Tibetan Royal Year of 2151 | Year of the Wood Dragon

ཧོང་ཀོང་།

རྒྱལ་སྤྱིའི་ཁྲོད་དུ་ཧོང་ཀོང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བ།

ཧོང་ཀོང་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་དང་སྤྱི་ཁྱབ་མང་གཙོའི་སྒོ་ནས་འདེམས་ཕྱོགས་སོགས་ཀྱི་དགོས་འདུན་འོག་འདས་པའི་ཟླ་ཤས་ནང་མང་ཚོགས་ནས་ལས་འགུལ་རྒྱུན་མི་ཆད་པར་སྤེལ་དང་སྤེལ་མུས་ཡིན་པ་ལྟར་ཁ་སང་ཧོང་ཀོང་གི་གནད་དོན་ཐོག་ཨོ་སི་ཊོ་ལི་ཡ་དང་ཐེ་ཝན། དེ་བཞིན་ཉི་ཧོང་ནས་རྒྱབ་སྐྱོར་གྱིས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག ཁ་སང་བརྒྱུད་ལམ་ཁག་ནས་ཐོན་པའི་གནས་ཚུལ་ལ་གཞིགས་ན། པེ་ཅིང་ནས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་ནས་ལོ་ངོ་ ༧༠ འཁོར་བའི་སྟ་གོན་བྱེད་པའི་སྐབས་འདིར་ཨོ་སི་ཊོ་ལི་ཡ་དང་ཐེ་ཝན་གཙོས་པའི་ས་ཁུལ་ ༦༠ ཙམ་གི་ནང་རྒྱ་གཞུང་གིས་དབང་ཆ་གཅིག་སྡུད་ཀྱི་སྲིད་གཞུང་ལ་ངོ་རྒོལ་དང་། ཧོང་ཀོང་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་སླད་ Global day of action ཞེས་སྲུང་བརྩི་ཞུས་པའི་ཁྲོད་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ནང་མང་ཚོགས་སྟོང་ཕྲག་མང་པོས་སྲང་ལམ་དུ་ཨོ་གླིང་དང་ཧོང་ཀོང་། རྒྱལ་ཁབ་འདྲ་མིན་གྱི་རྒྱལ་དར་བསྣམས་ཐོག་རང་དབང་དོན་དུ་འཐབ་རྩོད་བྱོས། ཧོང་ཀོང་ལ་རྒྱབ་སྐྱོར་གྱིས་ཞེས་སོགས་ཀྱི་འབོད་ཚིག་སྒྲོགས་པ་དང་། མེལ་བྷོརན་དང་བྷི་རིས་བྷེན་ནང་ལས་འགུལ་བས་ཧོང་ཀོང་ཞི་རྒོལ་གྱི་གླུ་བླངས་ཏེ་ངོ་རྒོལ་སྐད་འབོད་གནང་འདུག ཧོང་ཀོང་ནས་ཡིན་པ་ཟླ་བ་གཉིས་སྔ་རོལ་ཙམ་དུ་སིཌ་ནི་ནང་གནས་སྤོས་གནང་མཁན་རང་ལོ་ ༢༥ ལ་སོན་པ་ Bill Lam ལགས་ཀྱིས་ཧོང་ཀོང་ནང་ལས་འགུལ་བ་ཚོ་རེ་བ་བྲལ་བ་ལྟ་བུ་ཆགས་པ་དང་། ཁོང་ཚོའི་གཞུང་ནས་མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་འདོད་ཀྱི་ཡོད་པ་གསུངས་འདུག  རང་ཉིད་ལྟ་བུར་མཚོན་ན་ཡུལ་གཞན་ནང་སླེབས་ཀྱང་ཁོང་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསུངས་འདུག ཨོ་གླིང་དུ་ལོ་མང་རིང་གནས་བཞུགས་གནང་མཁན་ Frankie Lo ལགས་ཀྱིས་ཀྱང་ང་ཚོ་ནས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ལ་ད་ལྟ་ཡང་ཡིད་ཆེས་ཡོད་པ་དང་།  འོན་ཀྱང་རྒྱ་ནག་ནས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་སྲིད་བྱུས་ལ་བརྩི་བཀུར་ཞུས་དགོས་པ་བརྗོད་འདུག གཞི་རྩའི་ཧོང་ཀོང་ནང་སྤྱི་ཁྱབ་པས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་བྱས་ཟིན་པ་དང་། མང་ཚོགས་ནས་སྤྱི་ཁྱབ་ཀེ་རི་ལེམ་རང་གི་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་དང་། དེ་བཞིན་ཧོང་ཀོང་གི་སྤྱི་ཁྱབ་མང་གཙོའི་ལམ་ལུགས་ཐོག་འདེམས་སྒྲུག་དང་། ཉེན་རྟོག་པའི་བྱ་སྤྱོད་ལ་རང་དབང་ལྡན་པའི་སྒོ་ནས་འདྲི་རྩད་བྱེད་དགོས་པ། ལས་འགུལ་ཁྲོད་འཛིན་བཟུང་བྱས་པ་རྣམས་ཆ་རྐྱེན་མེད་པར་གློད་བཀྲོལ་དགོས་པ་སོགས་ཀྱི་དགོས་འདུན་ཆེད་བཏོན་བྱས་ཡོད་པ་རེད།  ཉེ་ལམ་ཧོང་ཀོང་གི་སྤྱི་ཁྱབ་ནས་ཡུལ་དེའི་མང་ཚོགས་ཁག་གཅིག་དང་ཐུག་འཕྲད་ཀྱིས་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་པ་དང་།  སྐབས་དེར་མང་ཚོགས་ཁག་ལ་ལས་དགོས་འདུན་ལྔ་པོ་བསྒྲུབ་མེད་པར་སྤྱི་ཁྱབ་ལ་སྐྱོན་བརྗོད་སོགས་བྱས་ཡོད་པ་རེད།ཐེ་པི་ནང་བོད་མི་གཙོས་པའི་མང་ཚོགས་སྟོང་ཕྲག་གཉིས་ཙམ་ཞིག་གིས་གྲོས་ཚོགས་ཕྱི་རོལ་དུ་འཛོམས་ནས་བོད་ཀྱི་རྒྱལ་དར་དང་དབྱིན་ཇིའི་རྒྱལ་དར་སོགས་བསྣམས་ཏེ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་།  ལས་འགུལ་བའི་ཁྲོད་དུ་ལོ་ན་ ༤༠ ནང་ཕེབས་པའི་ Pan Hou-hsun ལགས་ཀྱིས་ཐེ་ཝན་གྱི་མང་གཙོ་དང་རང་དབང་སྲུང་སྐྱོབ་བྱེད་པར་ང་ཚོ་ཧོང་ཀོང་དང་མཉམ་དུ་ཡོད་ཅེས་གསུངས་འདུག ཉི་ཧོང་གི་རྒྱལ་ས་ཊོཀ་ཡོ་ནང་མི་གྲངས་ ༤༠༠ མན་ཙམ་ཞིག་ལས་འགུལ་ནང་མཉམ་ཞུགས་ཀྱིས་ཧོང་ཀོང་གི་རང་དབང་སླད་འཐབ་རྩོད་བྱོས་ཞེས་པའི་འཕྲེད་དར་བསྣམས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག རྒྱ་ནག་གི་རྒྱལ་སྟོན་འཚོགས་ལ་ཉེ་བ་དང་བསྟུན་ཧོང་ཀོང་ནང་གཟའ་འཁོར་སྔོན་མའི་རེས་གཟའ་ཉི་མའི་ཉིན་རྒྱ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ཆས་གོས་དམར་པོ་བཀྲས་ཐོག་ལག་ཏུ་རྒྱ་ནག་གི་རྒྱལ་དར་དང་། ང་རྒྱ་ནག་གི་མི་སེར་ཡིན་ཞེས་འཕྲེད་དར་བསྣམས་པ་མ་ཟད་རྒྱ་ནག་གི་རྒྱལ་གླུ་དང་། སྐྱེས་སྐར་ཉིན་མོར་འཚམས་འདྲི་ཡོད་ཅེས་གླུ་བླངས་འདུག འོན་ཀྱང་ལས་འགུལ་བས་རེས་གཟའ་མིག་དམར་ཉིན་ས་ཁུལ་ཁག་འདྲ་མིན་ ༡༦ ནང་འདུ་འཛོམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་ལས་འགུལ་སྤེལ་འཆར་ཡོད་པ་རེད་འདུག

