད་རྒྱུ་དེར་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་ཡོད།གཞི་ཙའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ཉེན་རྟོག་པར་རིགས་རྫས་མཁོ་སྒྲུབ་ཆེད་ Massachusetts ནང་ཡོད་པའི་ Thermo Fisher ཞེས་པའི་ཨ་རིའི་ཚོང་ལས་ཁང་ནས་དངོས་ཟོག་ཕྱིར་ཚོང་བྱེད་ཀྱི་ཡོད་པ་བརྒྱུད་ལམ་ཁག་ནས་ཐོན་ཡོད་པ་དང་རྒྱ་ནག་གཞུང་གི་དྲ་ཚིགས་སུ་ལྷ་སའི་ཉེན་རྟོག་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ཟླ་བ་ ༡༠ ནང་ Thermo Fisher ཚོང་ལས་ཁང་གི་རིགས་རྫས་མཁོ་སྒྲུབ་དང་འབྲེལ་དངོས་ཟོག་ཉོ་ཕྱིར་ཨ་སྒོར་ ༡༧༣།༠༠༠ འགྲོ་གྲོན་བཏང་ཡོད་པ་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ཉེན་རྟོག་པས་ཀྱང་ཕྱི་ལོ་ ༢༠༢༡ གི་ཟླ་ ༨ ནང་དེ་འབྲེལ་དངོས་ཟོག་ཉོས་ཡོད་པ་འཁོད་ཡོད། ཁ་སང་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་རྒྱ་ནག་ནང་བརྡ་འཕྲིན་བརྒྱུད་ཆོས་ལུགས་རང་དབང་ལ་དམ་དྲག་ཐོག་ཉན་ཞིབ་ཚོགས་པའི་སྐབས་ཉམས་ཞིབ་པ་ Emile Dirks ལགས་མཉམ་ཞུགས་ཀྱིས་རིགས་རྫས་མཁོ་སྒྲུབ་ཐད་བཀའ་མོལ་གནང་བ་དང་། ཁོང་གིས་ཨ་རི་ངོས་ནས་རྒྱ་ནག་གི་ཕྱི་ཕྱོགས་སུ་ཡོད་པའི་ཚོང་ལས་ཁང་ནས་རྒྱ་ནག་གི་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་ཆེད་དངོས་ཟོག་ཚོང་འགྲེམས་བྱེད་ཀྱི་ཡོད་མེད་ཐོག་རྩད་ཞིབ་དགོས་སྐོར་གསུངས་ཡོད།

རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་རྒྱ་ནག་ལ་གདོང་ལེན་གནང་ཕྱོགས་ཐད་ཅི་བྱ་གཏོལ་མེད་དུ་གྱུར་བ།

དེ་རིང་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཐེངས་ ༥༡ པ་དབུ་འཛུགས་གནང་བའི་ཁྲོད་འདིར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཡིན་པའི་ནུབ་ཕྱོགས་པའི་གཞུང་རྣམས། རྒྱ་གཞུང་ལ་གདོང་ལེན་གནང་ཕྱོགས་ཐད་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་ཐབས་ལམ་འདྲ་མིན་ཁག་གཅིག་གི་ཐོག་གྲོས་བསྡུར་ལྷུག་པོ་གནང་བཞིན་པ་གསུངས་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachelet ལགས་ཀྱིས་རང་ཉིད་ཀྱི་ལས་དུས་རྫོགས་མཚམས་ཟླ་བ་སྔོན་མའི་ཚེས་ ༣༡ ཉིན་རྒྱ་ནག་གཞུང་གིས་ཤིན་ཅང་ནང་ཡུ་གུར་གཙོ་བོར་གྱུར་པའི་ཁ་ཆེའི་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་འཚབས་ཆེན་རྡོག་རོལ་གཏོང་བཞིན་ཡོད་པའི་སྙན་ཐོ་འདོན་སྤེལ་གནང་ཡོད་ཀྱང་། ལྕམ་སྐུ་ Bachelet ལགས་ད་ཆ་ལས་ཡུན་གཙང་ནས་ཕེབས་ཟིན་པ་དང་། ཁོང་གི་ཚབ་གསར་ Volker Turk ལགས་ཀྱི་ངོས་ནས་ད་ལྟའི་ཆར་ལས་འཁུར་དངོས་སུ་བཞེས་མེད་པ་དང་། རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་ ༥༡ པའི་གྲོས་གཞིའི་ནང་ Ukraine དང་ Ethopia བཅས་ཀྱི་གནད་དོན་མ་གཏོགས་རྒྱ་ནག་གིས་ཤིན་ཅང་ནང་གི་ཡུ་གུར་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་འབྲེལ་བའི་སྙན་ཐོའི་སྐོར་ལ་མཇུག་སྐྱོང་ལས་འཆར་གང་ཡང་བང་སྒྲིག་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།Reuters གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། དེ་ལྟ་བུའི་གནས་སྟངས་ཁྲོད་རྒྱ་གཞུང་གི་བྱ་ངན་དག་ཐེར་འཏོན་གྱིས་སྐྱོན་བརྗོད་གནང་རྒྱུར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་ཉུང་མཐར་གཅིག་གི་ངོས་ནས་དབུ་འཛུགས་གནང་དགོས་སྟབས། ད་ལྟའི་ཆར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་མང་གཙོའི་སྡེ་ཁག་ནས་རྒྱ་ནག་ཐོག་གྲོས་ཆོད་ཅིག་བསྣམས་ཕེབས་རྒྱུར་དགོངས་བཞེས་གནང་བཞིན་ཡོད་པ་དང་། དེ་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་འདས་པའི་ལོ་ ༡༦ ནང་ཐེངས་དང་པོ་ཆགས་རྒྱུ་ཡིན་པར་མ་ཟད། གྲོས་ཆོད་བརྒྱུད་རྒྱ་ནག་ཐོག་རྟོག་ཞིབ་ཀྱི་བརྒྱུད་རིམ་ཞིག་དབུ་འཛུགས་གནང་སྲིད་པར་བརྗོད་འདུག