Tibetan Royal Year of 2151 | Year of the Wood Dragon

ཧོང་ཀོང་།

ཨ་རིར་རྟེན་གཞི་བྱས་པའི་རྒྱ་གར་མི་མང་གིས་རྒྱ་ནག་ལ་ངོ་རྒོལ།

ཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱ་གར་བ་མང་པོ་ཞིག་གིས་ཨ་རིའི་རྒྱལ་ས་ཝ་ཞིན་ཁྲོན་གྱི་ཁུལ་དུ་འདུ་འཛོམས་ཀྱིས་རྒྱ་ནག་གིས་རིམས་ནད་ཁྱབ་ཁྱབ་བརྡལ་གྱི་གོ་དུས་སྐབས་འདིར་རྒྱ་གར་གཙོ་བྱས་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གི་ས་མཚམས་སུ་བཙན་འཛུལ་བྱེད་ཀྱི་ཡོད་པ་ཡོངས་གྲགས་གནང་བ་དང་སྦྲགས། ཤིན་ཅང་ཁུལ་དུ་མི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་འཕྲེད་དར་འཕྱར་་བ་དང་སྦྱར་ཡིག་བཀྲམས་ནས་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། རྒྱ་གར་གྱིས་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་བྱེད་རྒྱུ་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་ཡོད་པ་ལྟར་ཨ་རིའི་ངོས་ནས་ཀྱང་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་མཚམས་འཇོག་རྒྱུའི་རེ་ཞུ་གནང་འདུག དེ་རིང་རྒྱ་གར་གྱི་གསར་ཁང་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིར་གནས་སྡོད་ཀྱི་རྒྱ་གར་བ་རྣམས་ཀྱིས་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་གནང་ཡོད་དང་། སྐབས་དེར། རྒྱ་གར་གྱི་ད་ལྟའི་གཞུང་འཛིན་ཚོགས་པ་ BJP ཕྱི་ཕྱོགས་ཀྱི་གྲོགས་པོ། སྐུ་ཞབས་ Adapa Prasad ལགས་ཀྱིས། ད་ལོའི་དབྱར་དུས་འདིར་འཛམ་གླིང་ཧྲིལ་བོས་རྒྱ་ནད་ཏོག་དབྱིབས་རིམས་ནད་ལ་ཁ་གཏད་གཅོག་བཞིན་པའི་ཁྲོད་དུ་རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་ཙམ་མ་ཡིན་པར་ཁྱིམ་མཚེས་རྒྱལ་ཁབ་མང་པོའི་ས་མཚམས་སུ་བཙན་འཛུལ་བྱེད་ཐབས་བྱས་ཡོད་པ་ཡོངས་གྲགས་ཀྱིས་ད་ཆ་འཛམ་གླིང་གི་རྒྱལ་ཁབ་ཡོངས་རྫོགས་གཅིག་གྱུར་གྱིས་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་ལ་འཐབ་འཛིང་བྱེད་དགོས་བའི་དུས་ལ་བབ་ཡོད་པའི་གསུངས་བཤད་གནང་འདུག གཞན་ཡང་རྒྱ་གར་བ་སྐུ་ཞབས། Puneet Ahluwalia ལགས་ཀྱིས་ཀྱང་། རྒྱ་ནག་གིས་ཡུ་གུར་བ་དང་ཧོང་ཀོང་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པ་ལུང་འདྲེན་གནང་སྟེ་ཨ་རིའི་སྲིད་འཛིན་ཁྲི་རན་ཕི་ལགས་ཀྱིས་རྒྱ་ནག་གི་འབྲེལ་ལམ་ལ་དོ་དོམ་གནང་གི་ཡོད་པ་དེ་ནི་དུས་ལ་བབ་པའི་ཁ་ཕྱོགས་ལེགས་པོ་ཞིག་རེད་ཅེས་གསུངས་པ་དང་སྦྲགས། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་སྲུང་བྱེད་དགོས་པའི་རེ་སྐུལ་ཞུས་འདུག ད་དུང་ཁོང་གིས་རྒྱ་ནག་གིས་ཨ་ཧྥི་རི་ཁ་དང་ཨེ་རཱན་གྱི་ནང་དུ་ལས་ཀ་ཅི་ཞིག་གཉེར་བཞིན་པ་ཤེས་རྟོགས་བྱུང་ཡོད་པ་ལུང་འདྲེན་གནང་བ་ཟད་རྒྱ་ནག་གིས་སྤྱི་ཚོགས་དྲ་རྒྱའི་མཉེན་ཆས་མང་པོ་བརྒྱུད་ནས་ཨ་རིའི་ནང་དུ་གསང་ཉུལ་གྱི་ལས་ཀ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ཡིག་ཚག་དང་གནས་ཚུལ་གཞན་མང་པོ་རྐུ་འཁྱེར་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུག གཞན་ཡང་སྐབས་དེར་ངོ་རྒོལ་གྱི་ལས་འགུལ་ལ་ཞུགས་མཁན་གྱི་སྐུ་ཞབས། Sunil Singh ལགས་ཀྱིས་རྒྱ་གར་གྱི་སྲིད་བློན་མཱོ་ཌི་མཆོག་གིས་རྒྱ་ནག་གི་དྲ་རྒྱའི་མཉེན་ཆས་མང་པོ་ཞིག་ནག་གསུབ་བཏང་བར་བསྔགས་བརྗོད་གནང་བ་དང་ལྷན་དུ། ད་ཆ་རྒྱ་གར་བ་རྣམས་ཀྱིས་རྒྱ་ནག་གིས་ཐོན་སྐྱེད་བྱས་པའི་དངོས་ཟོག་གཅིག་ཀྱང་ཉོ་རྒྱུ་མིན་པ་ཡོངས་གྲགས་གནང་སྟེ། ད་ཆ་ཨ་རིའི་ངོས་ནས་ཀྱང་རྒྱ་གར་གྱིས་རྒྱ་ནག་དང་འབྲེལ་བའི་གོམ་སྟབས་གསར་བ་ཞིག་སྤོས་ཡོད་པ་དེར་མིག་དཔེ་ལེན་ཐུབ་ན་དགེ་མཚན་ཆེ་བའི་རེ་སྐུལ་གནང་འདུག རྩ་བའི་དེང་སང་རྒྱ་ནག་གིས་ཕྱི་ཕྱོགས་སུ་སྤྱི་ཚོགས་དྲ་ལམ་ནས་གསང་ཉུལ་བྱེད་བཞིན་པའི་གླེང་སློང་མང་པོ་འབྱུང་བཞིན་ཡོད་པར་བརྟེན། ཟླ་བ་སྔོན་མའི་ནང་། རྒྱ་གར་དབུས་གཞུང་གིས་རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་དང་བདེ་འཇགས་གཞི་རྩར་བཟུང་བའི་ཐོག་རྒྱ་གར་ནང་བཀོལ་སྤྱོད་བྱེད་བཞིན་པའི་རྒྱ་ནག་གི་མཉེན་ཆས་ ༥༩ ཙམ་ཞིག་བཀག་སྡོམ་བྱས་ཡོད་པ་མ་ཟད། ད་དུང་རྒྱ་ནག་གི་མཉེན་ཆས་ ༢༥༠ ཙམ་ཞིག་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན་སྟབས། རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་ར་འཕྲོད་བྱུང་ཚེ་མཉེན་ཆས་དེ་དག་ཡོངས་སུ་བཀག་སྡོམ་བྱེད་རྒྱུ་ཡིན་ཚུལ་ཡོངས་གྲགས་གནང་ཡོད་པ་དང་། དེ་བཞིན་གཟའ་འཁོར་སྔོན་མའི་ནང་ཨ་རིའི་ངོས་ནས་ཀྱང་རྒྱ་ནག་གི་སྐད་འཕྲིན་དང་ཀྲིག་ཁྲོ་གཉིས་བཀག་སྡོམ་བྱེད་རྒྱུའི་བཀོད་ཁྱབ་བཏང་ཡོད་པ་རེད།

རྒྱ་ནག་གི་མཉེན་ཆས་ཊིཀ་ཊོཀ་དང་སྐད་འཕྲིན་བཀག་སྡོམ་གནང་རྒྱུའི་བཀོད་ཁྱབ།

ཉེ་བའི་ཆར་རྒྱ་དཀར་ནག་དབར་ས་མཚམས་དང་འབྲེལ་རྩོད་རྙོག་ཆེ་རུ་ཕྱིན་ཏེ་མཐའ་སྲུང་དམག་མིའི་དབར་དངོས་སུ་ལག་འཛིང་ཤོར་བའི་རྐྱེན་གྱིས་ཕན་ཚུན་གྱི་དམག་མི་གསོད་རེས་ཀྱིས་གྱོད་དོན་རྣོ་ངར་ཅན་དུ་གྱུར་བར་བརྟེན་རྒྱ་གར་དབུས་གཞུང་གི་བརྡ་འཕྲིན་འཕྲུལ་ལས་སྡེ་ཁག་གིས་ཕྱི་ཟླ་ ༧ ཟླ་སྟོད་དུ་རྒྱ་ནག་གིས་བཟོས་བའི་མཉེན་ཆས་ Wechat འམ་སྐད་འཕྲིན་གཙོས་པའི་མཉེན་ཆས་ ༥༩ རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བཀག་སྡོམ་གནང་ཡོད་པ་ལྟར། ཁ་སང་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་ཀྱང་རྒྱ་ནག་གིས་བཟོས་པའི་མཉེན་ཆས་ TikTok དང་ WeChat གཉིས་པོ་ཁྱོན་ཉིན་གྲངས་ ༤༥ ནང་ཚུད་བཀག་སྡོམ་གནང་རྒྱུ་ཡིན་པའི་བཀོད་ཁྱབ་གནང་འདུགཨ་རིའི་ནོར་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ Steven Mnuchin ལགས་ཀྱིས་ཀྱང་འདས་པའི་གཟའ་འཁོར་ནང་རྒྱ་ནག་གིས་བཟོས་པའི་མཉེན་ཆས་ TikTok དང་ WeChat དེ་དག་མཚམས་འཇོག་གནང་དོན་ནི་ཨ་རིའི་བདེ་འཇགས་ལ་དམིགས་ཏེ་གནང་བ་ཅིག་ཡིན་སྐོར་གསུངས་ཡོད་པ་རེད། གཞི་རྩའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་དེ་སྔོན་རྒྱ་ནག་གིས་བཟོས་པའི་མཉེན་ཆས་ TikTok དེ་གང་མགྱོགས་བཀག་སྡོམ་གནང་རྒྱུ་ཡིན་པའི་བཀའ་ཁྱབ་བསྒྲགས་ངེས་ཡིན་སྐོར་གསུངས་མ་ཐག་གྷུ་གྷལ་ཚོང་ལས་ཁང་གིས་ TikTok  མཉེན་ཆས་དེ་ཉོ་རྒྱུ་ཡིན་སྐོར་གསུངས་པ་བཞིན་སྲིད་འཛིན་མཆོག་གིས་ TikTok  མཉེན་ཆས་གཉེར་མཁན་རྒྱ་ནག་གི་ Bytedance ཚོང་ལས་ཁང་ལ་ཕྱི་ཟླ་ ༩ ཚེས་ ༡༥ ནང་ཚུད་གཉེན་ཆས་བཙོང་ཟིན་དགོས་པའི་དུས་བཅད་གནང་ཡོད་པ་དང་། ཅི་སྟེ་གྷུ་གྷལ་ཚོང་ལས་ཁང་གིས་ TikTok མཉེན་ཆས་དེ་ཉོ་མ་ཚར་ན་ཨ་རིའི་ངོས་ནས་གཉེན་ཆས་དེ་ཡོངས་སུ་བཀག་སྡོམ་གནང་རྒྱུ་ཡིན་པའི་བཀོད་ཁྱབ་གནང་ཡོད་པ་རེད།TikTok ཚོང་ལས་ཁང་གིས་སྲིད་འཛིན་མཆོག་གིས་བཀོད་ཁྱབ་དེར་ཧ་ཅང་བློ་ཕམ་གྱི་རྣམ་པ་ཆེད་འདོན་དང་འབྲེལ་ཏེ་གནད་དོན་དེའི་ཐོག་ཨ་རིར་ཁྲིམས་གཏུག་བྱ་རྒྱུའི་ཉེན་བརྡ་བཏང་བ་མ་ཟད། Wechat ཡི་ཚོང་བདག་ Tencent ཚོང་ལས་ཁང་གིས་ཀྱང་ད་ལྟའི་ཆར་གནད་དོན་དེའི་ཐོག་བསྐྱར་ཞིབ་བྱེད་བཞིན་ཡོད་པ་བཤད་འདུག སྤྱིར་ཨ་རི་གཞུང་གི་ངོས་ནས་རྒྱ་ནག་གིས་བཟོས་པའི་མཉེན་ཆས་ TikTok དེ་བཀག་སྡོམ་གནང་དོན་གཙོ་བོ་ནི་རྒྱ་ནག་དམར་ཤོག་ཚོགས་པས་མཉེན་ཆས་དེའི་བརྒྱུད་ནས་ཨ་རི་ནང་དུ་ཨ་རིའི་གཞུང་འབྲེལ་མི་སྣ་དང་མི་སེར་དཀྱུས་མ་ཚོའི་ལོ་རྒྱུས་དང་གསང་གནས་ཁག་རྐུ་ཁྱེར་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས་དེ་ལྟར་བཀག་སྡོམ་གནང་བ་ཡིན་པ་དང་། དེ་བཞིན་སྐད་འཕྲིན་ནམ་ཝི་ཅཊ་བཀག་སྡོམ་གནང་བ་དེ་ནི་སྐད་འཕྲིན་བརྒྱུད་མི་ཕན་ཚུན་དབར་དངུལ་དམར་སྐུར་གྱི་ཡོད་སྟབས། གལ་ཏེ་དེ་ལྟར་བྱས་པའི་གནས་ཚུལ་ཐོན་ཚེ་ཨ་རིའི་ཁྲིམས་སྒྲིག་གི་དགོངས་དོན་བཞིན་ཉེས་ཆད་འགེལ་རྒྱུ་ཡིན་པ་གསུངས་འདུགCNN གསར་ཁང་གིས་ལྷག་དོན་ད་རེས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊམ་མཆོག་གིས་རྒྱ་ནག་གི་མཉེན་ཆས་བཀག་སྡོམ་གནང་བའི་རྒྱུ་མཚན་གཞན་ཞིག་ནི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གིས་བཟོས་པའི་མཉེན་ཆས་ TikTok བེད་སྤྱོད་བཏང་བའི་ཐོག་ནས་བརྙན་པར་ཆེད་སྒྲིག་གིས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་སམ་ Covid -19 ཁྱབ་བརྡལ་དང་འབྲེལ་ནད་ཡམས་དེ་རྒྱ་ནག་ནས་ཁྱབ་མེད་པ་སོགས་གནས་ཚུལ་རྫུན་བཟོ་བྱས་པ་ཁག་འགོག་ཐབས་སླད་ཡིན་པར་གསུངས་འདུག རྒྱ་ནག་གི་ཊིཀ་ཊོཀ་ཚོང་གཉེར་ཁང་གི་ངོས་ནས་དུས་ད་ལྟའང་ཨ་རི་ནང་དུ་མཉེན་ཆས་དེ་སྤྱོད་མཁན་ཚོར་མུ་མཐུད་ནས་སྤྱོད་འདོད་ཡོད་སྐོར་བཤད་པ་མ་ཟད་དེ་བཞིན་ TikTok མཉེན་ཆས་ཚོང་ལས་ཁང་གི་མགྲིན་ཚབ་པ་ Josh Gartner