ཨ་རིའི་གྲོས་ཚོགས་ནང་ཧོང་ཀོང་གི་གནད་དོན་ཐོག་ཉན་ཞིབ་ལས་རིམ་ཞིག་ཚོགས་པ།

ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཁང་ཨང་ ༤༡༩ ནང་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཧོང་ཀོང་གི་གནད་དོན་དང་ཨ་རིའི་སྲིད་བྱུས་ཞེས་པའི་བརྗོད་གཞིའི་ཐོག་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཐོག་འདས་པའི་ཟླ་བ་བཞི་ལྷག་གི་གོང་ནས་ཧོང་ཀོང་ནང་འབྱུང་བཞིན་པའི་ཧོང་མི་མང་གི་ཞི་བའི་ལས་འགུལ་ཁྲོད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་པའི་གནས་སྟངས་དང་ཧོང་གཞུང་འབྲེལ་ཉེན་རྟོག་པས་ལས་འགུལ་བར་དྲག་སྤྱོད་སྤེལ་པའི་གནས་སྟངས་སོགས་གསལ་འདོན་གནང་འདུག ཉན་ཞིབ་ཀྱི་ལས་རིམ་ཐོག་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་མཉམ་འབྲེལ་ཚོགས་གཙོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Christopher H. Smith ལགས་དང་སྐུ་ཞབས་ Tom Suozzi ལགས། སྐུ་ཞབས་ Todd Youngལགས། སྐུ་ཞབས་ Angus King སྐུ་ཞབས་ McAdams ལགས། གནད་ཡོད་མི་སྣ་ཁག་གཅིག་དང་ཧོང་ཀོང་མང་གཙོའི་ལས་འགུལ་བ་ Joshua Wong ལགས། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གཞས་མ་ Denise Ho ལགས། དེ་བཞིན་ཧོང་ཀོང་རྒྱལ་སྤྱིའི་ཤེས་ཡོན་ལྟེ་གནས་ཁང་གི་མགྲིན་ཚབ་པ་ Sunny Cheung ལགས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་སློབ་སྟོན་གནང་མཁན་ཨ་རིའི་ New York གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ Sharon Hom ལགས་དང་དཔྱད་ཞིབ་པ་ Dan Garrett ལགས་བཅས་ལྷན་ཞུགས་གནང་འདུག སྐབས་དེར་སྐུ་ཞབས་ Jim McGovern ལགས་ནས་ཧོང་ཀོང་མི་མང་གི་ཞི་བའི་ལས་འགུལ་དེར་རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཆེན་པོ་གནང་བ་མ་ཟད་ལྷག་པར་དུ་རྒྱལ་ཚོགས་དང་ཨིན་ཡུལ་གཞུང་། དེ་བཞིན་ཨ་རི་གྲོས་ཚོགས་བཅས་ནས་ཉེ་ཆར་ཧོང་ཀོང་མི་མང་གི་ལས་འགུལ་ལ་ཐེ་བྱུས་བྱེད་མཁན་གྱི་ཚོང་ལས་ཁང་ཁག་དང་ཚོང་འབྲེལ་གནང་རྒྱུ་མིན་པའི་སྲིད་བྱུས་གཏན་འབེབས་དང་། ཧོང་ཀོང་སྲུང་སྐྱོབ་དགོས་ཞེས་པའི་ཁྲིམས་འཆར་སོགས་ཆེད་འདོན་གནང་ཡོད་པར་འགྲེལ་བརྗོད་གནང་བ་དང་འབྲེལ་ཏེ་ཨ་མི་རི་ཀའི་གཞུང་ནས་དེ་སྔ་ཕྱི་ལོ་ ༡༩༩༢ ལོར་ཧོང་ཀོང་དང་ཨ་རི་དབར་བཞག་པའི་ཁྲིམས་གཞིའི་དགོངས་དོན་ལྟར་ཧོང་ཀོང་དེ་རང་སྐྱོང་ཚད་ལྡན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཀྱང་། འདས་པའི་ལོ་ཤས་ནང་ཧོང་ཀོང་རང་སྐྱོང་གི་གནས་བབས་དང་ཚོང་འབྲེལ་གྱི་གནས་སྟངས་སོགས་ཀྱི་ཐད་ཉམས་གུད་ཆེན་པོ་འགྲོ་བཞིན་པ་ནི་རྒྱ་ནག་གཞུང་ནས་ཧོང་ཀོང་གི་ཁྲིམས་ལུགས་དབང་འཛིན་དང་འཛིན་སྐྱོང་གི་ལས་དོན་སོགས་ལ་ཐེ་བྱུས་བྱེད་བཞིན་པ་དེ་ཆགས་ཡོད་སྟབས། རྒྱ་ནག་ནས་མུ་མཐུད་དེ་ལྟར་ཐེ་བྱུས་རིགས་བྱེད་ཚེ་ཨ་རི་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་གཙོས་གནད་དོན་མང་དག་ཐོག་དོ་ཕོག་འགྲོ་སྲིད་པ་གསུངས་འདུག དེ་བཞིན་སྐུ་ཞབས་ Christopher H. Smith ལགས་ཀྱིས་ཧོང་ཀོང་མི་མང་གི་ཞི་བའི་ལས་འགུལ་དེས་མང་གཙོའི་ལམ་ལུགས་དང་དབང་ཆ་གཅིག་སྡུད་རིང་ལུགས་གཉིས་མཉམ་དུ་ཡོང་ཐབས་མེད་པ་དང་ལྷག་དོན་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ཁག་ལ་རྩིས་སྲུང་མེད་པར་ཧོང་ཀོང་རང་སྐྱོང་གི་གནས་བབས་ལ་ཐེ་བྱུས་བྱས་པ་ཙམ་མ་ཟད། བོད་དང་ཡུ་གུར་མི་མང་གི་གཞི་རྩའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དང་། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཁྲིམས་རྩོད་པ། དེ་བཞིན་གསར་འགོད་པ་ཚོར་དམ་དྲག་དང་འཛིན་བཟུང་བཙན་ཁྲིད་བྱེད་བཞིན་པའི་བྱ་སྤྱོད་རྣམས་རྒྱལ་སྤྱིའི་ཐོག་མངོན་གསལ་གནང་ཐུབ་པ་བྱུང་ཡོད་ཅེས་གསུངས་འདུག ཧོང་ཀོང་མང་གཙོའི་ལས་འགུལ་བ་ Joshua Wong ལགས་ནས་ཧོང་ཀོང་ནང་གི་ཞི་བའི་ལས་འགུལ་གྱི་བྱུང་རིམ་ཁག་ངོ་སྤྲོད་དང་སྦྲགས་ཏེ་ལས་འགུལ་ཁྲོད་སྤྱི་ཁྱབ་ཀེ་རི་ལེམ་གྱིས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཕྱིར་འཐེན་གནང་ཡོད་ཀྱང་ཧོང་ཀོང་མི་མང་གི་མངོན་འདོད་དེ་ནི་ཁྲིམས་འཆར་གཅིག་དང་གང་ཟག་ཅིག་གི་འཐབ་རྩོད་མིན་པར་གཙོ་བོ་ཧོང་ཀོང་གི་ཆབ་སྲིད་སྒྲོམ་གཞི་ལ་བསྒྱུར་བཅོས་བརྒྱུད་མི་མང་ལ་མང་གཙོ་དང་རང་དབང་ལྡན་པའི་འོས་བསྡུའི་ཐོབ་ཐང་གནང་རྒྱུ་དེ་ཡིན་པ་འགྲེལ་བརྗོད་དང་སྦྲགས། ཧོང་ཀོང་མང་གཙོ་དོན་གཉེར་རྣམས་ནས་ལས་འགུལ་དི་མུ་མཐུད་རྒྱུན་འཁྱོངས་གནང་རྒྱུ་ཡིན་པ་དང་། དེའི་མཇུག་འབྲས་གང་འདྲ་ཞིག་ཡོང་མིན་སུས་ཀྱང་དཔོག་དཀའ་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག ཁོང་གིས་རྒྱ་གཞུང་ནས་ཧོང་ཀོང་གི་ལས་འགུལ་ཁྲོད་ཐེ་བྱུས་བྲས་པའི་གནས་སྟངས་དང་། བོད་དང་ཐེ་ཝན། ཤིན་ཅང་སོགས་ཀྱི་ནང་དྲག་པོའི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་པ་དེ་ནི་རྒྱ་ནག་གཞུང་ནས་མཇུག་འབྲས་གང་ཡིན་ལ་ལྟོས་མེད་སོ་སོའི་ཁེ་ཕན་བསྒྲུབ་ཐབས་ཁོ་ནར་འབད་བརྩོན་བྱེད་བཞིན་པ་གསལ་པོ་རེད་ཅེས་གསུངས་འདུག དེ་བཞིན་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གཞས་མ་ Denise Ho ལགས་ནས་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ཚོང་གི་སྡེ་ཚན་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་དག་ཅིག་རྒྱ་ནག་དང་ལག་འབྲེལ་བྱས་ཏེ་ཧོང་ཀོང་ཞི་བའི་ལས་འགུལ་བ་དང་།སྒྱུ་རྩལ་བ་རྣམས་ལ་ཚོད་འཛིན་དམ་དྲག་འདྲ་མིན་བྱེད་བཞིན་པ་སོགས་ཐེར་འདོན་གནང་བ་མ་ཟད། ཧོང་ཀོང་རྒྱལ་སྤྱིའི་ཤེས་ཡོན་ལྟེ་གནས་ཁང་གི་མགྲིན་ཚབ་པ་ Sunny Cheung ལགས་ཀྱིས་ཀྱང་ཧོང་ཀོང་ནང་གི་ཞི་བའི་ལས་འགུལ་དེ་ནི་ཧོང་ཀོང་མི་མང་གི་གཞི་རྩའི་ཐོབ་ཐང་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དབང་འཛིན་སྲུང་སྐྱོབ་གནང་རྒྱུ་དེ་ཡིན་སྟབས་མང་ཚོགས་ཀྱིས་ལས་འགུལ་དེ་མུ་མཐུད་ནས་སྤེལ་རྒྱུ་ཡིན་པ་སོགས་གསུངས་འདུག མ་ཟད་སློབ་དཔོན་Sharon Hom ལགས་དང་དཔྱད་ཞིབ་པ་ Dan Garrett ལགས་ནས་ཀྱང་ཧོང་ཀོང་ཞི་བའི་ལས་འགུལ་དེ་ནི་ཧོང་ཀོང་མི་མང་གཅིག་པོའི་གནས་དོན་མིན་པར་རྒྱལ་སྤྱིའི་ཐོག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འགྲེལ་བརྗོད་ལོག་པར་བྱེད་པའི་བྱ་སྤྱོད་ཐེར་འདོན་རྒྱུད། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ་དང་འབྲེལ་བ་ཡོད་པ་ཡིན་པ་སོགས་གསུངས་འདུག ཉན་ཞིབ་ཀྱི་ལས་རིམ་དེའི་ཁྲོད་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ནས་ཧོང་ཀོང་གི་གནད་དོན་ཐོག་ཐུགས་འཚབ་དང་འབྲེལ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ Marco Rubio ལགས་ཀྱིས་རྒྱ་ནག་གཞུང་ནས་ཧོང་ཀོང་གི་གནད་དོན་དེ་རྒྱ་ནག་རྒྱལ་ནང་གི་གནད་དོན་ཡིན་སྐོར་བརྗོད་བཞིན་པ་དེ་ནི་བདེན་པ་མིན་པ་དང་ཧོང་ཀོང་མི་མང་གི་རང་དབང་སྲུང་སྐྱོབ་གནང་རྒྱུའི་འགན་དེ་ཨ་རིས་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཚང་མར་ཡོད་པ་ནན་པོ་གསུངས་འདུག ཉན་ཞིབ་ཀྱི་མཐའ་མར་ཧོང་ཀོང་གི་སྐུ་ཚབ་རྣམས་ནས་ཨ་རིའི་གྲོས་ཚོགས་སུ་ཧོང་ཀོང་གི་གནད་དོན་གླེང་སློང་གནང་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་དང་སྦྲགས། ཨ་རིའི་སྲིད་གཞུང་ནས་ཧོང་ཀོང་གི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་དང་ཨ་རིའི་གྲོས་ཚོགས་ནང་ཧོང་ཀོང་མི་མང་གི་མངོན་འདོད་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐོག་རྒྱབ་སྐྱོར་ཡོད་པའི་ཁྲིམས་འཆར་ཞིག་ངེས་པར་དུ་གཏན་འབེབས་གནང་སྐྱོང་ཡོང་བ་ཞུ་ཞེས་འབོད་སྐུལ་ཞུས་འདུག