འོན་ཀྱང་ཕྱི་འབྲེལ་མི་སྣ་ཞིག་གིས་རྒྱ་གཞུང་ནས་འདས་པའི་ལོ་ཤས་ནང་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གཅིག་དང་མཉམ་ལས་བྱས་ཏེ་གཙོ་བོ་ཚོང་འབྲེལ་ཐོབ་ཐང་གི་གལ་གནད་ལ་ཤུགས་གནོན་རྒྱག་ཡོད་པའི་ཁྲོད་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་དེ་ལྟ་བུའི་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་གྲོས་འཆར་དེར་རྒྱབ་སྐྱོར་མ་གནང་བ་ཡིན་ན་དེས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་རིན་ཐང་ཉམས་རྒུད་འགྲོ་ངེས་ཡིན་པར་གསུངས་པ་དང་འབྲེལ། ད་ལྟའི་ཆར་རྒྱ་ནག་ཐོག་ནུས་པ་ལྡན་པའི་ལས་དོན་ཞིག་སྤེལ་ཆེད་དུ་ཛ་དྲག་གི་བགྲོ་གླེང་ཞིག་གནང་བཞིན་ཡོད་པར་བརྗོད་འདུག གཞི་རྩའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་དེ་སྔ་ཕྱི་ལོ་ ༡༩༩༠ ནས་ ༢༠༠༤ བར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་ངོ་རྒོལ་གྱི་གྲོས་ཆད་གྲོས་འཆར་ཐེངས་ ༡༡ ཙམ་བཏོན་མྱོང་ཡོད་ཀྱང་། གཏན་འབེབས་གཅིག་ཀྱང་ཐུབ་མེད་པ་དང་། རྒྱལ་ཚོགས་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ནས་ཉེ་ལམ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྣེ་ཁྲིད་འོག་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་དག་ལ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡོངས་ནས་རྒྱབ་སྐྱོར་བྱེད་ཀྱི་མ་རེད་ཅེས་བཤད་ཡོད། འཇར་མ་ནི་ནང་གི་སྲིད་བྱུས་ཉམས་ཞིབ་ཁང་ Konrad Adenauer Foundation གི་ཇི་ཎི་ཝའི་ཡན་ལག་ལས་ཁུངས་ཀྱི་ངེས་སྟོན་པས་ཐེངས་འདིའི་ལྷན་ཚོགས་སུ་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་གྲོས་འཆར་ཞིག་བསླེབ་ཚེ་རྒྱབ་སྐྱོར་བྱེད་མཁན་ ༡༤ དང་ངོ་རྒོལ་བྱེད་མཁན་ ༡༦ བར་བཞུགས་བྱེད་མཁན་ ༡༧ ཆགས་རྒྱུ་ཡིན་པར་ཚོད་དཔག་དང་འབྲེལ་གྲོས་འཆར་གཏན་འབེབས་ཐུབ་རྒྱུ་ཁག་པོ་ཡིན་པར་གསུངས་འདུག ཡང་ཤིན་ཅང་ནང་གི་གནས་སྟངས་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་ཐེངས་འདིའི་སྙན་ཐོ་དང་བསྟུན། ཕྱི་ཚེས་ ༧ ཉིན་རྒྱལ་ཚོགས་ཀྱི་ཁྱད་ལས་པ་ཁག་ ༤༥ ནས་རྒྱ་ནག་གིས་འཆར་གཞི་ལྡན་པའི་ཐོག་ནས་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་སེམས་འཚབ་་དང་སྦྲགས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་དམིགས་བསལ་སྐུ་ཚབ་བམ་ཁྱད་ལས་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་བརྒྱུད་ལོ་རེའི་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁོར་ཡུག་ཐད་ཉམ་ཞིབ་དགོས་སྐོར་དང་ཆབས་ཅིག དེ་འབྲེལ་ཚོགས་འདུ་ངེས་གནང་དགོས་པའི་ཞུ་སྐུལ་ཡང་གནང་ཡོད་པ་བཞིན་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་ཐོག་དམིགས་བསལ་ཚོགས་འདུ་འཚོགས་རྒྱུའི་ཐབས་ལམ་ཞིག་ཡོད་ཀྱང་། དེར་ཡང་གསུམ་ཆ་གཅིག་གི་རྒྱབ་སྐྱོར་དགོས་པར་བརྟེན་ཁག་པོ་ཡིན་པ་དང་ངག་ཐོག་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱ་རྒྱུའི་ཐབས་ལམ་ཞིག་ཡོད་པ་དེ་ལྟར་ཡང་དེར་ནུས་པ་གང་ཡང་མེད་པ་གསུངས་འདུག སྤྱིར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་དེ་གའི་ཚོགས་མི་རྒྱལ་ཁབ་ཐོག་གནད་དོན་གང་ཞིག་གི་ཐད་ངེས་པར་ཁས་ལེན་བྱ་བཅུག་རྒྱུའི་ཁྲིམས་མཐུན་སྒོ་ནས་དབང་ཚད་གང་ཡང་མེད་ཀྱང་། དེ་འབྲེལ་གནད་དོན་ཐོག་བགྲོ་གླེང་བརྒྱུད་དོ་བདག་རྒྱལ་ཁབ་ཐོག་ཞིབ་འཇུག་ཚད་མཐོ་རུ་གཏོང་རྒྱུའི་ནུས་པ་དང་། སྐབས་རེ་དེ་འབྲེལ་ཞིབ་འཇུག་བརྒྱུད་རྒྱལ་ཁབ་དང་རྒྱལ་སྤྱིའི་ཁྲིམས་སོགས་ཀྱི་ནང་དཔང་རྟགས་ར་སྤྲོད་ཐུབ་པའི་དགེ་མཚན་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་གི་ཡོད་པ་རེད། གང་ལྟར་ད་ལྟའི་ཆར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་གསར་པ་སྐུ་ཞབས་ Turk མཆོག་ནས་རྒྱ་ནག་ཐོག་བཞེངས་ཕྱོགས་གང་འདྲ་ཡོད་མེད་ཐོག་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་པ་གསུངས་འདུག

ཧོང་ཀོང་གི་ངག་བརྗོད་གསོ་དཔྱད་པ་ལྔར་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་འོག་ཉེས་ཆད།