ཡིས་ཀྱང་ཨ་རི་གཅིག་པོར་ TikTok སྤྱོད་མཁན་མང་ཚོགས་ས་ཡ་བརྒྱ་ལྷག་ཡོད་པ་དེ་དག་གི་བསམ་སྤྱོད་ལ་གུས་བརྩི་ཞུས་ཏེ་མུ་མཐུད་སྤྱོད་རྒྱུ་ཡོང་བར་རེ་བ་ཡོད་སྐོར་བརྗོད་འདུགདཔྱད་ཞིབ་པ་ཁག་ཅིག་གིས་ད་ལན་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་རྒྱ་ནག་གིས་བཟོས་པའི་མཉེན་ཆས་ TikTok དང་ WeChat བཀག་སྡོམ་གནང་རྒྱུའི་བཀོད་ཁྱབ་གནང་བ་དེ་ནི་ཉེ་བའི་ཆར་ཊམ་གྱི་འོས་བསྡུའི་དྲིལ་བསྒྲགས་གནང་སྐབས་ཁོང་ལ་མི་འདོད་པ་ཚོས་ཊིཀ་ཊོག་སྤྱོད་ནས་བརྙན་པར་བཟོས་པའི་རྐྱེན་གྱིས་ཡིན་པར་དགོངས་ཚུལ་གསུང་བཞིན་འདུག

ནིའུ་ཛ་ལན་ཌིའི་གསར་ཤོག་གིས་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བར་སྐྱོན་བརྗོད།

ཉེ་ཆར་ནིའུ་ཛ་ལན་ཌི་ནང་གི་གསར་ཤོག་ཆེ་གྲས་ཤིག་གིས་ས་གནས་རྒྱ་ནག་གཞུང་ཚབ་ལས་ཁང་གི་དྲིལ་བསྒྲགས་ཁག་ཅིག་སྤེལ་བར་བརྟེན་ས་གནས་ཀྱི་ཡུལ་མི་དང་ལྷག་པར་ཁུལ་དེར་གནས་སྡོད་ཧོང་ཀོང་མང་ཚོགས་རྣམས་ནས་དེ་ནི་རྒྱ་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་དང་རྫུན་གཏམ་ཁོ་ན་ཡིན་པར་སྐྱོན་བརྗོད་གནང་བཞིན་འདུགདེའང་ནིའུ་ཛ་ལན་ཌིའི་ Christchurch ཞེས་པའི་གསར་ཁང་གིས་རྣམ་ཀུན་ནས་དེ་གའི་གསར་ཤོག་ཐོག་ས་གནས་རྒྱ་ནག་གཞུང་ཚབ་ལས་ཁང་གི་དྲིལ་བསྒྲགས་སྤེལ་མུས་ཡིན་པ་དེ་ལྟར་ཡང་། ཉེ་བའི་ཆར་གསར་ཤོག་དེའི་ངོས་ནས་ཧོང་ཀོང་ནང་གི་གནད་དོན་དང་ཏོག་དབྱིབས་གཉན་རིམས་ ༡༩ པ། དེ་བཞིན་ཡུ་གུར་གྱི་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་རང་དབང་སོགས་དང་འབྲེལ་བའི་དྲིལ་བསྒྲགས་ཁག་ཅིག་སྤེལ་ཡོད་པ་རེད་འདུག RNZ ཞེས་པའི་ས་གནས་ཀྱི་བརྒྱུད་ལམ་ཐོག་གནས་ཚུལ་ཐོན་གསལ་ Christchurch གསར་ཁང་གིས་འདས་པའི་ལོ་གཉིས་དང་ཕྱེད་ཀ་ཙམ་ནས་དེའི་བདུན་རེའི་གསར་ཤོག་ཐོག་ས་གནས་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་དྲིལ་བསྒྲགས་རིགས་སྤེལ་སྲོལ་ཡོད་པ་དང་། གསར་ཁང་གི་ངོས་ནས་ཐེངས་འདིའི་ལས་དོན་གཉེར་བ་དེ་འགྲིག་པར་སྒྲུབ་བྱེད་ལ་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་སྐོར་བཤད་པ་མ་ཟད། རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ནས་ཀྱང་གསར་ཤོག་དེའི་ཐོག་དྲིལ་བསྒྲགས་གང་སྤེལ་བ་དེ་དག་ཡོངས་རྫོགས་བདེན་པ་རང་ཡིན་ཞེས་བཤད་འདུག Christchurch གསར་ཤོག་གཉེར་མཁན་ Star Media ཚོང་ལས་ཁང་ས་གནས་འགན་འཛིན་སྐུ་ཞབས་ Steve McCaughan ལགས་ཀྱིས་གསར་ཤོག་དེའི་ངོས་ནས་ཕྱོགས་ཚང་མར་སྨྲ་བརྗོད་ཀྱི་རང་དབང་སྤྲོད་དགོས་པ་དང་། ཚོང་གཉེར་བ་གང་ཞིག་གིས་དེའི་གསར་ཤོག་ཐོག་ཁྱབ་བསྒྲགས་བྱས་ཡོད་ཀྱང་དེ་ནི་ནིའུ་ཛ་ལན་ཌི་གཞུང་གི་ལམ་སྟོན་ནང་ཚུད་ལྟར་གནང་ཚེ་དེར་ངོས་བཞེས་གནང་གི་ཡོད་སྐོར་བཤད་འདུག རྩ་བའི་ Christchurch