ཧོང་ཀོང་གི་ཡུལ་སྐོར་སྤྲོ་འཁྱམ་པ་བོད་དུ་འགྲོ་མི་ཆོག་པའི་གསལ་བསྒྲགས་སྤེལ་བ།  

རྒྱ་ནག་གཞུང་གི་སྟངས་འཛིན་བྱེད་བཞིན་པའི་བྷན་མ་ཡུལ་སྐོར་སྤྲོ་འཁྱམ་ཁང་གིས་ཧོང་ཀོང་གི་ཡུལ་སྐོར་སྤྲོ་འཁྱམ་པ་རྣམས་རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་དང་བོད་ཤར་ཕྱོགས་ཀྱི་མཚོ་སྔོན་ཞིང་ཆེན་དང་ཟི་ཁྲོན་ཞིང་ཆེན་སོགས་སུ་འགྲོ་སྐྱོད་བྱེད་མི་ཆོག་པའི་གཞུང་འབྲེལ་གྱི་གསལ་བསྒྲགས་སྤེལ་འདུག ཁ་སང་ཨ་རིར་རྟེན་གཞི་བྱས་པའི་ Free Tibet ཞེས་བོད་དོན་ལས་འགུལ་ཁང་གིས་པད་མ་རྫོང་བོད་ཀྱི་རིག་གཞུང་སྤྲོ་འཆམ་ལས་ཁང་གིས་ཟླ་ ༨ ཚེས་ ༢༦ ཉིན་གསལ་བསྒྲགས་ཞིག་སྤེལ་བ་གནས་ཚུལ་སྤེལ་ཏེ་བོད་རང་སྐྱོང་ལྗོངས་ཀྱིས་གཙོས་པའི་མཚོ་སྔོན་ཞིང་ཆེན་དང་ཟི་ཁྲོན་ཞིང་ཆེན་སོགས་སུ་འགྲོ་སྐྱོད་བྱེད་མཁན་ཧོང་ཀོང་གི་ཡུལ་སྐོར་སྤྲོ་འཆམ་པ་སུ་ལའང་སྤྲོ་འཆམ་ལས་ཁང་དེས་དང་ལེན་ཞུ་རྒྱུ་མིན་པའི་ཉེན་བརྡ་བཏང་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གིས་གསལ་བསྒྲགས་དེར་ཞིབ་འཇུག་གནང་རྗེས་གསལ་བསྒྲགས་དེ་རྒྱ་ནག་གི་གཞུང་འབྲེལ་གྱིས་སྤེལ་བའི་ཡིག་ཆ་ཞིག་ཡིན་པ་ཤེས་རྟོགས་བྱུང་སྐོར་བཀོད་འདུག རྩ་བའི་རྒྱ་ནག་གཞུང་འབྲེལ་གྱི་གསལ་བསྒྲགས་དེ་ནི་རྒྱ་ནག་གཞུང་དང་ཧོང་ཀོང་གི་མང་གཙོའི་ཡར་ལངས་པའི་བར་དུ་འགལ་འདུ་དྲག་པོ་འགྲོ་བཞིན་པའི་གནས་སྐབས་སུ་སྤེལ་བ་ཞིག་ཡིན་པ་རེད། ཧོང་ཀོང་གི་ནང་འདི་ལོའི་སྤྱི་ཟླ་དྲུག་པ་ནས་བཟུང་ཉེས་ཅན་རྩིས་སྤྲོད་དགོས་པའི་ཁྲིམས་འཆར་ལ་ངོ་རྒོལ་གྱིས་རྔམ་སྟོན་ཁྲོམ་སྐོར་རབ་དང་རིམ་པ་འབྱུང་བཞིན་པའི་ཁྲོད་ཉེ་བའི་ཆར་ཧོང་ཀོང་གི་གཙུག་ལག་སློབ་གྲྭ་བཅུ་གྲངས་ཤིག་གི་སློབ་མ་ཁག་གཅིག་རི་བོ་ཇོ་མོ་གླང་མར་ལྟ་སྐོར་ཏུ་ཕྱིན་ནས་ཀོང་ཧོང་ལ་བཅིངས་ཀྲོལ་དགོས་པའི་སྐད་འབོད་གནང་བར་བརྟེན་ཁོང་རྣམས་རྒྱ་ནག་སྲིད་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། འདི་ལོའི་ཟླ་བ་བརྒྱད་པའི་མགོ་སྟོད་དུ་རྒྱ་གཞུང་གིས་བོད་ཁུལ་དུ་སྐད་འཕྲིན་ལ་དམ་དྲག་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བར་རྒྱ་གཞུང་གིས་ཧོང་ཀོང་ནང་གི་གནད་དོན་དང་འབྲེལ་བའི་གསལ་བསྒྲགས་ཕྱི་ལ་མ་སྤེལ་བའི་སྔོན་དུ་སྐད་འཕྲིན་ནང་ཧོང་ཀོང་གི་གནད་དོན་དང་འབྲེལ་བའི་ཡིག་ངག་གི་གནས་ཚུལ་འདོན་སྤེལ་བྱ་ཚེ་ལོ་བརྒྱད་ཀྱི་ཁྲིམས་ཐག་གཅོད་ངེས་ཡིན་པའི་ཉེན་བརྡ་བཏང་བ་ཡང་འཁོད་ཡོད་པ་རེད།

