Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་ཁྱབ་ཆེའི་ལེགས་བཅོས་གཏོང་དགོས་པའི་ཞུ་སྐུལ།

ཁ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་མི་ལོ་ ༧༥ འཁོར་བ་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་ཁྱབ་ཆེའི་ལེགས་བཅོས་གཏོང་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།འདི་ལོའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་གྱི་བསྐྱར་ཞིབ་དབུ་འཛུགས་དང་འབྲེལ།  ད་ཆ་འཚོགས་བཞིན་པའི་བསྐྱར་ཞིབ་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་སྒྲིག་གཞི་བཤིག་གི་ཡོད་པས་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ལ་ཕྱོགས་ཡོངས་ནས་ལེགས་བཅོས་བྱ་དགོས་ཞེས་པའི་སྙན་ཐོ་འདོན་སྤེལ་གནང་འདུག སྙན་ཐོའི་ནང་འབྲེལ་ཡོད་ལས་འཛིན་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། རྒྱ་ནག་དང་ཆ་འདྲ་བའི་རྒྱལ་ཁབ་གཞན་དག་གིས་དབང་འཛིན་བཀོད་ཁྱབ་དང་ཁེ་ཕན་སླད་གྲོས་ཆིངས་ཁག་གི་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་སུ་འབད་བཞིན་པ་གསལ་བོར་ཤེས་རྟོགས་གནང་བ་དང་། སོ་སོའི་ཆབ་སྲིད་ཀྱི་དམིགས་འདུན་ཁོ་ན་བསྒྲུབ་ཆེད་རྒྱལ་ཁབ་དེ་རིགས་ཀྱིས་མང་ཚོགས་ཀྱི་ཐོབ་ཐང་དང་དབང་ཆ་བཙན་འཕྲོག་བྱེད་བཞིན་པར་ཐུགས་སྣང་གནང་རོགས་ཞེས་གཞེན་སྐུལ་གནང་འདུག  ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་བསྐྱར་ཞིབ་སྐབས་སྐྱེ་བོ་ཡོད་དོ་ཅོག་གིས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་གི་ནུས་པ་ཤུགས་ཆེ་རུ་གཏོང་ཆེད་ཁྱབ་ཆེའི་ལེགས་བཅོས་གཏོང་དགོས་པ་དང་། སྲིད་གཞུང་གི་དགོས་དམིགས་གཙིགས་སུ་འཛིན་པའི་རྒྱལ་ཁབ་དག་ལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་ནུས་པ་ཤུགས་ཆེར་གཏོང་དུ་འཇུག་མི་རུང་བའི་འབོད་སྐུལ་གནང་འདུག སྙན་ཐོའི་ནང་ཁེ་དབང་འཕྲོག་རྩོད་སེལ་ཐབས། ཕྱི་གསལ་ནང་གསལ་གྱི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་གནང་ཐབས་སུ་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་མིས་ཕྱོགས་རིས་མེད་པ་དང་། ཕྱི་གསལ་ནང་གསལ་གྱི་དངོས་ཡོད་གནས་སྟངས་སྙན་སེང་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་མངོན་གསལ་གནང་འདུག རྒྱ་གཞུང་དེ་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ལས་འཛིན་ཁག་ ༡༠ ཁོངས་ནས་ ༦ ནང་འཛུལ་ཞུགས་ཀྱིས་ཡང་ནས་ཡང་དུ་ཆིངས་ཡིག་ཁག་ཏུ་གསལ་བའི་འགན་འཁྲི་ཁག་བརྩི་མེད་བཏང་བར་མ་ཟད། དུས་ཐོག་ཏུ་ལས་དོན་སྙན་སྒྲོན་ཞུ་ཡི་མེད་པ། ལྷག་པར་རྒྱ་གཞུང་གི་སྐུ་ཚབ་ཚོས་རྣམ་ཀུན་ནས་ཚུལ་མིན་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ་དང་། སྐབས་རེ་ཆིངས་ཡིག་ལས་འཛིན་བསྐྱར་ཞིབ་སྐབས་འཇིགས་སྐུལ་ཡང་གཏོང་གི་ཡོད་པ་དང་ཆབས་ཅིག རྒྱ་གཞུང་གིས་སྤྱི་ཆིངས་ཁག་རྩིས་མེད་བཏང་བའི་ཐད་ཀྱི་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྐུལ་འདེབས་ཁག་མུ་མཐུད་སྣང་མེད་དུ་སྐྱུར་དུ་ཡོད་པ་འཁོད་འདུག ད་ཆ་རྒྱལ་ཁབ་ཁག་ཅིག་གིས་ཆབ་སྲིད་ཀྱི་དགོས་དམིགས་དང་སྦྲགས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོག་ཀྱི་སྒྲིག་འཛུགས་ལ་བསྒྱུར་བཅོས་གཏོང་ཐབས་བྱེད་བཞིན་པའི་ཁྲོད་རྒྱ་གཞུང་ནི་རྒྱལ་ཁབ་དེ་དག་གྲས་ཀྱི་དཔེ་མཚོན་ཞིག་ཆགས་ཡོད་པས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་བསྐྱར་ཞིབ་སྐབས་སྤྱི་ཆིངས་ལག་བསྟར་དང་དཔྱད་ཞིབ་ལ་དོ་སྣང་མང་བ་གནང་དགོས་པ། འབྲེལ་ཡོད་ལས་འཛིན་པས་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་ཕྱོགས་ཙམ་མིན་པར་སྐྱེ་བོ་ཡོངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་ཐོག་དམིགས་འདུན་མངོན་འགྱུར་ཡོང་ཐབས་ཀྱི་ནུས་པར་འཕོ་འགྱུར་གནང་དགོས་པ་འཁོད་འདུག སྙན་ཐོ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ནས་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་སྣང་མེད་སྐྱུར་འཇུག་བཞིན་པའི་གནས་སྟངས་མངོན་གསལ་དང་འབྲེལ།  རྒྱལ་ཚོགས་ནི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་ཁག་ནང་གསལ་ཡོངས་ཁྱབ་ཀྱི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཞིག་ཆགས་ཀྱི་ཡོད་སྟབས། འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་འཇིགས་སྐུལ་ཐེབས་ཚེ་རང་གཞན་ཚང་མར་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་དེ་བཞིན་ཉེན་ཁར་ཚུད་ཡོད་པ་གསུངས་འདུག གཞི་རྩའི་རྒྱ་གཞུང་གིས་དུས་རྟག་ཏུ་རྒྱལ་སྤྱིའི་ཁྲོད་ཆབ་སྲིད་ཀྱི་དགོས་དམིགས་སོགས་ལ་དམིགས་ནས་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བ་དང་། ལྷག་པར་དུ་རྒྱལ་ཚོགས་ཀྱི་ལས་རིམ་ཁག་གི་ཐོག་རྒྱ་ནག་ལ་ཁ་གཏད་གནང་མཁན་ཚོར་འགོག་རྐྱེན་བཟོ་རྒྱུ་སོགས་ཀྱི་བྱ་སྤྱོད་སྣ་མང་སྤེལ་གྱི་ཡོད་པ་རེད། རྒྱ་ནག་གིས་བོད་མི་གཙོས་ཡུ་གུར་ཁ་ཆེའི་མི་རིགས་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནད་དོན་ཐད་རྒྱལ་སྤྱིའི་ཁྲོད་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་ཡོད་པ་དེ་ལྟར་ཡང་། ཉེ་ལམ་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་སླར་ཡང་འདེམས་ཐོན་བྱུང་ཡོད་པ་རེད།

བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ།

རྒྱ་ནག་གི་བཙོན་ཁང་ནང་དུ་བཙོན་འཇུག་ཀྱི་དུས་ཡུན་རིང་ཤོས་བཞུགས་མྱོང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྒྱལ་གཅེས་པ་དམ་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་སྐུ་ཕུང་དེ་རིང་སྔ་དྲོ་སུད་སིའི་ས་གནས་Winterthur ལ་ཞུགས་འབུལ་གནང་ཡོད་པ་རེད།ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་བཟང་པོ་ལགས་དགུང་ལོ་ ༩༡ ཐོག་སུད་སིའི་ས་གནས་ Turbenthal ཡོད་པའི་རྒས་གསོ་ཁང་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་། དེ་རིང་སྔ་དྲོ་རྒྱལ་གཅེས་པ་དམ་པོ་ཁོང་གི་སྐུ་ཕུང་ཞུགས་འབུལ་གནང་ཐོག་རི་དགོན་ཆོས་འཁོར་གླིང་གི་མཁན་རིན་པོ་ཆེs་དབུས་པའི་དགེ་འདུན་པ་རྣམ་པ་གཙོ་བཞུགས་ཐོག སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིན་འཛིན་ལགས་དང་ཡོ་རོབ་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས། སུད་སི་དང་ལིག་ཏེན་སིཊཡན་བོད་མི་མང་གི་ཚོགས་གཙོ་རྒྱུན་ལས་རྣམ་པ། དེ་བཞིན་ཡོ་རོབ་གཞོན་ནུ་མཐུན་ཚོགས་དང་ས་གནས་བེུད་ལྷན་ཚོགས། སུད་བོད་མཛའ་འབྲེལ་ཚོགས་པ་བཅས་ཀྱི་སྐུ་ཚབ་རྣམས། ས་གནས་སུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་སེར་སྐྱ་མང་ཚོགས་སོགས་ལྷན་འཛོམས་ཀྱིས་མར་ཆོད་འབུལ་དང་ཞི་ཞིང་འདུལ་བའི་བསྔོ་སྨོན་གསུང་འདོན་གནང་ཡོད་པ་རེད། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཆེ་མེད་རིན་འཛིན་ལགས་དང་རྒྱལ་གཅེས་སྟག་སྣ་འཇིགས་མེད་བཟང་པོ་ལགས་དམ་དེ་ཉིད་དང་ལྷན་དུ་དེ་སྔ་རྒྱའི་གཞུང་བཙོན་ཁང་ནང་བཙོན་འཇུག་མྱངས་མྱོང་ཡོད་པ་སུད་སིར་གནས་བཞུགས་ཆབ་སྲིད་བཙོན་ཟུར་བསོད་ནམས་རྡོ་རྗེ་ལགས་ཀྱིས་རྒྱལ་གཅེས་པ་དམ་པ་ཁོང་གིས་ད་བར་བོད་བསྟན་སྲིད་མི་རིགས་དང་བཅས་པའི་སླད་དུ་སྐུ་ལས་བསྐྱོན་པའི་མཛད་རྗེས་ལ་དྲན་གསོ་དང་བློས་བཏང་ལ་ཆེ་བསྟོད་ཀྱི་གསུང་བཤད་གནང་བར་མ་ཟད། དེ་བཞིན་སེར་སྐྱ་མང་ཚོགས་ནས་རིམ་པས་བོད་ཀྱི་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཐུམ་པའི་རྒྱལ་གཅེས་པ་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ཐོག་མྱ་ངན་གུས་འདུད་ཀྱི་མཇལ་དར་སྒྲོན་ཏེ་དམ་པ་ཁོང་ལ་མཐའ་མའི་ཞལ་གྱེས་ཞུས་ཡོད་པ་རེད།རྩ་བའི་སྟག་སྣ་འཇིགས་མེད་བཟང་པོ་ལགས་དམ་པ་དེ་ཉིད་ནི་ཕྱི་ལོ་ ༡༩༢༩ ནང་ལྷ་སའི་ནུབ་ཕྱོགས་ཆུ་ཤུལ་རྫོང་ཁོངས་རྟ་དཀར་གཞིས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ཁོང་ནས་ ༡༩༦༤ ལོར་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་རྒྱ་མིས་སྐྱོན་བརྗོད་བྱས་པའི་ལས་འགུལ་མོས་མཐུན་མ་བྱས་སྟབས་༸པཎ་ཆེན་རིན་པོ་ཆེའི་ཕྱོགས་གཏོགས་སུ་ངོས་འཛིན་ཏེ་ཕྱི་ལོ་ ༡༩༦༥ ལོར་ཐོག་མར་གྲྭ་བཞི་བཙོན་ཁང་དང་། དེ་ནས་གསང་ཡིབ་བཙོན་ཁང་དུ་བསྐྱལ་བས་བཙོན་འཇུག་ལོ་གསུམ་བྱས། སླར་ཕྱི་ལོ་ ༡༩༧༠ ལོར་གསར་བརྗེའི་ངོ་ལོག་པར་རྒྱབ་སྐྱོར་བྱེད་མཁན་གྱི་ཉེས་མིང་འོག་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་ལོ་བཅུ་ལ་བྱས་པ་དང་། དེ་ནས་ཕྱི་ལོ་ ༡༩༨༣ ལོར་ལྷ་སར་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་བར་བརྟེན་ཡང་བསྐྱར་ཐེངས་གསུམ་པ་འཛིན་བཟུང་བྱུང་སྟེ་དུས་བཀག་བཙོན་འཇུག་ལོ་བཅོ་ལྔ་བཟོས་པར་མ་ཟད་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་ཁྲོད་བོད་རང་བཙན་གྱི་སྐད་འབོད་བྱས་པའི་རྐྱེན་གྱིས་བཙོན་འཇུག་ཉེས་ཆད་ལོ་ལྔ་སྤར་བ་སོགས་ཀྱི་འཛིན་བཟུང་རིམ་པའི་ཁྲོད་དུ་ཁོང་མི་ལོ་ཧྲིལ་པོ་ ༣༧ ལྷག་ལ་རྒྱ་ནག་གི་བཙོན་ཁང་དུ་བཞུགས་མྱོང་ཡོད་པ་རེད། ཕྱི་ལོ་ ༢༠༠༢ ལོར་སྨན་བཅོས་སླད་ཨ་རིར་ཕེབས་ཐུབ་པ་བྱུང་བ་དང་རྗེས་སུ་རིམ་པས་སུད་སིར་གནས་སྤོས་གནང་སྟེ་གནས་བཞུགས་གནང་ཡོད་པ་རེད། ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སྟག་སྣ་འཇིགས་མེད་བཟང་པོ་ལགས་དམ་པ་ཁོང་དགུང་ལོ་ ༩༡ ཐོག་སུད་སིའི་ས་གནས་ Turbenthal ཞེས་པའི་རྒས་གསོ་ཁང་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད།