གསར་ཤོག་ཐོག་ཐེངས་འདིར་སྤེལ་བའི་གཞུང་ཚབ་ཁང་གི་དྲིལ་བསྒྲགས་ནང་ཤིན་ཅང་ནང་གི་ཡུ་གུར་གྱི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱེད་བཞིན་པ་དེ་ནི་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོད་བྱེད་ཡིན་པར་ཆེད་བཀོད་བྱས་པ་དང་། ཧོང་ཀོང་ནང་དུ་ཁྲིམས་གཞི་གསར་པ་བསྡམས་པ་དེས་ཕུགས་རྒྱང་རིང་པོར་ཞི་བདེ་ལྡན་པ་ཞིག་བསྐྲུན་ཕྱིར་ཡིན་པ་སོགས་བཀོད་ཡོད་པ་རེད་འདུགནིའུ་ཛ་ལན་ཌི་ནང་དུ་ཡོད་པའི་ཧོང་ཀོང་ལ་རྒྱབ་སྐྱོར་ཞུ་མཁན་ཚོགས་པ་ཁག་ནས་མངོན་ཐོན་གྱིས་བཀའ་མོལ་གནང་བར་ཞེད་སྣང་གནང་སྟེ་ RNZ གསར་ལས་ཁང་ལ་རྒྱ་གཞུང་གིས་གང་བཤད་པ་དེ་རྣམས་འཁྱོག་བཤད་འབའ་ཞིག་དང་ནིའུ་ཛ་ལན་ཌིའི་ཧོང་ཀོང་མི་མང་ནས་དེ་ལྟར་བཀའ་མོལ་གནང་བར་འཇིགས་ཞུམ་གནང་གི་ཡོད་སྐོར་སོགས་ཀྱང་བཀོད་འདུག ནོར་ཝེ་ Tromso གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་ཚན་རིག་པ་དང་རྒྱ་ནག་རིག་པའི་མཁས་དབང་སྐུ་ཞབས་ Marc Lanteigne ལགས་ཀྱིས་ New Zealand གཞུང་གི་ངོས་ནས་རྒྱ་ནག་དང་འབྲེལ་བའི་དྲིལ་བསྒྲགས་རིགས་ལ་དོ་སྣང་བྱེད་དགོས་པ་དང་ཉེ་ཆར་རང་རྒྱ་ནག་གིས་ཧོང་ཀོང་ནང་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱེད་མུས་དང་འབྲེལ་ནིའུ་ཛ་ལན་ཌི་གཞུང་འཛིན་གྱིས་དེ་སྔ་ཧོང་ཀོང་དང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་ཕྱིར་འཐེན་གནང་ཡོད་སྟབས། ད་ལན་འཁྱོག་བཤད་དྲིལ་བསྒྲགས་དེ་ནི་རྒྱ་ནག་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བའི་གནད་དོན་གལ་འགངས་ཅན་ཞིག་ཡིན་པ་གསུངས་འདུག

ཨ་རི་དང་དབྱིན་ཡུལ་གཉིས་ཀྱིས་རྒྱ་ནག་ལ་མཉམ་འབྲེལ་ངང་ཁ་གཏད་གཅོག་རྒྱུའི་ཞུ་སྐུལ།

རྒྱ་ནག་གཞུང་གིས་ཤིན་ཅང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤུགས་ཆེར་གཏོང་བཞིན་པའི་གནད་དོན་དང་འབྲེལ་ནས་ད་ཆ་དབྱིན་ཡུལ་གཞུང་ལ། རྒྱ་ནག་གི་དཔོན་རིགས་ཁག་ཡུལ་དེའི་ནང་ཡོང་རྒྱུར་བཀག་སྡོམ་བྱེད་དགོས་པའི་གནོན་ཤུགས་སྤྲོད་བཞིན་པའི་ཁྲོད། ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ། སྐུ་ཞབས་ Mike Pompeo མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན། སྐུ་ཞབས་ Boris Johnson མཆོག་དང་དངོས་སུ་མཇལ་འཕྲད་ཀྱིས།  ཨ་རི་དང་དབྱིན་ཡུལ་གཉིས་ཀྱིས་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོད་རྒྱུའི་རེ་སྐུལ་ཞུས་འདུག དེའང་དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟའི་ཆར་པེ་ཅིན་སྲིད་གཞུང་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་གི་བར་དུ་ས་ཁོངས་ཆབ་སྲིད་ཀྱི་སེམས་འཚབ་ཇེ་ཆེར་འཕེལ་བཞིན་པའི་ཁྲོད། སྐུ་ཞབས་ Pompeo མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན་དང་། ཕྱི་སྲིད་དྲུང་ཆེ། དེ་བཞིན་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཀྱི་དབུས་པའི་གནད་ཡོད་དཔོན་རིགས་ཁག་ཅིག་དང་ལྷན་དུ་མཇལ་མོལ་གནང་བ་མ་ཟད། ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་ལྷན་དུའང་མཇལ་འཕྲད་གནང་འདུག ཁ་སང་གི་མཇལ་མོལ་དེའི་ཐོག  སྐུ་ཞབས་ Pompeo མཆོག་གིས་ད་སྐབས་ནུབ་གླིང་གི་རྒྱལ་ཁབ་རྣམས་ཀྱིས་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་གི་ཡོད་པར་འགྲེལ་བརྗོད་ཀྱིས། དབྱིན་ཡུལ་ཡང་མཉམ་འབྲེལ་དེར་འཛུལ་ཞུགས་བྱེད་རྒྱུའི་རེ་སྐུལ་ཞུས་ཡོད་པ་དང་། མཇལ་མོལ་ཐོག་བཅར་བའི་དབྱིན་ཡུལ་གྱི་གྲོས་ཚོགས་མི་སྣ་ཞིག་གིས་ཀྱང་། ཕྱོགས་གཉིས་ཀྱི་མཇལ་མོལ་དེ་དག་ནི་གཙོ་བོ་རྒྱ་ནག་ལ་ཐད་ཀར་ངོ་རྒོལ་བྱེད་རྒྱུ་མིན་པར། རྒྱ་ནག་གི་ཀུན་སྤྱོད་ཀྱིས་ནུབ་གླིང་བ་དག་གིས་རྒྱ་ནག་དང་མཉམ་དུ་ཚོངའབྲེལ་བྱེད་དཀའ་བའི་བརྡ་ལན་སྤྲོད་རྒྱུའི་ཆེད་ཡིན་པ་འགྲེལ་བརྗོད་གནང་འདུག དེ་བཞིན་སྐུ་ཞབས་ Mike Pompeo ལགས་ཀྱིས་རྒྱ་ནག་གིས་ཡུ་གུར་མི་མང་ས་ཡ་གཅིག་ཙམ་བཀག་སྐྱིལ་བྱས་ཡོད་པའི་གནད་དོན་དང་འབྲེལ་ནས། དབྱིན་ཡུལ་གཞུང་གིས་ Magnitsky Act  ཞེས་པའི་ཁྲིམས་འཆར་བརྒྱུད་ནས་ཤིན་ཅང་གི་དྲག་གནོན་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་རྣམས་དབྱིན་ཡུལ་དུ་ཡོང་རྒྱུར་བཀག་སྡོམ་བྱེད་རྒྱུ་སོགས་ཀྱི་གནད་དོན་ཡང་གླེང་སློང་གནང་འདུག དེ་བཞིན་སྐུ་ཞབས་ Pompeo མཆོག་གིས་རྗེས་སུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་འགྲེལ་བརྗོད་གནང་དོན་ལྟར་ན། ཁོང་གིས་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Mr Raab ལགས་དང་ལྷན་དུ། རྒྱ་ནག་གིས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་དང་འབྲེལ་ཧོང་ཀོང་ནང་གི་ད་ལྟའི་གནས་སྟངས་དང་། རྒྱ་ནག་གིས་ད་ཆ་ཡུལ་དེའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་བཙན་འཛུལ་བྱེད་བཞིན་པའི་གནད་དོན་གྱི་ཐད་ལ་གྲོས་བསྡུར་གནང་ཡོད་པ་མ་ཟད། དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་Huawei བཟོ་ལས་ཁང་གི་དྲ་འབྲེལ་གྱི་ G5 ལས་གཞི་ཕྱིར་འཐེན་བྱས་ཡོད་པ་དེ་ནི་ཁྲིམས་སྒྲིག་དང་མཐུན་པའི་ཐག་གཅོད་ཅིག་རེད་ཅེས་བསྔགས་བརྗོད་གནང་འདུག མ་ཟད་རྒྱ་ནག་གིས་དབྱིན་རྒྱ་གཉིས་ཀྱི་ཆངས་ཡིག་རྩིས་མེད་བཏང་ཡོད་པར་བརྟེན། དབྱིན་ཡུལ་གཞུང་གིས་བྲོས་བྱོལ་དུ་ཡོང་བཞིན་པའི་ཀོང་ཧོང་བ་རྣམས་ལ་སྣེ་ལེན་བྱེད་བཞིན་པ་དེར་ཆེ་བསྟོད་དང་། ལྷག་པར་གནད་དོན་དེ་དང་འབྲེལ་དབྱིན་ཡུལ་གཞུང་གིས་ཧོང་ཀོང་དང་ཉེས་ཅན་རྩིས་སྤྲོད་ཀྱི་ཆིང་ཡིག་རྩིས་མེད་བཏང་བ་བཅས་ལ་ཨ་རིའི་ངོས་ནས་རྒྱབ་སྐྱོར་ཡོད་པ་འགྲེལ་བརྗོད་གནང་འདུག