ཧོང་ཀོང་གི་ Speech Therapist ཞེས་ངག་བརྗོད་གསོ་དཔྱད་པ་ལྔར་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་འོག་ལོ་གཅིག་དང་ཟླ་བ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུགཧོང་ཀོང་གི་ངག་བརྗོད་གསོ་དཔྱད་པ་ལྔས་ལོ་ ༤ ནས་ ༧ བར་གྱི་བྱིས་པའི་ཆེད་དུ་འགུལ་རིས་སྒྲུང་དེབ་ཁག་གསུམ་དཔར་བསྐྲུན་ཞུས་པའི་ནང་སྤྱང་ཀི་ལ་ལུག་གི་འཐབ་རྒོལ་བྱ་ཚུལ་སོགས་སྒྲུང་གི་རྣམ་པའི་ཐོག་ནས་རྒྱ་ནག་དང་ཧོང་ཀོང་བར་གྱི་ཉེ་དུས་དངོས་བྱུང་ལོ་རྒྱུས་ཀྱི་ནང་དོན་ཁག་གཅིག་བཀོད་ཡོད་པ་ལྟར། ཧོང་ཀོང་གིས་ཁྲིམས་ཁང་ནས་བྱིས་སྒྲུང་དེ་དག་གིས་བྱིས་པའི་བསམ་བློ་བསྒྱུར་ཏེ་ཁོང་ཚོའི་རྒྱུད་ལ་ཁ་བྲལ་གྱི་བློ་སྤེལ་ཐབས་བྱས་པའི་ཉེས་མིང་འོག་ཕྱི་ཚེས་ ༡༠ ཉིན་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་གྱིས་ཁོང་རྣམས་ལ་ལོ་གཅིག་དང་ཟླ་བ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཧོང་ཀོང་གི་ཁྲིམས་དཔོན་ Kwok Wai གིས་ཁྲིམས་བཤེར་སྐབས་ཁོང་སྒྲུང་གི་རྣམ་པའི་ཐོག་ནས་བྱིས་པ་རྣམས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་བཞིན་ཧོང་ཀོང་ནང་ཀུན་སློང་ངན་པའི་ཐོག་ནས་བསླེབས་པ་ཞིག་དང་། ཁོང་ཚོའི་ཁྱིམ་རྣམས་བཙན་བཟུང་དང་རང་དབང་འཕྲོག་གི་ཡོད་པ་ལྟ་བུའི་རྣམ་པ་མངོན་གསལ་བྱས་ཡོད་པ་དང་འབྲེལ། བྱིས་པ་ཚོའི་བསམ་བློ་ལ་དོ་ཕོག་འགྲོ་བའི་ཉེན་ཁ་ཞིག་ཡོད་པ་དང་ཆབས་ཅིག ཁོ་ཚོས་ཁུལ་དེར་བརྟན་ལྷིང་མེད་པའི་གཞི་རྩ་འཛུགས་ཀྱི་འདུག་ཅེས་དང་། བསམ་བློ་བསྒྱུར་ཐབས་ཀྱི་ལས་འགུལ་སྤེལ་བའི་ཁྲོད་བྱིས་པ་ཚོའི་སེམས་ནང་ཁོ་ཚོས་བསམ་བློ་ཆེད་མངགས་བཅུག་གི་ཡོད་པའི་རྒྱུ་མཚན་གྱིས་ངེས་པར་དུ་ཉེས་ཆད་གཏོང་དགོས་ཞེས་བཤད་འདུག་ལ། ཁྲིམས་དཔོན་གྱིས་ཁོང་ཚོར་ནམ་ཞིག་རང་ཉིད་ཀྱི་བསམ་བློས་བཟོས་པའི་བཙོན་ཁང་ནས་ཕྱིར་ཐོན་ཚེ་བཙོན་ཁང་ནས་ཕྱིར་ཐོན་ཆོག་པའི་ངོས་བཞེས་ཡོད་ཅེས་བཤད་འདུགརྩ་བའི་ Lorie Lai དང་།  Melody Yeung དེ་བཞིན་ Sidney Ng དང་།  Samuel Chan དེ་བཞིན་ Marco Fong བཅས་མི་སྣ་ལྔ་པོ་དེ་དག་ནི་ཧོང་ཀོང་གི་ངག་བརྗོད་གསོ་དཔྱད་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་དང་། ཁྲིམས་དཔོན་ Kwok Wai གྱིས་ཁྲིམས་བཤེར་སྐབས་ཚོགས་པ་དེར་ཡང་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཡོད་པ་གསལ་པོ་ཡིན་པའི་ཉེས་འཛུགས་བྱས་པར་མ་ཟད། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་བསླེབས་པའི་རྗེས་ཆབ་སྲིད་ཀྱི་གནས་སྟངས་ཞི་འཇམ་ཆགས་ཡོད་ཚུལ་ཡང་བཤད་ཡོད། ཐེངས་འདིར་ཁོང་རྣམས་ལ་སྲིད་གཞུང་གི་ནག་ཉེས་འཛུགས་མ་ཐག་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ངོ་རྒོལ་གྱིས་འཕྲལ་དུ་གློད་བཀྲོལ་དགོས་པ་དང་འབྲེལ། དེ་ལྟར་འཛིན་བཟུང་བྱས་པ་དེ་ནི་ངོ་ཚ་མེད་པའི་དྲག་གནོན་གྱི་བྱ་སྤྱོད་ཅིག་ཡིན་པ་མ་ཚད་པར་བྱིས་པའི་ཆེད་དུ་དེབ་བྲིས་པ་དེ་ནི་ཁྲིམས་འགལ་ཞིག་མིན་པ་དང་། བྱིས་པ་རྣམས་ལ་ཉེ་དུས་ཀྱི་ཧོང་ཀོང་ལོ་རྒྱུས་བསླབ་པར་འབད་བརྩོན་གནང་བ་དེ་ངོ་རྒོལ་གྱི་རྣམ་པ་ཞིག་མིན་སྐོར་གསུངས་འདུག གནས་ཚུལ་ཐོན་ཁག་ལ་གཞིགས་ན། Lorie Lai ལགས་ཀྱིས་ང་ཚོའི་གྱོད་ཞིབ་གཙོ་བོ་ནི་སྨྲ་བརྗོད་ཀྱི་རང་དབང་ཡིན་པ་དང་། རང་དབང་ལ་ཚད་ཡོད་ན་དེ་ནི་རང་དབང་ཞིག་མ་རེད་ཅེས་གསུངས་པ་དང་འབྲེལ། ཁྲིམས་དཔོན་ Kwok Wai གྱི་ཁྲིམས་ཁང་ནི་ཆབ་སྲིད་ཀྱི་སྐད་ཆ་བཤད་ས་མིན་པར་མ་ཟད་རང་དབང་ལ་ཚད་ཡོད་པ་བཤད་འདུག་ཅེས་གསུངས་ཡོད། དེ་བཞིན་ Melody Yeung ལགས་ཀྱིས་ཀྱང་ང་རང་གི་འདམ་ཁ་དེ་ལ་འགྱོད་པ་མེད་ཅེས་གསུངས་འདུགདཔེ་དེབ་དེ་དག་ནང་སྒྲུང་གི་རྣམ་པའི་ཐོག་ནས་རྒྱ་ནག་གིས་ཧོང་ཀོང་ནང་བཙན་འཛུལ་བྱས་ཡོད་པའི་རྣམ་པ་ཤུགས་ཆེར་བཏོན་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༩ ལོའི་ཧོང་ཀོང་ནང་མང་གཙོའི་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་དང་ཕྱི་ལོ་ ༢༠༢༠ ནང་མང་གཙོའི་ལས་འགུལ་བ་ ༡༢ ཧོང་ཀོང་ནས་མཚོ་གྲུ་བརྒྱུད་བྲོས་བྱོལ་དུ་ཕེབས་ཏེ་ཕྱིས་སུ་རྒྱ་ནག་གི་མཚོ་ཁའི་སྐོར་སྲུང་བས་འཛིན་བཟུང་བྱས་པ་སོགས་ཀྱི་ལོ་རྒྱུས་འཁོད་ཡོད་པ་དང་། དེ་བཞིན་སྤྱང་ཀིས་ལུག་རྣམས་འཚོ་སྡོད་བྱེད་སའི་གྲོང་གསེབ་ཞིག་བཙན་འཛུལ་བྱས་ཏེ་ལུག་རྣམས་བཟའ་འདོད་ཀྱི་རྣམ་པ་བཏོན་པ་དེ་ལྟར་ཡང་། ལུག་རྣམས་ཀྱི་ཕར་འཐབ་རྒོལ་བྱས་ཡོད་པ་སོགས་ཀྱི་རྣམ་པ་ཤུགས་ཆེར་བཏོན་པའི་ནང་དོན་ལྡན་པ་ཞིག་ཡིན་འདུག པར་ཁག REUTERS/Tyrone Siu