ཨ་རི་ནང་གི་རྒྱའི་གསར་ཁང་དྲུག་ལ་ཕྱིའི་རྒྱལ་ཁབ་ཀྱི་གཞུང་ཚབ་ལས་ཁང་དང་གཅིག་མཚུངས་ངོས་འཛིན་གནང་གི་ཡོད་པ།

ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo  མཆོག་གིས་གསར་འགོད་ལྷན་ཚོགས་ཐོག་ཨ་རི་ནང་རྒྱ་ནག་གི་གསར་ཁང་དྲུག་གི་མིང་ཐེར་འདོན་གནང་སྟེ་དེ་དག་ནི་ཕྱིའི་རྒྱལ་ཁབ་ཀྱི་གཞུང་ཚབ་ལས་ཁང་དང་གཅིག་མཚུངས་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་འདུགཁ་སང་ Reuters གསར་ཁང་གིས་གནས་ཚུལ་སྤེལ་བར་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Pompeo མཆོག་གིས་ཨ་རི་ནང་ཡོད་པའི་རྒྱ་ནག་གི་གསར་ཁང་ Social Sciences in China Press གསར་ཁང་དང་ the Beijing Review དེ་བཞིན་ the Economic Daily དང་ Yicai Global དེ་མཚུངས་ Jiefang Daily དང་  the Xinmin Evening News  བཅས་གསར་ཁང་དྲུག་གི་མིང་ཐེར་འདོན་གནང་ནས་དེ་དག་ནི་ཕྱིའི་རྒྱལ་ཁབ་ཀྱི་གཞུང་ཚབ་ལས་ཁང་དང་གཅིག་མཚུངས་ ལ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་པ་དང་འབྲེལ། ཉེ་བའི་རེས་གཟའ་པ་སངས་ཉིན་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་དང་ལྷན་དུ་རྒྱ་ནག་དང་འབྲེལ་བའི་གྲོས་མོལ་གནང་རྒྱུ་དང་རེས་གཟའ་ཉི་མ་ནས་རྒྱ་གར་གཙོས་ཤྲི་ལངྒ་དང་ Maldives དེ་བཞིན་ཨིན་ཌོ་ནེ་ཤ་ཡ་བཅས་སུ་འཚམས་གཟིགས་ཕེབས་རྒྱུ་མ་ཟད་སྐབས་དེར་རང་དབང་ཅན་གྱི་རྒྱལ་ཁབ་དེ་དག་དང་མཉམ་དུ་རྒྱ་ནག་ལ་གདོང་ལེན་གནང་ཕྱོགས་ཀྱི་བཀའ་བསྡུར་གནང་རྒྱུ་ཡིན་པ་གསུངས་འདུག སྐབས་དེར་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་གསར་ཁང་དྲུག་གི་མིང་ཆེད་འདོན་གནང་དོན་ནི་གསར་འགྱུར་སྤེལ་ཕྱོགས་ཐད་ལ་དམ་བསྒྲགས་གནང་ཆེད་དུ་མིན་པར་ཨ་རིའི་མི་སེར་གྱིས་ཨ་རི་ནང་དུ་རང་དབང་གི་སྒོ་ནས་གསར་འགྱུར་སྤེལ་བ་དང་རྒྱ་ནག་གཞུང་གིས་རྫུན་གཏམ་དྲིལ་བསྒྲགས་བྱས་པའི་ཕྱོགས་གཉིས་ཀྱི་ཁྱད་པར་དབྱེ་ཐུབ་རྒྱུ་དང་། རྒྱ་ནག་གཞུང་གིས་ཨ་རི་ནང་ཐེ་བྱུས་བྱ་རྒྱུ་མང་དྲག་པར་གདོང་ལེན་གནང་རྒྱུར་དམིགས་པ་ཞིག་ཡིན་པར་གསུངས་འདུགའོན་ཀྱང་རྒྱ་ནག་གཞུང་གིས་གཉེར་བའི་ Global Times ཚགས་ཤོག་ལས་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ HU ཟེར་བས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་གསུང་བབ་ལ་རྒོལ་ལེན་དང་སྦྲགས། ཨ་རི་གཞུང་གིས་རྒྱ་ནག་གཞུང་ལ་ལྡང་ཟུག་ཧ་ཅང་མང་དྲག་པས་རྒྱ་ནག་གཞུང་གིས་དེར་རྒོལ་ལེན་སློག་ངེས་ཡིན་སྐོར་བརྗོད་པ་དང་འབྲེལ། རྒྱ་ནག་གི་གསར་ཁང་ཁག་ལ་ དུས་ནམ་ཞིག་གི་བར་དུ་དཀའ་ངལ་འཕྲད་པ་དེ་ལྟར་རྒྱ་གཞུང་གིས་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གསར་ཁང་ཁག་ལ་དེ་མཚུངས་ངལ་བ་འཕྲད་བཅུག་གི་རེད་ཅེས་བརྗོད་འདུག རྩ་བའི་ཨ་རིའི་སྲིད་གཞུང་གིས་རྒྱ་གཞུང་ལ་གདོང་ལེན་གནང་ཕྱོགས་དང་འབྲེལ་ནས་ད་བར་ཨ་རིར་ཡོད་པའི་རྒྱ་ནག་གཞུང་གིས་གཉེར་བཞིན་པ་དང་རྒྱ་ནག་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་བྱེད་མཁན་གྱི་གསར་ཁང་ཁག་ ༡༥ ཙམ་གྱི་མིང་ཐེར་འདོན་གནང་སྟེ་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལས་དོན་སྤེལ་མཁན་ཡིན་པར་ངོས་འཛིན་གནང་ཡོད་པརེད།

རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་སྡེབ་གསོད་བྱེད་ཀྱི་ཡོད་པ་མངོན་གསལ།

ཁེ་ན་ཌའི་གྲོས་ཚོགས་འོག་མའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་Xinjiang རང་སྐྱོང་ས་ཁུལ་ནང་གི་ཡུ་གུར་དང་གཞན་ཁ་ཆེའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཉན་ཞིབ་རིམ་པ་གནང་བའི་སྙན་ཐོ་དང་སྦྲགས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། རྒྱ་ནག་གཞུང་གི་Xinjiang ནང་དུ་ཡུ་གུར་མི་རིགས་སྡེབ་གསོད་བྱེད་ཀྱི་ཡོད་པར་ངོས་འཛིན་དང་འབྲེལ། ཁེ་ན་ཌ་གཞུང་གི་ངོས་ནས་ཤིན་ཅང་ནང་དུ་མི་རིགས་སྡེབ་གསོད་གྱི་བྱ་སྤྱོད་སྤེལ་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ལ་ཉེས་ཆེད་འགེལ་དགོས་པ་གསུངས་འདུག

སྨན་གྱི་ཚུད་རྒྱུགས་ཁྲོད་གྲུབ་འབྲས་རྩེར་སོན་གྱི་བོད་རིགས་སློབ་མ་གཉིས།

ཕྱི་ལོ་ ༢༠༢༠ ལོའི་ Neet འམ་རྒྱ་གར་རྒྱལ་ཡོངས་སྨན་པའི་ཚུད་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་དོན་བཞིན་། བཙན་བློལ་བོད་མིའི་སྤྱི་ཚོགས་ཁྲོད་ཐེངས་དང་པོར་ཚུད་རྒྱུགས་དེའི་ནང་སེ་ལ་ཀུ་བོད་ཁྱིམ་གྱི་སློབ་ཟུར་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་བརྒྱ་ཆ་ ༧༢༠ ནས་ ༥༤༡ དང་། མ་སུ་རི་བོད་ཁྱིམ་ནས་འདི་ལོའི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་ཀུན་དགའ་ལེགས་བྱུང་ལགས་ཀྱིས་བརྒྱ་ཆ་ ༥༠༣ ལོན་ཡོད་པ་ལྟར། འདི་ག་རླུང་འཕྲིན་ཁང་གིས་ཁོང་རྣམ་གཉིས་ལ་རང་ཉིད་ཀྱི་མྱོང་ཚོར་དང་འབྲེལ་ནས་སློབ་སྦྱོང་གནང་ཕྱོགས་ཀྱི་ཐད་ལ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་ཡོད།