གོང་གི་གནད་དོན་དེ་དག་དང་འབྲེལ་ནས། འདི་གའི་གསར་འགོད་པས་དེ་རིང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད། བསོད་ནམས་ཚེ་རིང་ཕར་སི་ལགས་སུ་ཞལ་པར་བརྒྱུད་ནས་བཀའ་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཆར་རྒྱ་ནག་གི་ནད་ཡམས་དང་ཁྱིམ་མཚེས་རྒྱལ་ཁབ་སོགས་དང་འབྲེལ་བའི་ས་མཚམས་ཀྱི་རྙོག་གླེང་སོགས་ཀྱི་གནད་དོན་དང་འབྲེལ་ནས། རྒྱལ་སྤྱིཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Pompeo མཆོག་ད་རེས་དབྱིན་ཡུལ་དུ་ཕེབས་པ་དང་བསྟུན། ཁ་སང་ཁུལ་དེའི་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཆེན་མོའི་གཟིམ་ཁང་དུ། ཧོང་ཀོང་དབྱིན་ཡུལ་འོག་ཡོད་པའི་སྐབས་ཀྱི་སྲིད་སྐྱོང་མཐའ་མ་སྐུ་ཞབས་ Chris Pattern ལགས་དང་། གཞན་ཡང་ཉེས་ཆར་རང་ཁུལ་དེར་བྲོས་བྱོལ་དུ་ཕེབས་པའི་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་གྲགས་ཅན་སྐུ་ཞབས་ Nathan Law ལགས་དང་ལྷན་དུའང་ཟུར་དུ་མཇལ་འཕྲད་གནང་འདུག སྐུ་ཞབས་ Pompeo ལགས་དང་འབྲེལ་བ་དམ་ཟབ་ཡོད་པའི་དཔོན་རིགས་མིང་མི་གསལ་བ་ཞིག་གིས་ས་གནས་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་དོན་ལྟར་ན། ཨ་རིའི་གཞུང་ངོས་ནས་ད་ལྟའི་ཆར་རྒྱ་ནག་གིས་ཉེ་ལམ་གཏན་འབེབས་ལག་བསྟར་བྱས་པའི་ཧོང་ཀོང་གི་བདེ་འཇགས་དང་འབྲེལ་བའི་ཁྲིམས་གཞི་དེའི་ཐོག་ལན་འདེབས་ཇི་ལྟར་བྱེད་མིན་ལ་བསམ་ཞིབ་གནང་བཞིན་ཡོད་པ་དང་། ཁ་སང་སྐུ་ཞབས་ Nathan ལགས་ཀྱིས་སྐུ་ཞབས་ Pompeo ལགས་སུ་ཧོང་ཀོང་ནང་གི་ད་ལྟའི་གནས་བབ་དང་། ཁུལ་དེའི་ནང་གི་དམངས་གཙོའི་ལས་འགུལ་བཅས་ཀྱི་སྐོར་ལ་སྙན་གསེང་ཞིབ་ཕྲ་ཞུས་འདུགགཞི་རྩའི་ཨ་རིའི་གཞུང་ངོས་ནས་ཉེ་བའི་ཆར་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནད་དོན་འོག་ཤིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་གཙོས་པའི་དཔོན་རིགས་ཁག་ཅིག་ཨ་རིའི་ནང་བསྐྱོད་རྒྱུ་བཀག་སྡོམས་བྱས་པ་མ་ཟད། གཞན་ཡང་ཉེ་ལམ་ཡུ་གུར་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་སྲིད་གཞུང་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་འཕྲུལ་རིགས་དང་གྱོན་ཆས་སོགས་དང་འབྲེལ་བའི་བཟོ་ཚོང་ཁང་༡༡ དངོས་སུ་མིང་འདོན་གནང་སྟེ་ཨ་རི་གཞུང་གིས་ཆོག་མཆན་མེད་པར་མཉམ་འབྲེལ་གྱི་ཚོང་ལས་གནང་མི་ཆོག་པའི་ཉེས་ཆད་བཅད་པ་ལྟར། རྒྱ་ནག་གིས་དེ་རིང་ཨ་རིའི་བྱེད་བབ་དེ་ནི་རྒྱལ་སྤྱིའི་འབྲེལ་ལམ་སྟངས་འཛིན་གྱི་ལམ་ལུགས་དང་བརྒལ་ཞིང་། རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཞིག་ཡིན་པའི་ལན་འདེབས་བྱས་ཡོད་པ་རེད།།

ཨ་རིས་ཧོང་ཀོང་གི་དམིགས་བསལ་གནས་བབ་མཚམས་འཇོག་གནང་བ།