རྒྱ་གཞུང་གིས་བོད་མིའི་རིགས་རྫས་མཁོ་སྒྲུབ་བྱེད་པ་དེ་འགྲོ་བ་མིའི་ཐོབ་ཐང་གི་ཆ་ནས་ཛ་དྲག་ཆེན་པོ་ཆགས་ཡོད།

ཉེ་ལམ་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་གྲོང་སྡེ་དང་གྲོང་ཚོར་ཁྱིམ་མིར་ཉེན་རྟོག་གི་ལྟ་སྲུང་དང་དེ་བཞིན་བཙན་དབང་གིས་བོད་མི་རྣམས་ཀྱི་རིགས་རྫས་ DNA མཁོ་སྒྲུབ་ཇེ་ཆེར་བཏང་བར་མངོན་གསལ་གནང་བ་དང་སྦྲགས།  ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་བོད་མིའི་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མཚམས་འཇོག་དང་བོད་མི་མང་ཚོགས་ཀྱི་གཞི་རྩའི་རང་དབང་ལ་གུས་བརྩི་དགོས་སྐོར་གསུངས་འདུག་པ་མ་ཟད།  བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་གི་བྱེད་ཕྱོགས་དེ་འགྲོ་བ་མིའི་ཐོབ་ཐང་གི་ཆ་ནས་ཛ་དྲག་ཆེན་པོ་ཆགས་ཡོད་པ་གསུངས་སོང་།གཞི་རྩའི་ཉེ་བའི་འཆར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དེང་རབས་ཀྱི་འཕྲུལ་རིག་བརྒྱུད་རིགས་རྫས་སམ་ DNA བསྡུ་རུབ་བྱེད་བཞིན་པ་དེ་བོད་མི་མང་ཚོགས་ཀྱི་གསང་གནས་ཤེས་རྟོགས་ཡོང་སླད་ལྟ་སྲུང་གི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ་མཚོན་གྱི་ཡོད་ཅེས་མངོན་གསལ་དང་།  ལྷག་པར་འདི་ལོའི་ཕྱི་ཟླ་ ༤ ནང་ལྷ་ས་གྲོང་སྡེ་ལས་ཁུངས་ཀྱི་སྙན་ཐོ་ནང་སྔོན་འགྲོའི་སློབ་གྲྭའི་བྱིས་པ་དང་དེ་བཞིན་ས་གནས་ས་ཁུལ་གཞན་གྱི་མང་ཚོགས་རྣམ་པའི་རིགས་རྫས་མཁོ་སྒྲུབ་ཆེད་ཁྲག་དཔེ་དེ་ཡང་འཆར་གཞི་དང་ལྡན་པའི་ཐོག་ནས་བསྡུ་ལེན་བྱས་པ་དང་།  མ་ཟད་དེ་སྔོན་ཕྱི་ལོ་ ༢༠༢༠ ཟླ་བ་ ༡༢ ནང་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ནས་ཐོན་པའི་སྙན་ཐོ་ནང་དུའང་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་དེ་བཞིན་བྱིས་པ་བུ་ལོ་ལྔ་ཡན་ཚང་མར་ལེན་ཡོད་པ་འཁོད་པ་མངོན་གསལ་གནང་ཡོད། ལྷག་པར་རྒྱ་གཞུང་གིས་རིགས་རྫས་མཁོ་སྒྲུབ་དེ་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གྲོང་སྡེ་དང་ས་ཁུལ་བདུན་ཙམ་ནང་ལག་བསྟར་བྱེད་བཞིན་པ་དང་ལས་གཞི་དེ་ནི་རྒྱ་གཞུང་གིས་ས་གནས་ནང་ཉེན་རྟོག་པའི་ལྟ་སྲུང་ཤུགས་ཆེ་རུ་གཏོང་རྒྱུའི་ཐབས་ཤེས་ཤིག་ཡིན་སྐོར་གསུངས་ཡོད་པ་དང་ཆབས་ཅིག    འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ Sophie Richardson ལགས་ཀྱིས་རྒྱ་གཞུང་གིས་བོད་མིར་དེ་སྔ་ནས་སྡུག་སྦྱོང་མནར་གཅོད་དང་དྲག་གནོན་ཤུགས་ཆེར་སྤེལ་མུས་ཁར་ད་ཆ་སྲིད་གཞུང་ནས་མང་ཚོགས་ཀྱི་འདོད་མོས་མེད་བཞིན་དུ་ཁྲག་དཔེ་ལེན་པ་དེ་ལྟ་སྲུང་གི་ལས་གཞི་རྒྱ་སྐྱེད་གཏོང་ཆེད་ཡིན་པར་གསུངས་ཏེ་རྒྱ་གཞུང་གི་བྱེད་ཕྱོགས་དེར་སྐྱོན་བརྗོད་གནང་ཡོད།གནད་དོན་དེའི་ཐད་དེ་རིང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གིས་ Twitter དྲ་གནས་ཐོག་རྒྱ་གཞུང་གིས་བོད་ནང་བོད་ཕྲུག་ལོ་ལྔ་ནས་བཟུང་བོད་མི་མང་ཚོགས་ཀྱི་རིགས་རྫས་བཙན་གྱིས་མཁོ་སྒྲུབ་བྱས་པའི་སྙན་ཐོ་ཐོན་པར་རྒྱ་གཞུང་གིས་བྱེད་ཕྱོགས་དེར་ཐུགས་འཚབ་ཀྱི་རྣམ་པ་བཏོན་པ་དང་སྦྲགས།   རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་དེ་འབྲེལ་གྱི་དྲག་གནོན་ཅན་གྱི་སྲིད་བྱུས་མཚམས་འཇོག་དང་བོད་མི་མང་ཚོགས་ཀྱི་གཞི་རྩའི་རང་དབང་ལ་གུས་བརྩི་དགོས་པ་བཀོད་འདུག