ཧོང་ཀོང་གི་ལས་འགུལ་བ་བཅིུས་གློད་བཀྲོལ་དགོས་པའི་ཞུ་གཏུག

བོད་མིས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་འདྲ་མིན་བརྒྱ་ཙམ་གྱིས་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༣ ཉིན་ཧོང་ཀོང་ནས་བྲོས་བྱོལ་དུ་ཕེབས་མཁན་ཁུལ་དེའི་ལས་འགུལ་བ་ ༡༢ འཛིན་བཟུང་གིས་ད་བར་རྒྱ་ནག་སྐམ་སའི་ནང་བཀག་སྐྱིལ་བྱེད་བཞིན་པའི་གནད་དོན་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་འབྲེལ། ཁོང་རྣམ་པ་འཕྲལ་དུ་གློད་བཀྲོལ་དགོས་པའི་ཞུ་གཏུག་གནང་བཞིན་འདུགརྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གིས་གནས་ཚུལ་སྤེལ་བར་རང་ལོ་ ༡༦ ནས་ ༣༠ བར་གྱི་ལས་འགུལ་བ་ཤ་སྟག་ཡིན་པའི་ཧོང་ཀོང་གི་མི་སྣ་ ༡༢ པོ་དེ་དག་འདས་པའི་ཉིན་གྲངས་ ༥༠ ལྷག་ཙམ་གྱི་རིང་ལ་རང་ཉིད་ཀྱི་ནང་མི་དང་ཁྲིམས་རྩོད་པ་སོགས་ཕྱི་མི་སུ་འདྲ་ཞིག་དང་འབྲེལ་བ་གནང་མ་བཅུག་པར་བཀག་ཉར་བྱས་ཡོད་པ་དང་། རྒྱ་གཞུང་གིས་ཐོག་མར་ཁོང་རྣམ་པ་ཁྲིམས་འགལ་གྱི་ས་མཚམས་འགལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་དང་། ནག་ཉེས་དེའི་རིགས་རྒྱུན་དུ་ལོ་གཉིས་ཙམ་གྱི་བཙོན་འཇུག་ཉེས་ཆད་སྐྱེལ་སྲོལ་ཡོད་ཀྱང་། ཉེ་ལམ་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཁོ་ཚོར་ཁ་བྲལ་བའི་ཉེས་མིང་སྐྱེལ་རྗེས་ད་ཆ་ཁོང་རྣམ་པར་རྒྱལ་ཁབ་ཀྱི་བདེ་འཇགས་དཀྲུགས་པ་སོགས་ཀྱི་ཉེན་ཚབས་ཅན་གྱི་ཉེས་མིང་འོག་ཚེ་བཙོན་དང་ཐ་ན་སྲོག་ཁྲིམས་ཡང་སྐྱེལ་རྒྱུའི་ཉེན་ཁ་ཡོད་པར་འགྲེལ་བརྗོད་གནང་འདུགཧོང་ཀོང་གི་ལས་འགུལ་བ་ ༡༢ པོ་དེ་དག་གི་ནང་མི་རྣམས་ནས་ཉེ་ལམ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་ཀྱིས་ཧོང་ཀོང་གི་སྤྱི་ཁྱབ་པ་མཆོག་ནས་གནད་དོན་དེའི་ཐོག་ཐུགས་ཁུར་བཞེས་དགོས་པའི་འབོད་སྐུལ་ཞུས་པར་མ་ཟད། ནང་མི་རྣམས་ཀྱིས་ཆེད་མངགས་རྒྱ་རིགས་ཁྲིམས་རྩོད་པ་བཞི་གླ་གཡར་གནང་བ་དང་འབྲེལ། ཁྲིམས་རྩོད་པ་དེ་དག་ནས་རྒྱ་ནག་སྐམ་སའི་ནང་བཀག་སྐྱིལ་བྱེད་བཞིན་པའི་ལས་འགུལ་བ་རྣམས་དང་ཐུག་འཕྲད་གནང་ཐབས་གནང་ཡོད་ཀྱང། རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོས་ཁོང་རྣམ་པའི་ཆེད་ཁྲིམས་རྩོད་པ་གླ་གཡར་ཟིན་པར་འགྲེལ་བརྗོད་དང་འབྲེལ་བྱས་ནས་ཐུག་འཕྲད་གནང་བཅུག་མེད་པའི་ཁྲོད་ད་ཆ་ཧོང་ཀོང་གི་ལས་འགུལ་བ་དེ་དག་ལ་དྲང་བདེན་གྱི་ཁྲིམས་བཤེར་གནང་དཀར་བར་བློ་འཚབ་གནང་བཞིན་འདུགབོད་མི་དང་བོད་དོན་རྒྱབ་སྐྱོར་བ་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་བརྒྱ་སྐོར་ཙམ་གྱིས་དེ་རིང་མཉམ་འབྲེལ་ཐོག་ཧོང་ཀང་གི་ལས་འགུལ་བ་བཅིུས་པོ་དེ་དག་གི་ཕྱིར་རྒྱ་ནག་གཞུང་ལ་ཞུ་གཏུག་གིས་ཁོང་རྣམ་པ་འཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་ཆེད་འདོན་གནང་བ་དང་སྦྲགས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་ལ་གནད་དོན་དེའི་ཐོག་གནོན་ཤུགས་འཕར་མ་སྤྲོད་དགོས་པ་དང་དོན་དམ་གྱི་ལག་བསྟར་གྱི་ཐོག་ནས་ཧོང་ཀོང་མང་ཚོགས་ཀྱི་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་མངོན་གསལ་ཡོང་བ་གནང་དགོས་པའི་འབོད་སྐུལ་ཞུས་འདུགཚོགས་སྡེ་ཁག་དེ་དག་གིས་ད་རེས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ལས་འགུལ་བ་ ༡༢ འཛིན་བཟུང་དང་འབྲེལ། ཁོང་རྣམ་པ་རྒྱ་ནག་སྐམ་སའི་ནང་ཁྲིམས་འགལ་གྱི་སྒོ་ནས་དོ་དམ་བཀག་སྐྱིལ་བྱེད་བཞིན་པ་དེས་ཧོང་ཀོང་མང་ཚོགས་ཀྱི་འགྲོ་བ་མིིའི་ཐོབ་ཐང་གི་གནས་བབ་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྣམ་པ་གསལ་པོཆགས་ཡོད་སྐོར་གསུངས་པ་དང་འབྲེལ། ཧོང་ཀོང་གི་མང་ཚོགས་ནས་གནས་སྟངས་དེར་བལྟོས་མེད་རྒྱ་གཞུང་ལ་ཞི་བའི་སྒོ་ནས་མུ་མཐུད་གདོང་ལེན་གནང་སྟེ་རང་ཉིད་ཀྱི་གཞི་རྩའི་ཐོབ་ཐང་དང་རང་དབང་རྩོད་བཞིན་པར་བསྔགས་བརྗོད་དང་གདུང་སེམས་མཉམ་བསྐྱེད་གནང་འདུགགཞི་རྩའི་ཞུ་གཏུག་གི་ལས་འགུལ་དེའི་ཐོག་ཨོ་སི་ཊོ་ལི་ཡ་དང་ཁེ་ན་ཌ། ཨ་རི། མེཀ་སི་ཀོ། བྷར་ཛིལ། ཌེན་མག ནོར་ཝེ། སུད་ཌེན།  ཨོ་སི་ཀྲི་ཡ། དེ་བཞིན་ཉི་ཧོང་སོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་ཚོགས་པ་སོགས་ནས་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་ཡོད་པ་དང་། དེའི་ཐོག་ཧོང་ཀོང་དང་ཤིན་ཅང། ཐེ་ཝན་སོགས་ཀྱི་རང་དབང་རྩོད་ལེན་པ་རྣམས། དེ་བཞིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་གོང་འཕེལ་གྱི་ལས་འགུལ་ཚོགས་པ་མང་དག་ཅིག་ནས་མཉམ་ཞུགས་གནང་འདུག