༸གོང་ས་མཆོག་གིས་ཧོང་ཀོང་ནང་གི་གནས་སྟངས་ལ་ཐུགས་འཚབ་ཡོད་པར་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧོང་ཀོང་ནང་གི་གནས་སྟངས་ཐོག་ཐུགས་འཚབ་ཆེན་པོ་ཡོད་པ་བཀའ་བསྩལ་བ་དང་འབྲེལ། གནད་དོན་དེ་གྲོས་མོལ་གྱི་སྒོ་ནས་སེལ་དགོས་གལ་ཡིན་པའི་ལམ་སྟོན་མཛད་འདུག ཁ་སང་ཐེ་ཝན་གྱི་ Hakka བརྙན་འཕྲིན་ཁང་གིས་ཉེ་སྔོན་༸གོང་ས་མཆོག་གིས་མ་ན་ལི་ཁུལ་དུ་གསུང་ཆོས་གནང་སྐབས་སུ་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་ཞུས་པའི་བརྙན་ཞིག་རྒྱང་སྲིང་བྱས་འདུག་པ་དང་དེའི་ནང་༸གོང་ས་མཆོག་གིས་ཧོང་ཀོང་དང་ཐེ་ཝན།  དེ་བཞིན་བོད་དང་རྒྱ་ནག་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་སྟེ་ནམ་ཞིག་རྒྱ་ནག་ལ་འགྱུར་བ་ཞིག་འགྲོ་རྒྱུ་ཡིན་པར་བཀའ་གནང་འདུག སྐབས་དེར་གསར་འགོད་པས་ཉེ་ཆར་ཧོང་ཀོང་གི་ནང་དུ་མི་མང་གིས་ངོ་རྒོལ་བྱུང་བཞིན་པར་གང་ཉིད་ཀྱིས་ཐུགས་སྣང་མཛད་ཀྱི་ཡོད་མེད་བཀའ་འདྲི་ཞུས་པར་༸མགོན་པོ་མཆོག་གིས་སྔོན་ཆད་ཏིན་ཞའོ་ཕེན་གྱིས་དངོས་དོན་བདེན་འཚོལ་གྱི་ཐོག་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཤིག་གཏན་འབེབས་བྱས་ཡོད་པ་དེ་ནི་ངོ་མས་རླབས་ཆེན་རང་བཞིན་ཞིག་རེད་ཅེས་བཀའ་བསྩལ་བ་དང་སྦྲགས། ཉེ་བའི་བདུན་ཕྲག་ཁ་ཤས་ནང་དུ་ཧོང་ཀོང་དུ་ཟིང་ཆ་ཆེན་མོ་ལངས་ཡོད་པར་བརྟེན་ངོས་རང་སེམས་ཁྲལ་ཆེན་པོ་བྱུང།  རྩ་བའི་ཡུལ་ཕྱོགས་གང་དུ་སོང་ཡང་།  ཞི་མོལ་གྱི་ལམ་ནས་ཞི་བདེ་བསྐྲུན་རྒྱུ་དེ་གལ་ཆེན་པོ་རེད།  ཁོང་ཁྲོའི་དབང་དུ་སོང་བ་ཡིན་ན་བེད་སྤྱོད་ཡོད་པ་མ་རེད།   ངོས་རང་སེམས་ཁྲལ་ཆེན་པོ་ཡོད་ནའང་སྨོན་ལམ་རྒྱག་རྒྱུ་ལས་བྱེད་ཐབས་གང་ཡང་མི་འདུག་ཅེས་བཀའ་འདུག ༸གོང་ས་མཆོག་གིས་དེ་དང་ཆབས་ཅིག ཐེ་ཝེན་གྱིས་མང་གཙོ་དང་རང་དབང་རྒྱུན་འཛིན་བྱས་ཡོད་པ་མ་ཟད། གནའ་བོའི་རྒྱ་ནག་གི་ཤུལ་བཞག་གི་རིག་གནས་དང་ནང་བསྟན་གྱི་གཞུང་ལུགས་རྣམས་རྒྱུན་འཛིན་ཡག་པོ་བྱས་ཡོད་པ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་།  དབང་ཆ་གཅིག་སྡུད་ཀྱི་རྒྱ་ནག་རྒྱལ་ཁབ་ཀྱིས་ཐེ་ཝན་ལ་བཅིངས་གྲོལ་གཏོང་དགོས་པར་བརྗོད་བཞིན་ཡོད་ནའང་།  ངོས་ནས་མ་འོངས་ཀྱི་ཕུགས་རྒྱང་རིང་པོའི་ནང་ཐེ་ཝན་གྱི་རྒྱུན་འཛིན་བྱས་པའི་མང་གཙོ་དང་རང་དབང་། དེ་བཞིན་སྲོལ་རྒྱུན་གྱི་རིག་གཞུང་དང་ཆོས་ལུགས་ཀྱི་སློབ་སྦྱོང་དེ་རྒྱ་ནག་ལས་རྣམ་པར་རྒྱལ་ཐུབ་པ་རེད་ཅེས་བཀའ་བསྩལ་བ་མ་ཟད། ད་ལྟའི་ཆར་རྒྱ་ནག་དེ་ཕྱི་ལོག་ལ་འབྲེལ་བ་མང་དུ་འགྲོ་བཞིན་པར་བརྟེན་ནམ་ཞིག་འགྱུར་བ་ཞིག་འགྲོ་ངེས་རེད་ཅེས་བཀའ་ལན་བསྩལ་འདུག དེ་བཞིན་གསར་འགོད་པས་མི་ལོ་ ༥༩ སྔོན་ལ་དུས་དྲན་ཞིག་གི་ཐོག་གི་ཐོག་ཏུ་མགོན་པོ་༸གང་ཉིད་མཆོག་གིས་མི་མང་ལ་གསུང་བཤད་གནང་བའི་ནང་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བའི་དམིགས་འབེན་དང་པོ་དེ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་རེད་ཅེས་གསུངས་འདུག    བོད་ཀྱི་རིག་གཞུང་དེ་ལ་གཞན་དང་མི་འདྲ་བའི་ཁྱད་ཆས་ག་རེ་ཡོད་པ་རེད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་ཟེར་དུས་དཔལ་ན་ལེནྡྲ་ནས་དར་ཡོང་བའི་ནང་པའི་གཞུང་ཆེན་ཁག་གི་ལྟ་གྲུབ་ཡོད་ཚད་འཐུས་སྒོ་ཚང་བའི་ཐོག་ནས་བོད་ཀྱི་སྐད་ཡིག་གི་ནང་དུ་ཡོད་པ་མ་ཟད།  གཞུང་ཆེན་དེ་དག་ལ་སློབ་སྦྱོང་བྱས་པ་བརྒྱུད་མཚན་ཉིད་རིག་པར་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱི་ཡོད་སྟབས།   ཕྱི་དངོས་བོ་ཙམ་མ་ཡིན་པར་ནང་སེམས་རྒྱུད་ལ་ཡང་བདེ་སྐྱིད་བསྐྲུན་ཐུབ་པའི་གནའ་བོའི་རིག་གཞུང་དེ་བོད་ཀྱིས་ལོ་ངོ་སྟོང་ཕྲག་གི་རིང་ལ་རྒྱུན་འཛིན་བྱས་ཡོད་པར་བཀའ་བསྩལ་འདུག བཀའ་འདྲིའི་ལས་རིམ་དེའི་སྐབས་སུ་༸གོང་ས་མཆོག་གིས་བོད་དོན་དང་འབྲེལ་ནས་རྒྱ་ནག་དེ་དབང་ཆ་གཅིག་སྡུད་ཀྱི་རྒྱལ་ཁབ་ཅིག་ཡིན་ནའང་། སྲིད་འཛིན་ཞིི་ཅིན་ཕིང་གིས་གདོང་ལེན་བྱས་ཏེ་ལྐོག་ཟ་རུལ་སུངས་ལ་འཐབ་འཛིན་བྱེད་བཞིན་པ་དེ་ཧ་ཅང་ཡག་པོ་ཡིན་པ་དང་། བོད་མིར་ཆ་མཚོན་ནའང་རང་བཙན་རྩོད་ཀྱི་མེད་པར་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ལ་ངོས་འཛིན་གྱིས་རྒྱ་ནག་དང་ལྷན་དུ་འདུག་འདོད་ཡོད་པ་དང་། དེ་ལྟར་བྱུང་ན་དེང་རབས་ཀྱི་དཔལ་འབྱོར་དང་འཛུགས་སྐྲུན་གྱི་ཐོག་ནས་རྒྱ་ནག་གིས་བོད་མིའི་བདེ་སྡུག་ལ་རོགས་རམ་བྱེད་ཐུབ་པ་བཞིན།  བོད་མིའི་ངོས་ནས་ཀྱང་ནང་ཆོས་བརྒྱུད་ནས་རྒྱ་ནག་ནང་གི་ནང་པ་མང་པོར་ཕན་པ་བསྒྲུབ་ཐུབ་ཀྱི་ཡོད་པར་བཀའ་བསྩལ་འདུག དེ་བཞིན་ཐེ་ཝན་དུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་མིན་སྐོར་གྱི་བཀའ་འདྲིར་༸གོང་ས་མཆོག་ནས་རྩ་བའི་དེའི་ཐོག་རྒྱ་ནག་སྐམ་སའི་ཕྱོགས་ནས་བཟང་ཕྱོགས་ཀྱི་ཡར་ལན་ཞིག་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་བཀའ་སྩལ་བ་དེ་ལྟར་ཡང་། མགོན་པོ་གང་ཉིད་མཆོག་ནས་ད་བར་ཐེ་ཝན་ནང་ཐེངས་གསུམ་ཆིབས་བསྒྱུར་མཛད་མྱོང་ཡོད་པ་དེ་ནམ་ཡང་བརྗེད་རྒྱུ་མིན་པ་དང་། མ་འོངས་པར་གོ་སྐབས་བྱུང་ན་ངེས་པར་དུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་སྐོར་བཀའ་བསྩལ་བ་དང་ཆབས་ཅིག ཐེ་ཝན་མང་ཚོགས་ཀྱིས་བོད་རྒྱུད་ནང་བསྟན་རྒྱུན་འཛིན་ཡག་པོ་བྱས་ཡོད་སྟབས་མ་འོངས་པར་རྒྱ་ནག་མི་མང་ལ་ཕན་ཐོགས་ངེས་ཡིན་པའི་བཀའ་ལན་མཛད་འདུག རྩ་བའི་ཐེངས་འདིའི་བཀའ་འདྲིའི་སྐབས་སུ། ༸གོང་ས་མཆོག་གི་སྐུ་སྒེར་གྱི་དཀའ་ཚེགས་ཆེ་བའི་མི་ཚེ་བརྒྱུད་རིམ་དང་འགྲོ་བ་མིའི་རིགས་ཀྱི་སེམས་ཀྱི་བདེ་སྐྱིད།  དེ་བཞིན་བོད་ཀྱི་ཆོས་རིག་འཛིན་སྐྱོང་སོགས་ཀྱི་ཐད་ནས་ཀྱང་བཀའ་ལན་བསྩལ་འདུག

ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་དང་མཉམ་དུ་དགོས་འདུན་བཞི་པོ་བསྒྲུབ་དགོས།

ཁ་སང་ཧོང་ཀོང་གི་སྤྱི་ཁྱབ་ཀེ་རི་ལེམ་གྱིས་བརྙན་པར་བརྒྱུད་ཧོང་ཀོང་ནས་རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཕྱིར་འཐེན་གནང་རྒྱུར་གསལ་བསྒྲགས་བྱས་ཡོད་ཀྱང་ཧོང་ཀོང་མང་ཚོགས་ནས་སྤྱི་ཁྱབ་ཀྱིས་ཐག་གཅོད་དེར་དགའ་བསུ་མི་ཞུ་བའི་ཁར་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་དགོས་འདུན་བཞི་པོ་བསྒྲུབ་དགོས་པ་གསུངས་འདུག འདས་པའི་གཟའ་འཁོར་ ༡༦ ཙམ་ཞིག་གི་རིང་ཧོང་ཀོང་མང་ཚོགས་ནས་རྩོད་རྙོག་ཅན་གྱི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་དང་ཀེ་རི་ལེམ་རང་གི་ལས་གནས་ནས་དགོངས་ཞུ་བྱས་དགོས་པ། དེ་བཞིན་ལས་འགུལ་བར་དྲག་སྤྱོད་པ་ཞེས་ཐ་སྙད་སྤྱོད་མཚམས་བཞག་དགོས་པ་མ་ཟད་ཉེན་རྟོག་པའི་བྱ་སྤྱོད་ལ་རང་དབང་གི་ཐོག་ནས་རྟོག་ཞིབ་དང་། ལས་འགུལ་བ་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་དགོས་པ་བཅས་དགོས་འདུན་ལྔ་ཆེད་བཏོན་གནང་ཡོད་པ་དང་།  ཁ་སང་ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་སྐུ་ Carrie Lam ལགས་ཀྱིས་རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཕྱིར་འཐེན་གནང་རྒྱུ་ཡིན་པ་གསལ་བསྒྲགས་དང་། ཧོང་ཀོང་གི་ཉེན་རྟོག་པའི་ཞུ་གཏུག་ཚན་པའི་ངོས་ནས་ཞི་རྒོལ་ཐོག་རྟོག་ཞིབ་གནང་རྒྱུ་དང་དེར་ཧོང་ཀོང་གཞུང་གི་ངོས་ནས་རྟོག་ཞིབ་ཀྱི་གྲུབ་དོན་ལ་རྒྱབ་སྐྱོར་ཆ་ཚང་ཞུ་རྒྱུ་མ་ཟད་ཞི་རྒོལ་སྐབས་འཛིན་བཟུང་བྱས་པ་རྣམས་ས་གནས་ཀྱི་ཁྲིམས་གཞིར་ལྟར་ཐག་གཅོད་བྱ་རྒྱུ་དང་། དེ་བཞིན་ལྕམ་སྐུ་མཆོག་དང་ཁོང་གི་ཕྱག་རོགས་བློན་ཆེན་རྣམས་ཀྱིས་ཟླ་བ་འདི་ནས་འགོ་འཛུགས་ཀྱིས་མང་ཚོགས་སར་ཕེབས་ཏེ་མང་ཚོགས་ཀྱི་མངོན་འདོད་དེ་དག་བསྒྲུབ་རྒྱུའི་ཐབས་ལམ་སོགས་རྟོགས་ཐབས་གནང་རྒྱུ་ཡིན་པ་སོགས་གནད་དོན་ཁག་གཅིག་ཞལ་བཞེས་གནང་ཡོད་ཀྱང་། Demosisto ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Joshua Wong ལགས་ཀྱིས་གཙོས་པའི་ལས་འགུལ་བས་ཀེ་རི་ལེམ་གྱིས་ཐག་གཅོད་དེ་ཟླ་བ་གསུམ་གྱི་ཞི་རྒོལ་དེའི་ཁྲོད་མི་གྲངས་ ༧ གྱི་ཚེ་སྲོག་ཤོར་བ་དང་ལས་འགུལ་བ་ཆིག་སྟོང་ཉིས་བརྒྱ་ལྷག་ཉེན་རྟོག་པས་འཛིན་བཟུང་གྱིས་ཕལ་མོ་ཆེར་སྡུག་རྩུབ་བཏང་རྗེས་ཡོང་བ་ཡིན་སྟབས་གནད་དོན་དེ་འཕྱི་དྲག་པ་དང་དགོས་འདུན་ལྔ་ནས་གཅིག་ལས་མ་གཏོགས་བསྒྲུབས་མེད་པ་དེ་ཉུང་དྲག་སྐོར་གསུངས་འདུག ཡང་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ད་ཆ་སྐྱོན་ཆག་མང་པོ་ཞིག་བྱུང་ཟིན་པས་ཐག་གཅོད་དེ་སྔ་ས་ནས་ཡོང་དགོས་པ་ཞིག་དང་། མང་ཚོགས་ཀྱི་རྨ་ཁ་ད་དུང་ཡང་གསོས་མེད་པ་གསུངས་འདུག ལས་འགུལ་བ་བུད་མེད་ཅིག་གིས་ང་ཚོའི་དགོས་འདུན་བཞི་པོ་བསྒྲུབ་རྒྱུ་བསྡད་ཡོད་པ་དེ་མང་ཚོགས་ཀྱི་དྲན་ལམ་ནས་ཡལ་མེད་པར་རེ་བ་བྱེད་བཞིན་ཡོད་པ་དང་ཆབས་ཅིག མང་ཚོགས་ཁག་གཅིག་ནས་སྲང་ལམ་དུ་དགོས་འདུན་ལྔ་པོ་བསྒྲུབ་དགོས་པའི་སྐད་འབོད་བྱས་པ་དང་སློབ་ཕྲུག་ཁག་གཅིག་ནས་ཀྱང་རང་ཉིད་ཀྱི་སློབ་གྲྭའི་ཕྱིར་ལོག་ཏུ་ལག་འབྲེལ་མཐུད་དེ་ཧོང་ཀོང་གཞུང་ལ་ངོ་རྒོལ་དང་ལས་འགུལ་བ་འཛིན་བཟུང་བྱས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག རྒྱལ་སྤྱིའི་ཚོགས་སྐྱིད་ཁག་གིས་ཧོང་ཀོང་མང་ཚོགས་ལ་རྒྱབ་སྐྱོར་དང་སྦྲགས་ཧོང་ཀོང་གི་གནད་དོན་ཐད་རྒྱ་གཞུང་གི་ཐེ་བྱུས་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་དང་། དེའི་ཁྲོད་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་ཧོང་ཀོང་སྤྱི་ཁྱབ་ཀྱི་ཐག་གཅོད་དེར་དགའ་བསུ་ཞུས་ཀྱང་གདང་ངེས་ཞིག་མིན་པས་ཧོང་ཀོང་གཞུང་ནས་མང་ཚོགས་ཀྱི་མངོན་འདོད་མཐའ་དག་བསྒྲུབ་དགོས་པ་གསུངས་འདུག ཉིན་ཤས་སྔོན་དུ་མང་གཙོའི་ལས་འགུལ་བ་ Joshua Wong ལགས་ཐེ་ཝན་དུ་ཆེད་མདགས་ཕེབས་ནས་གསར་འགོད་ལྷན་ཚོགས་ཐོག་ཐེ་ཝན་ནས་དེ་སྔ་ཧོང་ཀོང་གི་ཆར་གདུགས་ལས་འགུལ་ལ་རྒྱབ་སྐྱོར་དང་ཧོང་ཀོང་ནས་ཐེ་ཝན་གྱི་ Sunflower Movement ལ་རྒྱབ་སྐྱོར་གནང་ཡོད་སྟབས་ད་ཆ་ཐེ་ཝན་ནས་ཧོང་ཀོང་མང་ཚོགས་ལ་རྒྱབ་སྐྱོར་གནང་རྒྱུའི་དུས་ལ་བབས་ཡོད་པའི་འབོད་སྐུལ་དང་འབྲེལ་ཏེ་རྒྱ་ནག་རྒྱལ་ཡོངས་ཀྱི་ཉིན་མོའི་སྔ་རོལ་དུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་རྒྱུ་དང་ཐེ་ཝན་གཞུང་ནས་ཧོང་ཀོང་གི་མི་སེར་བྲོས་བྱོལ་དུ་ཡོང་བ་རྣམས་ལ་ཁྲིམས་ཐོག་ནས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བསྐྱང་ནན་ཞུས་འདུག དེ་དང་ཕྱོགས་མཚུངས་ཀེ་རི་ལེམ་གྱི་ཐག་གཅོད་སྔ་རོལ་དུ་ Joshua Wong ལགས་དང་ཧོང་ཀོང་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་ལས་འགུལ་ཁག་གཅིག་གིས་འཇར་མན་གྱི་སྲིད་བློན་ Angela Merkel མཆོག་རྒྱ་ནག་ནང་འཚམས་གཟིགས་སླད་ཕེབས་བསྟུན་ལྕམ་སྐུ་མཆོག་ལ་ཕྱག་བྲིས་ཤིག་ཕུལ་ཡོད་པ་དང་དེའི་ནང་ལྕམ་སྐུ་མཆོག་ནས་རྒྱ་གཞུང་ལ་ཧོང་ཀོང་གི་གནས་སྟངས་ཐད་ཐུགས་འཚབ་ཀྱི་རྣམ་པ་བསྟན་རྒྱུ་དང་ཧོང་ཀོང་མང་ཚོགས་ཀྱི་དགོས་འདུན་གཙོ་ཆེར་ངོས་བཞེས་གནང་རྒྱུར་འབོད་སྐུལ་ཞུས་ཡོད་པ་རེད། ལྕམ་སྐུ་མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་དེ་རིང་ནས་དབུ་འཛུགས་ཀྱིས་ཉིན་གསུམ་རིང་གནང་གཏན་ཁེལ་ཡོད་པ་རེད།

རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་གནང་རྒྱུ་ཡིན་པ་གསུངས་འདུག

འདས་པའི་གཟའ་ཁོར་ ༡༦ ཙམ་གྱི་ཞི་རྒོལ་རྗེས་དེ་རིང་ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་སྐུ་ Carrie Lam ལགས་ཀྱིས་རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཕྱིར་འཐེན་གནང་རྒྱུ་ཡིན་པར་གསུངས་འདུག ལྕམ་སྐུ་མཆོག་གིས་དེ་རིང་ཁུལ་དེའི་ཁྲིམས་བཟོ་ལྷན་ཁང་གི་འཐུས་ཚབ་པ་དང་རྒྱ་ནག་རྒྱལ་ཡོངས་མི་མང་ཚོགས་ཆེན་གྱི་ཧོང་ཀོང་གི་འཐུས་ཚབ་པ་གཉིས་དང་ལྷན་དུ་བཞུགས་མོལ་གྱི་ཚོགས་འདུ་ཞིག་གི་སྐབས་རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཕྱིར་འཐེན་གནང་རྒྱུ་ཡིན་པར་བརྗོད་པ་མ་ཟད་ཕྱི་དྲོ་བརྙན་པར་བརྒྱུད་ཐག་གཅོད་དེ་ཡོངས་ཁྱབ་བསྒྲགས་འདུག འོན་ཀྱང་ཧོང་ཀོང་གི་ཞི་རྒོལ་བའམ་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ཁྲིམས་འཆར་དེ་ཕྱིར་འཐེན་བྱེད་རྒྱུར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་གནང་གི་མེད་པ་མ་ཟད། ཁོང་ཚོས་ཁྲིམས་འཆར་དེ་ཕྱིར་འཐེན་བྱེད་རྒྱུ་དེ་ནི་ཁོང་ཚོའི་དགོས་འདུན་ལྔ་བཏོན་པའི་ཁྲོད་ཀྱི་གནད་དོན་གཅིག་རེད་ཅེས་བརྗོད་ཡོད་པ་དང་སྦྲགས། ཁྲིམས་འཆར་དེ་ཕྱིར་འཐེན་གནང་རྒྱུ་དེ་ནི་ཧ་ཅང་གི་འཕྱི་དྲག་པའི་གནད་དོན་ཆུང་ཆུང་ཞིག་རེད་ཅེས་བརྗོད་ཡོད་པ་དང་ལྷན་དུ་ཧོང་ཀོང་གི་ཉེན་རྟོག་པས་ཞི་རྒོལ་བར་དྲག་གནོན་བྱས་པའི་ལས་དོན་ཐད་ཁུལ་དེའི་གཞུང་ནས་རང་དབང་གི་སྒོ་ནས་རྟོག་ཞིབ་དགོས་པའི་དགོས་འདུན་འདོན་བཞིན་ཡོད་པ་རེད། ལྕམ་སྐུ་མཆོག་གིས་དེ་རིང་གི་བརྙན་པར་དེའི་ནང་ཧོང་ཀོང་གི་ཉེན་རྟོག་པའི་ཞུ་གཏུག་ཚན་པའི་ངོས་ནས་ཐེངས་འདིའི་ཞི་རྒོལ་ཐོག་རྟོག་ཞིབ་གནང་རྒྱུ་ཡིན་པ་དང། ཧོང་ཀོང་གཞུང་གི་ངོས་ནས་རྟོག་ཞིབ་ཀྱི་གྲུབ་དོན་ལ་རྒྱབ་སྐྱོར་ཆ་ཚང་ཞུ་རྒྱུ་ཡིན་པ་མ་ཟད་ཞི་རྒོལ་སྐབས་འཛིན་བཟུང་བྱས་པ་རྣམས་ས་གནས་ཀྱི་ཁྲིམས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། དེ་བཞིན་ལྕམ་སྐུ་མཆོག་དང་ཁོང་གི་ཕྱག་རོགས་བློན་ཆེན་རྣམས་ཀྱིས་ཟླ་བ་འདི་ནས་འགོ་འཛུགས་ཀྱིས་མང་ཚོགས་སར་ཕེབས་ཏེ་མང་ཚོགས་ཀྱི་མངོན་འདོད་དེ་དག་བསྒྲུབ་རྒྱུའི་ཐབས་ལམ་སོགས་རྟོགས་ཐབས་གནང་རྒྱུ་ཡིན་པ་སོགས་གནད་དོན་ཁག་གཅིག་ཞལ་བཞེས་གནང་འདུག