ལྷག་པར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེརལགས་ཀྱིས་རྒྱ་གཞུང་གིས་བོད་ནང་དམ་དྲགས་དང་བོད་མི་ཚོར་དོ་དམ་བྱེད་ཕྱིར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་བཞིན་པ་དང་ལྷག་པར་ཞི་ཅིན་ཕིང་གི་དབང་འཛིན་འོག་བོད་མི་ཚོར་ཁ་པར་བརྒྱུད་སོ་ལྟ་དང་དེ་བཞིན་དུས་ངེས་མེད་ལ་སྔོག་གཤེར་བྱེད་ཀྱི་ཡོད་པས་རྒྱ་གཞུང་གི་བྱེད་ཕྱོགས་ལ་གཞིར་བཞག་པའི་ཐོག་ནས་ད་རེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བོད་ནང་བོད་མི་ཚོས་རིགས་རྫས་མཁོ་སྒྲུབ་བྱེད་བཞིན་ཡོད་པའི་སྐོར་མངོན་གསལ་གནང་བ་དེ་དངོས་བདེན་ཡིན་པ་ཞིག་ལ་ཡིད་ཆེས་གནང་གི་ཡོད་ཅེས་གསུངས་སོང་། དེ་བཞིན་ཁོང་གིས་རྒྱ་གཞུང་གིས་བོད་མི་མང་ཚོགས་ཀྱི་རིགས་རྫས་མཁོ་སྒྲུབ་བྱེད་པ་དེ་མི་སྒེར་གྱི་གསང་རྒྱའི་ཐོབ་ཐང་ལ་རྡོག་རོལ་དང་འགྲོ་བ་མིའི་ཐོབ་ཐང་གི་ཆ་ནས་ཛ་དྲག་ཆེན་པོ་ཆགས་ཀྱི་ཡོད་པ་མ་ཟད།  ལྷག་པར་སྒེར་གྱི་གསང་རྒྱའི་ཐོབ་ཐང་རྡོག་རོལ་གཏོང་བར་བརྟེན་རང་ཉིད་ཀྱི་བསམ་ཚུལ་སོགས་བཤད་པའི་ཐོབ་ཐང་མེད་པ་ཆགས་ཀྱི་ཡོད་པས་རྒྱ་གཞུང་གིས་བོད་མི་མང་ཚོགས་ལ་དེ་འབྲེལ་དམ་དྲག་བརྒྱུད་འགྲོ་བ་མིའི་ཐོབ་ཐང་མང་པོ་ཞིག་མཉམ་དུ་རྡོག་རོལ་ཐེབས་ཀྱི་ཡོད་སྐོར་གསུངས་སོང་།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་དམིགས་བསལ་ཚོགས་འདུའི་ཞུ་སྐུལ་ཐོག་བོད་དོན་ཚུད་དགོས།

ཉེ་ལམ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཤིང་ཅང་གི་སྙན་ཐོ་འདོན་སྤེལ་དང་འབྲེལ། ཁ་སང་རྒྱལ་ཚོགས་ཀྱི་ཁྱད་ལས་པ་ ༤༥ ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་དམིགས་བསལ་ཚོགས་འདུ་ཞིག་ཞུ་སྐུལ་གནང་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་ལྟ་བུའི་ཚོགས་འདུའི་ནང་བོད་དོན་ངེས་པར་དུ་ཚུད་དགོས་པ་གསུངས་འདུགདེ་ཡང་ཕྱི་ཟླ་ ༨ ཚེས ༣༡ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཤིན་ཅང་ནང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་ཡོད་པའི་ནང་རྒྱ་ནག་གཞུང་གི་ངོས་ནས་ཤིན་ཅང་ནང་ཡུ་གུར་གཙོ་བོར་གྱུར་པའི་ཁ་ཆེའི་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་ར་སྤྲོད་གནང་བ་དང་ཆབས་ཅིག ཡུ་གུར་མི་རིགས་རྣམས་ལ་སྡུག་སྦྱོང་མནར་གཅོད་དང་། བཀག་ཉར་ཁང་དུ་ཆེས་ཞེན་པའི་གནས་སྟངས་འོག་བཙན་དབང་གིས་སྨན་བཅོས་དང་། ཆགས་སྲེད་རྩུབ་སྤྱོད་སོགས། དེ་བཞིན་ཁྲིམས་མེད་ལུང་མེད་སྒོ་ནས་འཛིན་བཟུང་བཀག་ཉར་དང་ཁོང་རྣམ་པར་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ནི་འགྲོ་བ་མིའི་རིགས་ལ་རྒོད་རྡུང་གི་ནག་ཉེས་ཞིག་ཆགས་སྲིད་པར་འགྲེལ་བརྗོད་གནང་ཡོད་པ་དང་འབྲེལ་ནས། ཁ་སང་ཕྱི་ཚེས་ ༧ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་ལས་པ་ཁག་ ༤༥ ནས་རྒྱ་ནག་གིས་འཆར་གཞི་ལྡན་པའི་ཐོག་ནས་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་སེམས་འཚབ་ཡོད་སྐོར་དང་། གནད་དོན་དེ་རྒྱལ་སྤྱིའི་སྤྱི་ཚོགས་རྣམས་ནས་སྣང་མེད་དུ་འཇོག་རྒྱུ་མེད་པ་མ་ཟད། རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་དམིགས་བསལ་སྐུ་ཚབ་བམ་ཁྱད་ལས་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་བརྒྱུད་ལོ་རེའི་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁོར་ཡུག་ཐད་ལ་ཉམ་ཞིབ་དགོས་སྐོར་དང་ཆབས་ཅིག དེ་འབྲེལ་ཚོགས་འདུ་ཞིག་ངེས་གནང་དགོས་པའི་ཞུ་སྐུལ་གནང་འདུགཞུ་སྐུལ་དེ་དང་འབྲེལ་ནས་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཀྱང་ཁ་སང་ཕྱི་ཚེས་ ༧ ཉིན་རྒྱལ་ཚོགས་ནས་ཤིན་ཅང་ནང་གི་གནད་དོན་ཐོག་སྙན་ཐོ་འདོན་སྤེལ་གནང་བ་དེ་དུས་ཐོག་དང་དེ་འབྲེལ་དཔང་རྟགས་མང་པོ་ཡོད་པ་གཞིར་བཟུང་བའི་ཐོག་རྒྱལ་ཁབ་སོ་སོའི་སྲིད་གཞུང་ནས་རྒྱ་ནག་ལ་ཁ་གཏད་བྱ་དགོས་པ་མ་ཟད། གཞིས་བཞུགས་བོད་མི་རྣམས་རྒྱ་ནག་གི་སྲིད་བྱུས་འོག་མནར་གཅོད་དང་དབྱེ་འབྱེད་སོགས་ཀྱི་དཀའ་སྡུག་འདྲ་མིན་རིམ་པར་མྱོང་བཞིན་ཡོད་པ་དང་། གཉེན་སྤུན་རྣམས་དོན་མེད་འཛིན་བཟུང་དང་གར་སོང་ཆ་མེད་དུ་གྱུར་བ། དེ་བཞིན་བོད་མི་རྣམས་ཀྱི་ཞི་བའི་ཐོག་ནས་རང་ཉིད་ཀྱི་དད་པ་དང་ཡིད་ཆེས་བྱེད་ཀྱི་ཡོད་པ་སོགས་ལ་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པའི་གནད་དོན་དེ་དག་ལ་བརྟེན་ནས་ཞུ་སྐུལ་གྱི་ཚོགས་འདུ་དེར་བོད་ཀྱི་གནད་དོན་ངེས་པར་དུ་ཚུད་དགོས་པའི་འབོད་སྐུལ་གནང་འདུགརྩ་བའི་དེ་སྔ་ཕྱི་ལོ་ ༢༠༢༠ ལོའི་ ཟླ་བ་ ༦ པའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་རྟོག་ཞིབ་ཁྱད་ལས་པ་མི་སྣ་ ༤༠ ལྷག་གིས་རྒྱ་ནག་གཞུང་གིས་བོད་དང་ཧོང། དེ་བཞིན་ཤར་ཏུར་ཀི་སི་ཐན་བཅས་ནང་མང་ཚོགས་ཐོག་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་བློ་འཚབ་ཀྱི་རྣམ་པ་ཆེས་ཆེར་ཆེད་བཏོན་དང་འབྲེལ། རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་ནག་ཐོག་ཕྱོགས་ལྷུང་མེད་པའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གི་གཞུང་འཛིན་འོག་རྒྱ་ནག་ནང་བཟང་བཙོན་གྱི་གྲངས་འབོར་ཇེ་མང་དང་ཇེ་སྡུག་འགྲོ་བཞིན་པ།

སྲིད་འཛིན་ཞི་ཅིན་ཕིང་བསླེབས་པ་ནས་བཟུང་ད་བར་བཟང་བཙོན་དང་ལྟ་སྲུང་གི་ཁྲིམས་གཞི་ལག་བསྟར་ཁྲོད་འཛིན་བཟུང་བྱེད་པའི་གྲངས་འབོར་ལྡབ་འགྱུར་འབྱུང་བཞིན་ཡོད་པ་མངོན་གསལ་གནང་འདུགདེ་ཡང་ཁ་སང་ཕྱི་ཚེས་ ༦ ཉིན་སི་པཱན་ Spain ནང་དུ་རྟེན་གཞི་བྱས་པའི་ Safeguard Defenders ཞེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱ་ནག་ནག་ནང་གི་བཟང་བཙོན་གྱི་གནས་སྟངས་ཐད་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་བཟང་བཙོན་གྱི་གནས་སྟངས་ཇེ་མང་དང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གི་གཞུང་འབྲེལ་གྲངས་ཐོའི་ནང་ཕྱི་ལོ་ ༢༠༡༢ ནས་ད་བར་མི་འབུམ་གཉིས་དང་ཕྱེད་ཀ་ལྷག་ལ་གཞུང་གིས་བཟང་བཙོན་གྱི་ཁྲིམས་གཞི་ལག་བསྟར་བྱས་སྐོར་འཁོད་ཡོད་པ་དང་། དེ་མིན་རྒྱ་གཞུང་གིས་ཁྲིམས་འགལ་དང་བཙད་ཤེད་ཀྱི་འོག་འཛིན་བཟུང་བཀག་ཉར་བྱས་པ་དེ་དག་འཁོད་མེད་པ་མངོན་གསལ་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་བཟང་བཙོན་གྱི་ཁྲིམས་གཞི་ལག་བསྟར་བེད་སྤྱོད་ལོག་པ་བཏང་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་འབྲེལ་ཡོད་ནང་མི་ཚོར་འཇིགས་སྐུལ་བྱེད་ཀྱི་ཡོད་པ་གསལ་བཏོན་གནང་འདུགརྩ་བའི་རྒྱ་ནག་གི་ཉེན་རྟོག་པས་དོགས་ཡོད་སུ་ཡིན་ཡང་གང་བྱུང་འཛིན་བཟུང་གིས་ཟླ་བ་དྲུག་གི་བར་དུ་བཀག་སྐྱིལ་བྱས་ཏེ། འཛིན་བཟུང་བྱས་པ་རྣམས་ཀྱི་གནས་ཚུལ་གང་ཡང་ཕྱི་བསྒྲགས་མི་དགོས་བར་བཟོས་པ་དེ་ལྟར་ཡང་། སྙན་ཐོ་དེའི་ནང་རྒྱ་ནག་གིས་གཞུང་འབྲེལ་གྱི་གྲངས་ཐོར་གཞིགས་ན་ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ བར་བཟང་བཙོན་དང་ལྟ་སྲུང་གི་ཁྲོད་མི་ ༣༥༥༠༩ ནས་ ༤༠༡༨༤ བཅས་བརྒྱ་ཆ་ ༡༣ སྔར་ལས་ལྷག་འཕར་ཡོད་སྐོར་བཀོད་འདུག་ཀྱང་ཕྱི་ལོ་ ༢༠༢༠ ལོའི་གྲངས་ཐོ་ཆ་ལག་ཚང་བ་ཞིག་མེད་པ་འཁོད་འདུག དེ་བཞིན་ཕྱི་ལོ་ ༢༠༢༡ ལོའི་གྲངས་ཐོ་ཡང་ཆ་ལག་ཚང་བ་ཞིག་མེད་ཀྱང་མ་མཐར་མི་ ༡༩༢༥༡ ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་ཞིབ་འཇུག་ཁྲོད་འབྱུང་འགྱུར་གྱི་ལོ་གསུམ་ནང་རྒྱ་ནག་གཞུང་གྱིས་ལྟ་སྲུང་བཀག་ཉར་འོག་མི་འབུམ་བཅུ་ལྷག་འབྱུང་སྲིད་པ་ཞིག་ཡིན་སྐོར་འཁོད་འདུགགཞི་རྩའི་རྒྱ་ནག་གིས་ནང་དུ་ཁྲིམས་སྒྲིག་གི་ཁྱབ་ཁོངས་སུ་མི་གཏོགས་པའི་མི་མང་གང་བྱུང་བཀག་སྐྱིལ་བྱེད་ཀྱི་ཡོད་པ་དེ་ཡོངས་གྲགས་ལྟ་བུར་གྱུར་ཡོད་པ་མ་ཟད། བོད་མི་མང་པོ་ཞིག་ཕ་མ་དང་གཉེན་འབྲེལ་སོགས་ཀྱི་ཤེས་རྟོགས་གང་ཡང་མེད་པར་བཙན་ཁྲིད་བྱེད་བཞིན་པ་ནི་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དང་།  རྒྱ་ནག་གི་ནང་དུ་དོན་དངོས་དང་མཐུན་པའི་ཁྲིམས་རྩོད་ཀྱི་ཐོབ་ཐང་མེད་པས་བོད་མི་རྣམས་ཀྱི་གཙོ་བྱས་པའི་གྲངས་ཉུང་མི་རིགས་མང་པོ་ཞིག་གིས་རྒྱ་ནག་གི་བཙོན་ཁང་སྤྱི་དང་བཀག་སྐྱིལ་ཁང་འདྲ་མིན་གྱི་ནང་དུ་མནར་གཅོད་མྱོང་བཞིན་པ་རེད།

ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༢ འཁོར་བའི་དུས་ཆེན་སྲུང་བརྩི།