ཤིན་ཅང་ཁུལ་དུ་རྟོག་ཞིབ་ལ་སྔ་རྗེས་བར་གསུམ་དུ་རྗེས་འདེད།

ནི་ཐར་ལན་ཌིའི་ NOS ཞེས་པའི་གསར་ཁང་གི་གསར་འགོད་པ་སྐུ་ཞབས་ Sjoerd den Daas ལགས་ཀྱིས་ཉེ་ལམ་ཕྱག་རོགས་པར་ལེན་པ་ཞིག་དང་ལྷན་དུ་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་ཤིན་ཅང་གི་ Urumqi ཁུལ་དུ་ས་གནས་ས་ཐོག་གི་གནས་སྟངས་རྒྱུས་ལོན་ཆེད་བསྐྱོད་སྐབས་རྒྱ་ནག་གི་ཉེན་རྟོག་པ་དང་གསང་མྱུལ་བས་ཁོ་ཚོར་སྔ་རྗེས་བར་གསུམ་དུ་རྗེས་འདེད་ཀྱིས་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་མངོན་གསལ་གནང་འདུག ཁོང་གིས་ NOS གསར་ལམ་ཐོག་བརྙན་པར་དང་བཅས་ཤིན་ཅང་ནང་གི་སྐོར་བསྐྱོད་དེའི་སྐོར་གྱི་མྱོང་བ་ཞིབ་ཕྲ་ཞིག་བཀོད་ཡོད་པའི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཀྱིས་གསར་འགོད་པ་རྣམས་ལ་གཞི་རྩ་མེད་པའི་འཆལ་གཏམ་རིགས་ལ་གཞི་བཅོལ་རྒྱུ་མེད་པར་ཤིན་ཅང་དུ་དངོས་སུ་ཆེད་ཕེབས་ཀྱིས་ཕྱོགས་ལྷུང་མེད་པར་གནས་ཚུལ་རྒྱུས་ལོན་བྱེད་དགོས་པའི་ལམ་སྟོན་བཞིན་ཁོང་ཉེ་ལམ་ཤིན་ཅང་ཁུལ་དུ་བསྐྱོད་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། སྤྱིར་རྒྱ་ནག་གིས་དུས་རྒྱུན་ནས་ཤིན་ཅང་ནང་ཡུ་གུར་མང་ཚོགས་ལ་དྲག་གནོན་བྱེད་ཀྱི་ཡོད་པར་ཁས་ལེན་བྱེད་ཀྱི་མེད་ཀྱང་། ཁོང་རང་ཉིད་ཤིན་ཅང་དུ་ལྟ་སྐོར་ལ་འགྲོ་སྐབས་རྒྱ་ནག་སྲིད་གཞུང་གིས་ཆེད་དུ་ཁོང་གི་རྒྱབ་ཏུ་གསང་ཉུལ་བ་མངགས་གཏོང་བྱས་ཏེ་རྗེས་འདེད་བཏང་བར་མ་ཟད་ཤིན་ཅང་ནང་དུ་པར་རྒྱག་པ་དང་བརྙན་ལེན་པ་སོགས་བྱེད་རྒྱུར་ཡང་དམ་བསྒྲགས་ཆེན་པོ་བྱས་ཡོད་པ་ཡོངས་གྲགས་གནང་ཡོད། ཁོང་གིས་ཐེངས་འདིའི་སྐོར་སྐྱོད་བརྒྱུད་ནས་ཡུ་གུར་མི་མང་སྟོང་ཕྲག་མང་པོ་རྒྱ་ནག་གིས་བཀག་སྐྱིལ་ཁང་དུ་བཅུག་ནས་ངལ་རྩོལ་བྱེད་དུ་འཇུག་བཞིན་པ་མ་ཟད། ཁ་ཆེ་མི་མང་གི་དད་རྟེན་གྱི་ལྷ་ཁང་མང་པོ་གཙང་བཟོ་བྱས་ཡོད་པ་དང་། ཤུལ་དུ་ལྷག་པའི་ལྷ་ཁང་འགའ་ཤས་རྒྱ་ནག་རང་གི་ངོ་བོར་བསྒྱུར་བཀོད་བྱས་ཡོད་པ་ལུང་འདྲེན་གྱིས་ཁོང་གིས་ཉིན་བཞིའི་རིང་ལ་ལྷ་ཁང་དུ་ཁ་ཆེ་བས་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་གནང་བཞིན་པ་གཅིག་ཀྱང་མཐོང་མ་སོང་ཞེས་གསལ་པོར་བཀོད་འདུག