ཧོང་ཀོང་ནང་གི་གནད་དོན་སེལ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་གསུངས་པ་ཕྱིར་གྱར།

ཕྱི་ལོ་ ༡༩༩༧ ལོར་ཨིན་ཡུལ་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ཆ་རྐྱེན་གྱི་འོག་རྒྱ་ནག་ལ་ཕྱིར་ལོག་བྱེད་པའི་ཧོང་ཀོང་ས་ཁུལ་ནང་ལོ་འདིའི་ཕྱི་ཟླ་ ༦ པའི་ཟླ་དཀྱིལ་ནས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་རྐྱེན་པས་ས་གནས་ན་གཞོན་གཙོ་གྱུར་མང་ཚོགས་ཁྲི་ཚོ་མང་པོས་ཧོང་ཀོང་སྤྱི་ཁྱབ་ལས་གནས་ནས་དགོངས་པ་ཞུ་དགོས་པ་དང་། གནས་སྐབས་མཚམས་བཞག་པའི་ཁྲིམས་འཆར་དེ་རྩ་བ་ནས་མེད་པ་བཟོ་དགོས་པ་སོགས་ཀྱི་དགོས་འདུན་འོག་ནས་ཞི་བའི་སྒེར་ལངས་ཤུགས་ཆེན་པོ་ཞིག་གནང་བཞིན་པའི་ཁྲོད་བདུན་ཕྲག་སྔོན་མའི་ནང་ད་ལྟའི་ཧོང་ཀོང་སྤྱི་ཁྱབ་ Carrie Lam ལགས་ཀྱིས་ཁོང་མོས་ཁྲིམས་ཆར་དེ་གཏན་འབེབས་བྱེད་ཐབས་བྱེད་རྐྱེན་ཧོང་ཀོང་ནང་གནས་སྟངས་ཆེས་ཛ་དྲག་ཆགས་པ་དང་། ད་ཆ་ཁོང་མོར་ལས་གནས་ནས་རྩ་དགོངས་ཞུ་རྒྱུའི་ཐབས་ལམ་མེད་པ་མ་གཏོགས་དེ་ལྟར་དགོངས་ཞུ་གནང་རྒྱུ་ཡིན་པ་དང་། ད་ལྟའི་ཆར་གནད་དོན་སེལ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་གསུངས་པ་ཕྱིར་གྱར་བྱུང་འདུག ཁ་སང་ Reuters སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་ཉེ་ཆར་ཧོང་ཀོང་སྤྱི་ཁྱབ་དང་ཚོང་པ་ཆེ་གྲས་ཁག་གཅིག་དབར་ནང་མོལ་ཚོགས་འདུ་ཞིག་ཚོགས་ཐོག Carrie Lam ལགས་ཀྱིས་སྐར་མ་ ༢༤ ཙམ་གྱི་རིང་བཀའ་མོལ་གསུངས་པ་རྣམས་སྒྲ་འཇུག་བྱེད་ཡོད་པ་དེ་ཕྱིར་འགྱར་བྱུང་ཡོད་པ་དང་། དེའི་ནང་ཁོང་གིས་ད་ལྟ་རྒྱ་ནག་གཞུང་ནས་ཧོང་ཀོང་ནང་གི་གནས་སྟངས་ཞི་འཇམ་བཟོ་རྒྱུའི་ཐད་དུས་ཚོད་ཚད་བཀག་གང་ཡང་བཟོ་མེད་པ་མ་ཟད་ཧོང་ཀོང་དུ་རྒྱ་ནག་བཅིངས་བཀྲོལ་དམག་མི་གཏང་རྒྱུའི་འཆར་གཞི་མེད་པ་དེ་ལྟར་ཡང་། གལ་ཏེ་གནད་དོན་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་གནད་དོན་ཞིག་ཆགས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་སྲུང་གི་གནད་དོན་ཞིག་ཏུ་གྱུར་ཚེ་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་མང་ཚོགས་བཅས་གོང་རིམ་མི་འདྲ་བ་གཉིས་ལ་ཞབས་ཕྱི་ཞུ་དགོས་པའི་ཧོང་ཀོང་སྤྱི་ཁྱབ་ཞིག་ལ་གནད་དོན་དེ་སེལ་རྒྱུའི་ཐབས་ལམ་ཧ་ཅང་ཉུང་ཉུང་ཆགས་རྒྱུ་ཡིན་པ་གསུངས་འདུག ཁོང་གིས་ད་དུང་ས་གནས་སྤྱི་ཁྱབ་པ་ཞིག་གིས་སོ་སོའི་ས་གནས་ལ་གཟིང་ཆ་འདི་ལྟ་བུ་བཟོས་པ་དེ་ནི་དགོངས་པ་དག་ཐབས་མེད་པ་ཞིག་ཡིན་པ་དང་། སྤྱིར་རྒྱ་ནག་གཞུང་གི་ངོས་ནས་ཧོང་ཀོང་ནང་རྒྱ་ནག་དམག་དཔུང་གཏང་བ་ཡིན་ན་དེས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་ཆེ་མཐོང་ལ་དོ་ཕོག་ཅི་ཙམ་འགྲོ་རྒྱུ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་པ་དང་། རྒྱ་གཞུང་ནས་རྒྱལ་སྤྱིའི་ཁྲོད་ད་ལྟའི་གནས་འབབ་དེ་བཟོ་བར་དུས་ཚོད་མང་པོ་བཏང་ཡོད་སྟབས་གནས་འབབ་དང་ཆེ་མཐོང་དེ་མེད་པ་བཟོ་རྒྱུའི་བསམ་བློ་ད་ལྟའི་ཆར་གང་ཡང་མེད་པ་ལྟར་རྒྱ་གཞུང་གི་ངོས་ནས་ཐེ་གཏོགས་བྱེད་མི་དགོས་པའི་ཐོག་ནས་གནས་སྟངས་དེ་སེལ་བར་ངང་འགུག་བྱེད་སྲིད་པ་གསུངས་འདུག Reuters གསར་ཁང་གིས་ཕྱིར་འགྱར་བྱུང་བའི་སྒྲ་འཇུག་དེའི་སྐོར་རྟོག་ཞིབ་གནང་བར་ཚོགས་འདུ་དེའི་ནང་མཉམ་ཞུགས་བྱེད་མཁན་ཚོང་པ་གསུམ་གྱིས་སྐབས་དེར་ Carrie Lam ལགས་ཀྱིས་དཀའ་མོལ་དེ་དག་གསུངས་ཡོད་པ་ར་འཕྲོད་གནང་འདུག ཚོགས་འདུ་དེ་སྤྱི་ཁྱབ་ཁོང་གིས་སྤྱི་ཚོགས་ཁྲོད་ལས་ཀྱི་སྣེ་མོ་བ་འདྲ་མིན་དང་ལྷན་དུ་ཚོགས་འདུ་རིམ་པ་འཚོགས་བཞིན་པའི་ཆ་ཤས་ཤིག་ཡིན་པ་གསུངས་འདུག དེ་རིང་སྔ་དྲོ་ཧོང་ཀོང་སྤྱི་ཁྱབ་ Carrie Lam