དེ་རིང་ཕྱི་ཟླ་ ༩ ཚེས་ ༢ ཉིན་མོ་འདི་ནི་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༢ འཁོར་བའི་དུས་ཆེན་ཡིན་པ་དང་བསྟུན་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཐེ་ཝན་དོན་གཅོད་ལས་ཁུངས། ཐེ་ཝན་བོད་རིགས་ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག་གྲོས་ཚོགས་ཀྱི་ཚོགས་ཁང་ནང་མང་གཙོ་དུས་ཆེན་སྲུང་བརྩི་ཞུས་འདུག་པ་དང་། དེ་ནི་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་མིའི་མང་གཙོ་དུས་ཆེན་སྲུང་བརྩི་ཞུས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། དེ་རིང་སྔ་དྲོ་ཚོུད་ ༩ ནས་ ༡༡༌༣༠ བར་ཐེ་ཝན་གྱི་གྲོས་ཚོགས་ཚོགས་ཁང་ནང་བོད་ཀྱི་རྒྱལ་དར་འཕྱར་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་མང་གཙོའི་གསར་བཞད་བླངས་ནས་བོད་མིའི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུས་འདུག་པ་དང་། མཛད་སྒོ་ཐོག་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་  Freddy Lim ལགས་དང་ཐེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་སོགས་ནས་གསུང་བཤད་གནང་འདུག་ལ།  ལྷག་པར་ད་རེས་ཀྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བརྙན་པར་བརྒྱུད་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཐེ་ཝན་གནས་སྡོད་བོད་མི་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་མིའི་མང་གཙོ་དུས་ཆེན་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིར་མང་གཙོ་མར་གསོལ་སྩལ་མཛད་པ་ཞིག་ཡིན་པ་སོགས་ངོ་སྤྲོད་གནང་ཡོད།   སྲིད་སྐྱོང་མཆོག་གིས་རང་ངོས་ནས་ཐེ་ཝན་མང་ཚོགས་ནས་རྒྱ་ནག་གི་འཇིགས་སྐུལ་སོགས་ལ་གདོང་ལེན་དང་རྒྱལ་ཁབ་སྲུང་སྐྱོབ་གནང་བར་གྲ་སྒྲིག་ཡོད་པའི་རེ་བ་ཡོད་པ་དང་སྒོས་ཐེ་ཝན་དང་ང་ཚོ་མང་གཙོའི་ལྟ་གྲུབ་ལ་ཤར་སྐྱོད་གནང་མཁན་གཅིག་མཚུངས་ཆགས་ཀྱི་ཡོད་སྟབས། ང་ཚོས་གཞན་གྱི་སྡིགས་ར་སོགས་ལ་མ་ལྟོས་པར་མང་གཙོའི་ལམ་ལུགས་ལ་མུ་མཐུད་ཤར་སྐྱོད་གནང་དགོས་པར་གསུངས་ཡོད།གཞི་རྩའི་བོད་མིའི་མང་གཙོ་དུས་ཆེན་མཛད་སྒོར་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་གདན་འདྲེན་ཞུས་འདུག་ཀྱང་ཐེ་ཝན་ནང་ད་ཆ་འོས་བསྡུའི་ལས་རིམ་འགྲོ་བཞིན་ཡོད་པར་བརྟེན་ཚོགས་གཙོ་མཆོག་ཕེབས་ཐུབ་མེད་པ་རེད། ཉེ་ལམ་ཐེ་པེའི་ནང་ཐེ་ཝན་གྱི་ཕྱི་སྲིད་ལས་ཁུངས་དང་མང་གཙོ་ཐེབས་རྩ། ཐེ་ཝན་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་ཐུན་མོང་གིས་གོ་སྒྲིག་གནང་སྟེ་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གླེང་སྟེགས་སྐབས་ ༢ ཐོག་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་ལྟ་གྲུབ་དགེ་རྒན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་རྣམ་གཉིས་ཚོགས་བཅར་ཞུས་ཏེ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་རྩ་མེད་ཇི་ལྟར་བཏང་བའི་སྲིད་བྱུས་དང་བོད་ནང་གི་ཛ་དྲག་གནས་སྟངས་ཁག་ངོ་སྤྲོད་ཞུས་ཡོད། ཚོགས་འདུ་དབུ་འབྱེད་སྐབས་སྐུ་མགྲོན་གཙོ་བོར་ཐེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ཚའེ་དབྱིང་ཝེན་མཆོག་གཙོས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཐེ་ཝན་ཕྱི་སྲིད་བློན་ཆེན། ཐེ་ཝན་མང་གཙོ་ཐེབས་རྩའི་ཚོགས་གཙོ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Nury Turkel མཆོག་བཅས་ལྷན་ཞུགས་གནང་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གླེང་སྟེགས་དེ་ནི་ཡོངས་གྲགས་མིན་པར་ནང་མོལ་ཚོགས་འདུ་ཞིག་ཆགས་ཀྱི་ཡོད་པ་དང་རྒྱལ་ཁབ་འདྲ་མིན་ཁག་ནས་འབྲེལ་ཡོད་ཚོགས་མི་བརྒྱ་ལྷག་གདན་ཞུ་གནང་ཡོད་སྐོར་བཀོད་འདུག

ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་བའི་སྙན་ཐོ་འདོན་སྤེལ།