ཁོང་དང་ཁོང་གི་ལས་རོགས་གཉིས་ཀྱིས་ཤིན་ཅང་ཁུལ་དུ་དྲྭ་ཐོག་གི་གླ་འཁོར་གླས་ནས་ཕྱིར་སྐྱོད་སྐབས་རྒྱ་ནག་གི་གོང་རིམ་དཔོན་རིགས་ཀྱིས་གླ་འཁོར་ཁ་ལོ་བར་ཁ་པར་བཏང་ནས་ཁོང་གཉིས་ལམ་བར་དུ་རླངས་འཁོར་ལས་འབབ་དུ་མ་འཇུག་ཅེས་འཇིགས་སྐུལ་བྱས་པ་ཁ་པར་ལས་ཐོས་ཡོད་པ་མ་ཟད། གྲོང་ཁྱེར་དུ་སྐྱོད་སྐབས་རྒྱ་ནག་གི་དཔོན་རིགས་ཀྱི་འཇིགས་སྐུལ་འོག་གླ་འཁོར་ཁ་ལོ་བས་ཁོང་གཉིས་འགྲོ་སའི་ས་ཚུགས་སུ་མི་ཁྲིད་རྒྱུའི་ཆེད་དུ་ལམ་བར་དུ་རླངས་འཁོར་ལ་ཆག་སྐྱོན་བྱུང་ཡོད་མདོག་གིས་ཆུ་ཚོད་འཕྲོ་བརླག་ཏུ་བཏང་བ་སོགས་ཀྱི་གནད་དོན་ཡང་རིམ་པ་བྱུང་ཡོད་ལུགས་ངོ་སྤྲོད་གནང་འདུག མགྲོན་ཁང་དུ་བཞུགས་པའི་སྐབས་སུའང་གསང་བའི་མི་སྣས་ལྟ་སྲུང་ནན་པོ་བྱས་པ་དང་། ལྷག་པར་ Kuqa ཞེས་པའི་ས་གནས་སུ་གསར་རྒྱག་བྱས་པའི་བཀག་ཉར་ཁང་ཕྱོགས་སུ་བསྐྱོད་སྐབས་རྒྱ་ནག་གི་གསང་ཉུལ་བས་དངངས་སྐྲག་ཆེན་པོའི་ཐོག་གཡས་གཡོན་གཉིས་ཀ་ནས་རྗེས་འདེད་མྱུར་དུ་བཏང་ཡོད་པ་མངོན་གསལ་གནང་འདུག ཕྱོགས་མཚུངས་ས་ཚུགས་གང་དུ་སླེབས་ཀྱང་རྒྱ་ནག་གི་ཧན་མི་རིགས་དང་ལྷན་སྐད་ཆ་ཤོད་རྒྱུར་དཀའ་ངལ་རྩ་བ་ནས་འཕྲད་མེད་ཀྱང་། ཉེ་འཁོར་གྱི་ཁ་ཆེ་མི་རིགས་རྣམས་ལ་ཁོང་གཉིས་དང་ལྷན་དུ་གླེང་མོལ་བྱས་མི་ཆོག་པའི་འཇིགས་སྐུལ་བྱས་ཡོད་པར་བརྟེན་ཁ་ཆེ་མི་རིགས་སུ་ཞིག་གིས་ཀྱང་ཕྱི་ལོག་གི་མི་ཞིག་ལ་ལས་སླ་བོའི་སྒང་ནས་སྐད་ཆ་མི་བཤད་པར་འགྲེལ་བརྗོད་ཀྱིས་གཅིག་བྱས་ན་རྒྱ་ནག་གི་བཙན་གནོན་འོག་ནས་ཁོང་ཅག་གི་ནང་མི་རྣམས་རྩ་བརླགས་སུ་སོང་བའམ་ཡང་ན་ཡུན་རིང་བཀག་སྐྱིལ་བྱས་ཡོད་པར་དོགས་པ་ཡོད་ལུགས་ཀྱང་འཁོད་འདུག གཞི་རྩའི་རྒྱ་ནག་གིས་ཕྱི་ལོག་གང་སར་ཤིན་ཅང་གི་ཁུལ་དུ་བཙན་གནོན་བྱེད་ཀྱི་མེད་པར་མི་མང་ལ་ལག་ཤེས་སློབ་སྦྱོང་སྤྲོད་ཀྱི་ཡོད་ལུགས་ཕྱིར་བསྒྲགས་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ལོག་གི་གསར་འགོད་པ་རྣམས་ཤིན་ཅང་དུ་རང་དབང་ངང་སྐྱོད་ཆོག་གི་ཡོད་པར་བརྗོད་བཞིན་ཡོད་ཀྱང་། རྒྱལ་སྤྱིའི་གསར་འགོད་པ་སོགས་དངོས་སུ་ཤིན་ཅང་ནང་དུ་སྐྱོད་སྐབས་དམ་བསྒྲགས་ཀྱིས་གནས་ཚུལ་བསྡུ་ལེན་བྱེད་དུ་འཇུག་གི་མེད་པ་ཡོངས་གྲགས་ཡིན་པ་རེད།