ལགས་ཀྱིས་གསར་འགོད་ལྷན་ཚོགས་ཞིག་བསྐོང་ཚོགས་བརྒྱུད་ཁོང་གིས་ནང་མོལ་ཚོགས་འདུའི་ཐོག་བཀའ་མོལ་གསུངས་པ་སྒྲ་འཇུག་བྱེད་དེ་གསར་འགོད་བརྒྱུད་ལམ་ཐོག་ཆེད་བཏོན་བྱས་པར་སྐྱོན་བརྗོད་དང་སྦྲགས། ཁོང་གི་ཕྱག་ལས་དབུ་འཛུགས་པ་ནས་བཟུང་ད་བར་རྒྱ་ནག་དབུས་གཞུང་ལ་རྩ་དགོངས་རྩ་བ་ནས་ཞུ་མྱོང་མེད་པ་མ་ཟད་དེའི་ཐོག་བསམ་བློ་གང་ཡང་འཁོར་མྱོང་མེད་པ་དེ་ལྟར་ཡང་ཁོང་གིས་ནང་མོལ་ཚོགས་འདུའི་ཐོག་རང་ཉིད་སྒེར་ཞིག་ལ་གནས་སྟངས་དཀའ་ལས་ཁག་པོ་དེ་དག་འོག་རྩ་དགོངས་ཞུ་རྒྱུ་དེ་ལས་སླ་པོ་ཞིག་ཡིན་ནའང་འདས་པའི་ཟླ་བ་གསུམ་འདིའི་ནང་རང་ཉིད་དང་རང་ཉིད་ཀྱི་ལས་བྱེད་པ་རྣམས་ལ་ཧོང་ཀོང་ལ་ཞབས་ཕྱི་ཞུ་ཆེད་མུ་མཐུད་བསྡད་དགོས་པ་གསུངས་འདུག ཧོང་ཀོང་གི་མང་ཚོགས་ནས་རེས་གཟའ་ཉི་མའི་ཉིན་ཞི་རྒོལ་ལས་འགུལ་མུ་མཐུད་སྤེལ་ཏེ་ཧོང་ཀོང་རྒྱལ་སྤྱིའི་གནམ་ཐང་གི་ལས་དོན་ལ་འགོག་རྐྱེན་དང་ས་གནས་ཀྱི་རླངས་འཁོར་དང་མེ་འཁོར་འགྲུལ་བཞུད་སོགས་ཀྱི་ལས་དོན་བར་མཚམས་བཅད་པ་མ་ཟད་ཁ་སང་ཧོང་ཀོང་གི་སློབ་གྲྭ་དང་མཐོ་རིམ་སློབ་གཉེར་ཁང་སོགས་ཀྱི་ཤེས་ཡོན་ལྟེ་གནས་ཁག་སྒོ་ཕྱེ་ཡོད་ཀྱང་། སློབ་མ་རྣམས་ནས་ངོ་རྒོལ་མཚོན་ཆེད་དུ་འཛིན་གྲྭར་མ་འགྲོ་བ་སོགས་ཀྱི་གནད་དོན་བྱུང་ཡོད་པ་རེད། དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་དང་མ་ཀའོ་ལས་དོན་ལྷན་ཁང་གི་མགྲིན་ཚབ་པས་ཧོང་ཀོང་ནང་གི་ལས་འགུལ་བ་དེ་དག་གིས་ཁུལ་དེ་རང་བཙན་དང་ཕྱེད་རང་བཙན་གྱི་ཆབ་སྲིད་ཀྱི་གནས་འབབ་ཞིག་ཏུ་བསྒྱུར་ཐབས་དང་འབྲེལ་བའི་ཇག་པ་ལྟ་བུ་ཞིག་ལ་འགྲེལ་བརྗོད་བྱས་པ་མ་ཟད་ངོ་རྒོལ་བ་དེ་དག་རྒྱ་ནག་ལ་རྒྱབ་གཏོད་བྱེད་མཁན་ཕྱིའི་སྟོབས་ཤུགས་ཅན་ཁག་གཅིག་གིས་བརྒྱུད་སྐུལ་བྱེད་བཞིན་པར་སྐྱོན་འཛུགས་བྱས་འདུག དེ་སྔ་ World Bank འམ་འཛམ་གླིང་དངུལ་ཁང་གིས་རྒྱ་ནག་གཞུང་ལ་ཤིན་ཅང་ས་ཁུལ་དུ་ཤེས་ཡོན་གྱི་ལས་གཞིའི་ཆེད་དུ་ཨ་སྒོར་ས་ཡ་ ༥༠ ཐམ་པ་ཞིག་བུན་གཡར་གཏང་ཡོད་པ་དེ་རྒྱ་ནག་གཞུང་གི་ངོས་ནས་ས་ཁུལ་དེའི་མི་སེར་ས་ཡ་བརྒལ་བ་བཙན་དབང་ཐོག་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་སློབ་གསོ་སྤེལ་རྒྱུའི་ལས་གཞིའི་ཐོག་བཏང་ཡོད་པ་གསུང་མཁན་མང་པོ་ཡོད་པ་དང་འབྲེལ། ཉེ་ཆར་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Marco Rubio དང་ Jim Mcgovern ལགས་གཉིས་ནས་འཛམ་གླིང་དངུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ David Malpass ལགས་ཀྱི་མཚན་ཐོག་ལ་ཕྱག་བྲིས་ཤིག་ཕུལ་ཏེ་རྒྱ་གཞུང་གི་དངུལ་འབོར་དེ་དག་ Xinjiang ས་ཁུལ་དུ་མང་ཚོགས་ཐོག་དམ་གནོན་བྱེད་པར་སྤྱོད་བཞིན་པའི་གནད་དོན་མང་དག་ཅིག་ནས་གསལ་པོ་ཆགས་བཞིན་ཡོད་སྟབས་འཛམ་གླིང་དངུལ་ཁང་གི་ངོས་ནས་རྒྱ་གཞུང་གིས་དངུལ་འབོར་དེ་དག་བེད་སྤྱོད་ཅི་འདྲ་ཞིག་གཏོང་བཞིན་ཡོད་པར་རྟོག་ཞིབ་གནང་དགོས་པ་གསུངས་འདུག ལྷག་པར་དུ་ཉེ་ཆར་འཛམ་གླིང་དངུལ་ཁང་གི་ལས་བྱེད་པ་ཞིག་གིས་དངུལ་ཁང་གི་འཛིན་སྐྱོང་ལྷན་ཚོགས་ཀྱི་སྤྱི་ཁྱབ་ངེས་སྟོན་པའི་མཚན་ཐོག་ལ་ཕྱག་བྲིས་ཤིག་ཕུལ་ནས་དེའི་ནང་དངུལ་ཁང་གིས་རྒྱ་ནག་ལ་ཤིན་ཅང་ནང་ཤེས་ཡོན་ལས་གཞིའི་ཆེད་སྤྲད་པའི་དངུལ་འབོར་དེ་དག་ཅི་ལྟར་སྤྱོད་མིན་ཐད་དོགས་ཟོན་བྱེད་དགོས་པའི་གནད་དོན་མང་པོ་ཡོད་པ་དང་། དེ་དག་དངུལ་ཁང་གི་སྲིད་བྱུས་དང་འགལ་གྱི་ཡོད་པ་དང་། ཨ་རིའི་ British Columbia གཙུག་ལག་སློབ་གཉེར་ཁང་དུ་ཁྲིམས་ཀྱི་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་ཉམས་ཞིབ་པ་ཞིག་གིས་རང་ཉིད་ཀྱི་སྙན་ཐོའི་ནང་འཛམ་གླིང་དངུལ་ཁང་གི་རྒྱ་ནག་ལ་དངུལ་འབོར་ཆེན་བུན་གཡར་བྱེད་པ་བརྒྱུད་ཤིན་ཅང་ནང་གི་དྲག་གནོན་གྱི་ཆ་ཤས་སུ་འགྱུར་བཞིན་ཡོད་སྐོར་སོགས་ཆེད་བཀོད་བྱས་པ་ལྟར་ཉེ་ཆར་འཛམ་གླིང་དངུལ་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ David Theis ལགས་ཀྱིས་དངུལ་ཁང་ནས་གནད་དོན་དེ་རིགས་ཧ་ཅང་གལ་ཆེན་པོར་ངོས་འཛིན་བཞིན་ཡོད་པ་དང་གནད་དོན་དེ་དག་ཐོག་ཏུ་དངུལ་ཁང་ནས་རྟོག་ཞིབ་དབུ་འཛུགས་གནང་ཡོད་པ་བཞིན་དེའི་ཐོག་ལག་ལེན་གང་བསྟར་དགོས་ཀྱང་བསྟར་རྒྱུ་ཡིན་པ་གསུངས་འདུག

Latest news