ལྕམ་སྐུ་ Michelle Bachelet མཆོག་གིས་ཕྱི་ཚེས་ ༣༡ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གྱི་ལས་གནས་ནས་འཁྱུར་བར་དུས་ཡུན་སྐར་མ་ཁ་ཤས་ལས་མེད་པའི་མཚམས་སུ་ཡུ་གུར་མི་རིགས་གཙོས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་སྒེར་མང་པོས་ཡུན་རིང་པོར་ངང་སྒུག་གནང་བཞིན་པའི་ཤིན་ཅང་ནང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་ཡོད་པའི་ནང་རྒྱ་ནག་གཞུང་གི་ངོས་ནས་ཤིན་ཅང་ནང་ཡུ་གུར་གཙོ་བོར་གྱུར་པའི་ཁ་ཆེའི་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་ར་སྤྲོད་གནང་བ་དང་འབྲེལ། ཡུ་གུར་མི་རིགས་རྣམས་ཁྲིམས་མེད་ལུང་མེད་སྒོ་ནས་འཇིན་བཟུང་བཀག་ཉར་དང་ཁོང་རྣམ་པར་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ནི་འགྲོ་བ་མིའི་རིགས་ལ་རྒོད་རྡུང་གི་ནག་ཉེས་ཞིག་ཆགས་པར་འགྲེལ་བརྗོད་གནང་འདུག རྒྱལ་ཚོགས་ཀྱི་གཙོ་འཛིན་ཟུར་པ་ལྕམ་སྐུ་ Michelle Bachelet མཆོག་གིས་དེ་སྔ་རང་ཉིད་ཀྱི་ལས་གནས་ནས་མ་འཁྱུར་གོང་དུ་ཤིན་ཅང་གི་སྙན་ཐོ་འདོན་སྤེལ་གནང་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། ཉེ་ལམ་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་Geneva ནང་དུ་ཁོ་མོས་ཆེས་མཐའ་མའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག་རྒྱ་ནག་གཙོས་པའི་རྒྱལ་ཁབ་ ༤༠ ལྷག་གིས་ཁོང་ལ་ཕྱག་བྲིས་བརྒྱུད་ཤིན་ཅང་གི་སྙན་ཐོ་དེ་འདོན་སྤེལ་གནང་རྒྱུ་མེད་པའི་གནོན་ཤུགས་སྤྲད་ཡོད་སྐོར་གསུངས་ཡོད་པ་དེ་ལྟར་ཡང་། ཁོང་གིས་ཁ་སང་ཕྱི་ཚེས་ ༣༡ ཉིན་རྒྱ་ནག་གིས་གནོན་ཤུགས་རིམ་པ་སྤྲད་པར་ལྟོས་མེད་ཤོག་གྲངས་ ༤༨ ཅན་གྱི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་རེད། སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ཤིན་ཅང་ནང་འཇིགས་སྐུལ་རིང་ལུགས་དང་ཕྱོགས་ཞེན་རིང་ལུགས་དགོག་ཐབས་སོགས་ཀྱི་སྲིད་བྱུས་ཀྱི་མིང་བྱང་འོག་ཁུལ་དེར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཧ་ཅང་ཚབས་ཆེན་བཏང་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ་ཏེ་རྒྱ་ནག་གིས་ཡུ་གུར་མི་རིགས་རྣམས་ལ་སྡུག་སྦྱོང་མནར་གཅོད་དང་། བཀག་ཉར་ཁང་དུ་ཆེས་ཞེན་པའི་གནས་སྟངས་འོག་བཙན་དབང་གིས་སྨན་བཅོས་དང་། ཆགས་སྲེད་རྩུབ་སྤྲོད་སོགས་ཀྱི་ཉེས་འཛུགས་རིམ་པ་བྱས་ཡོད་ཁག་གཞི་རྩ་ཡོད་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག རྩ་བའི་ཁ་སང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཤིན་ཅང་གི་སྙན་ཐོ་འདོན་སྤེལ་གནང་བའི་རྗེས་སུ་རྒྱ་ནག་གིས་སྙན་ཐོ་དེ་ཁས་ལེན་བྱས་མེད་པར་མ་ཟད་ཤིན་ཅང་གི་སྙན་ཐོ་ལ་དགག་ལན་ཤོག་གྲངས་ ༡༣༡ ཅན་ཞིག་འདོན་སྤེལ་བྱས་ཡོད་པ་དང་ཆབས་ཅིག ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་དང་རྒྱ་ནག་ལ་ཁ་གཏད་བྱེད་མཁན་རྣམས་ནས་གནས་ཚུལ་རྫུན་མ་ནག་ཉེས་ཀྱི་ཚོད་དཔག་སོགས་ལ་གཞི་བཅོལ་པའི་ཟློས་གར་ཞིག་ཡིན་སྐོར་བཤད་འདུག དེ་བཞིན་རྒྱལ་ཚོགས་ནང་གི་རྒྱ་ནག་སྐུ་ཚབ་ Zhang Jun ཀྱིས་རྒྱལ་ཚོགས་ནས་རྒྱ་ནག་རྒྱལ་ནང་གི་གནས་ཚུལ་ལ་ཐེ་བྱུས་གནང་དབང་མེད་པ་དང་། དེ་ནི་ཆབ་སྲིད་ཀྱི་དགོས་མཁོ་དང་རྒྱ་ནག་གྱི་བརྟན་ལྷིང་། དེ་བཞིན་ཡར་རྒྱས་སོགས་དགོག་ཐབས་སླད་དུ་གཡོ་རྫུན་གྱི་བཏུམས་པའི་སྙན་ཐོ་ཞིག་ཡིན་སྐོར་བཤད་པར་མ་ཟད། རྒྱ་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་བར་སྣང་ཆུང་བྱས་པ་རེད་ཅེས་བཤད་འདུགཤིན་ཅང་གི་སྙན་ཐོ་དེ་དང་འབྲེལ་ནས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པས་ལྕམ་སྐུ་མཆོག་ནས་ཤིན་ཅང་གི་སྙན་ཐོ་འདོན་སྤེལ་གནང་རྗེས་ལས་གནས་ནས་འཁྱུར་བ་དེས་སྙན་ཐོའི་རིན་ཐང་ཇེ་ཆུང་དུ་སོང་ཡོད་པར་མ་ཟད་ལྕམ་སྐུ་མཆོག་ནས་ཤིན་ཅང་གི་གནད་དོན་དེ་བློས་བཏང་པ་རེད་ཅེས་གསུངས་འདུག འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པས་ཐེངས་འདིར་ཤིན་ཅང་གི་སྙན་ཐོ་འདོན་སྤེལ་གནང་བ་དེ་ཉིད་ཧ་ཅང་གནད་འགག་ཞིག་ཡིན་པར་གསུངས་འདུག ཚོགས་པའི་རྒྱལ་སྤྱིའི་ཞུ་གཏུག་ལྷན་ཁང་གི་གཙོ་འཛིན་གཞོན་པ་སྐུ་ཞབས་ John Fisher མཆོག་གིས་སྙན་ཐོ་བརྒྱུད་ནས་རྒྱ་ནག་གཞུང་གིས་དུས་ཡུན་རིང་པོ་ཞིག་ནས་ཤིན་ཅང་ནང་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པའི་གནས་སྟངས་དེར་ངོས་འཛིན་ཐོབ་པ་དེ་ལྟར་ཡང་། འབྱུང་འགྱུར་གྱི་རྒྱལ་ཚོགས་ནས་དེ་འབྲེལ་ནག་ཉེས་ཅན་ལ་ཆད་པ་གང་འདྲ་གཏང་མིན་ལ་གཟིགས་ཆོག་གི་རེད་ཅེས་གསུངས་འདུག

Latest news