བློ་བཟང་འབྱོར་ལྡན་ལགས་ཀྱི་ལྷག་དཀར་ལས་འགུལ་ཐོག་བཅར་འདྲི།

རེས་གཟའ་ལྷག་པ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བླ་གཟའ་ཡིན་པ་དང་བསྟུན་རང་དབང་ཅན་གྱི་རྒྱལ་ཁབ་ཏུ་གནས་བཞུགས་བོད་མི་རྣམས་ནས་དེ་ཉིན་བོད་ཟས་མཆོད་རྒྱུ་དང་། བོད་ཆས་གྱོན་རྒྱུ། ཆོས་ཕྱོགས་ཀྱི་གནང་སྒོར་ཞུགས་པ། བོད་ཀྱི་ཐུན་མིན་རིག་གཞུང་གཅེས་འཛིན་དང་གོང་འཕེལ་སླད་བོད་མི་འདུ་འཛོམས་ཀྱིས་སྒོར་གཞས་འཁྲབ་རྒྱུ་སོགས་རྣམ་པ་འདྲ་མིན་སྒོ་ནས་ལྷག་དཀར་སྲུང་བརྩི་གནང་གི་ཡོད་པ་རེད།ད་ཆ་འཛམ་གླིང་གི་རྒྱལ་ཁབ་ ༢༠༠ ལྷག་ནང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་རྐྱེན་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་གཙོས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་སྤྲད་པ་དང་སྦྲགས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་རྒྱ་གཞུང་གི་གཉའ་གནོན་འོག་ལྷུང་བའི་མི་རིགས་རྣམས་ཀྱིས་རྒྱ་ནག་གཞུང་གིས་གཉན་རིམས་སྟངས་འཛིན་ཐད་སྐྱོན་བརྗོད་སོགས་གནང་མུས་ཡིན་པའི་ཁྲོད་འདིར་བོད་མི་སྒེར་པ་ཁག་ཅིག་གིས་གོ་སྐབས་དམ་འཛིན་གྱིས་དང་བླངས་ཐོག་རྒྱ་གཞུང་གི་བྱུས་ངན་ཅན་གྱི་སྲིད་བྱུས་དག་ཐེར་འདོན་དང་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་སླད་ཞི་བའི་གོམ་བགྲོད་དང་རྒྱང་སྐྱོད་བང་འགྲན་སོགས་ཀྱི་ལས་འགུལ་རྣམ་པ་འདྲ་མིན་ཐོག་ནས་ལྷག་དཀར་གྱི་ཉིན་མོར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། དེའི་ཁོངས་ཆབ་སྲིད་བཙོན་ཟུར་བློ་བཟང་འབྱོར་ལྡན་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ནང་འདི་ལོའི་ཟླ་ ༦ ཚེས་ ༡༠ ནས་དབུ་འཛུགས་ཀྱིས་རེས་གཟའ་ལྷག་པ་ནམ་ཡིན་ལ་རྒྱ་ནག་གཞུང་ཚབ་མདུན་དུ་བོད་ཀྱི་རྒྱལ་དར་བསྣམས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་དགོས་པ་དང་རྒྱ་ནག་ནས་རྒྱལ་སྤྱིའི་ཁྲོད་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་འགན་ཁུར་དགོས་པ་བཟོ་དགོས་པར་མ་ཟད་དེ་བཞིན་རྒྱ་ནག་གི་ཅ་དངོས་ཉོ་ཚོང་གནང་རྒྱུ་མཚམས་འཇོག་དགོས་པ་བཅས་དགོས་འདུན་གསུམ་གྱི་ཐོག་ཁེར་རྐྱང་གི་ལས་འགུལ་སྤེལ་གྱི་ཡོད་པ་རེད།

བོད་རིགས་བེུད་སྨན་ཞབས་པ་ཞིག་ལ་ས་གནས་ཀྱི་ལས་རིགས་ཞབས་ཞུའི་གཟེངས་རྟགས་ཐོབ་འདུག

རྒྱ་གར་བྱང་ཤར་ནུབ་སྦེང་གྷལ་མངའ་སྡེའི་ Darjeeling གྲོང་ཁྱེར་ནང་དུ་སྨན་ཞབས་པའི་ཕྱག་ལས་གནང་བཞིན་པའི་བོད་རིགས་བེུད་ལྷ་མོ་དབྱངས་འཛོམ་ལགས་ལ་རྒྱལ་སྤྱིའི་ Rotary ཚོགས་པའི་རྡོ་རྗེ་གླིང་སྡེ་ཚན་གྱིས་ལས་རིག་ཞབས་ཞུའི་གཟེངས་རྟགས་འབུལ་བཞེས་གནང་འདུག

Latest news