ཨ་རི་སྲིད་འཛིན་ Donald Trump མཆོག་གིས་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་བྱེད་ཕྱོགས་ལ་ཡ་ལན་ཚུལ་དུ་ཁ་སང་ཧོང་ཀོང་གི་དམིགས་བསལ་གནས་བབ་མཚམས་འཇོག་དགོས་པའི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་པ་དང་དེ་བཞིན་ཧོང་ཀོང་གི་རང་སྐྱོང་ལ་དོ་ཕོག་གཏོང་མཁན་རྒྱའི་གཞུང་འབྲེལ་ལས་བྱེད་ལ་ཉེས་ཆད་འགེལ་རྒྱུའི་ཁྲིམས་གཏན་འབེབས་གནང་འདུག ཉེ་ལམ་རྒྱ་ནག་གཞུང་གིས་ཧོང་ཀོང་མང་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་དགོས་འདུན་ལ་ལྟོས་མེད་ཧོང་ཀོང་བདེ་འཇགས་ཞེས་པའི་ཁྲིམས་གཏན་འབེབས་བྱས་པ་དང་ཁ་སང་སྲིད་འཛིན་ཊམ་མཆོག་གིས་ཕོ་བྲང་དཀར་པོར་གསར་འགོད་ལྷན་ཚོགས་སྐབས་ང་ཚོ་ཚང་མས་ད་བར་ཧོང་ཀོང་ནང་གི་ཡ་ང་བའི་གནས་ཚུལ་གང་བྱུང་བ་རྣམས་ཤེས་རྟོགས་བྱུང་ཡོད་པ་དང་། ད་ཆ་རྒྱ་ནག་གཞུང་གིས་ཧོང་ཀོང་མང་ཚོགས་ཀྱི་རང་དབང་དང་ཐོབ་ཐང་ཡོངས་རྫོགས་བཙན་འཕྲོག་བྱས་ཡོད་སྟབས། ཕྱིན་ཆད་ཨ་རིའི་ངོས་ནས་ཧོང་ཀོང་ལ་རྒྱ་ནག་སྐམ་ས་ཆེན་པོའི་ཡུལ་ལུང་བཞིན་ངོས་འཛིན་གནང་རྒྱུ་ཡིན་པས་ཧོང་ཀོང་ལ་དེ་སྔ་འཕྲུལ་རིག་ཕྱི་ཚོང་དང་ཚོང་འབྲེལ། དེ་བཞིན་དཔལ་འབྱོར་མཐུན་འགྱུར་གྱི་དམིགས་བསལ་གནས་བབ་གནང་བ་དེ་དག་མཚམས་འཇོག་གནང་རྒྱུ་ཡིན་པ་གསུངས་འདུག སྲིད་འཛིན་མཆོག་གིས་ཧོང་ཀོང་གི་ཁྲིམས་འཆར་འདི་བརྒྱུད་ནས་ཁོང་གི་སྲིད་གཞུང་ལ་ཧོང་ཀོང་གི་རང་དབང་མེད་པ་བཟོ་མཁན་གྱི་སྒྲིག་འཛུགས་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་དེ་དག་འགན་ཁུར་བ་ཞིག་བཟོ་བར་དབང་ཆ་གནང་གི་ཡོད་པ་གསུངས་འདུག གཞི་རྩའི་ཧོང་ཀོང་དང་འབྲེལ་ཁྲིམས་འཆར་དེ་ཉེ་ལམ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་མང་མོས་ རྒྱབ་སྐྱོར་ཐོབ་ཡོད་པ་རེད། སྤྱིར་དེ་སྔ་ཕྱི་ལོ་ ༡༩༩༧ ལོར་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་སྐབས་ཧོང་ཀོང་ནས་ཉུང་མཐར་ཕྱི་ལོ་ ༢༠༤༧ བར་ཚད་མཐོའི་རང་སྐྱོང་གི་གནས་བབ་ལོངས་སྤྱོད་བཅུག་པ་འཁོད་ཡོད་པ་ལྟར་ད་ལན་ཨ་རིས་གཏན་འབེབས་བྱས་པའི་ཁྲིམས་འཆར་འདི་བརྒྱུད་ཕྱི་མི་སྒེར་སུ་འདྲ་ཞིག་ནས་ཕྱིའི་དངོས་པོའི་ཐོག་ནས་རྒྱ་ནག་གིས་ཧོང་ཀོང་མང་ཚོགས་ཀྱི་རང་དབང་རྡོག་རོལ་གཏོང་བཞིན་པར་རྒྱབ་སྐྱོར་དང་རོགས་འདེགས་གནང་ཚེ་མི་སྣ་དེ་ཚོར་སྲིད་དོན་གྱི་ཉེས་ཆད་འགེལ་རྒྱུ་རེད་འདུགཡང་དེའི་བར་ན་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་འཆར་གསར་པ་གཏན་འབེབས་བྱས་པ་དང་སྦྲགས་ཏེ་ཧོང་ཀོང་ནང་གསར་འགོད་རང་དབང་གཙོས་མང་ཚོགས་ཀྱི་རང་དབང་ལ་དམ་དྲག་བྱེད་པར་ཐུགས་འཚབ་ཀྱིས་ཡུལ་དེའི་ནང་རྟེན་གཞི་བྱས་པའི་ཨ་རིའི་ནིའུ་ཡོག་དུས་བབ་གསར་ཁང་གི་ཆ་ཤས་ཁག་ཅིག་ལྷོ་ཀོ་རི་ཡའི་རྒྱལ་ས་ Seoul ནང་གནས་སྤོས་གནང་རྒྱུ་ཡོངས་གྲགས་གནང་འདུགགསར་ཁང་དེས་ཧོང་ཀོང་གི་ཆབ་སྲིད་འགྱུར་ལྡོག་དང་བསྟུན་ཧོང་ཀོང་ནང་ཁོང་ཚོའི་ལས་མི་རྣམས་ལ་ད་བར་ཕྱག་ལས་གནང་ཕྱོགས་དང་འབྲེལ་དཀའ་ངལ་མི་ཉུང་བ་འཕྲད་ཡོད་སྟབས་ད་ཆ་རྒྱ་གཞུང་གིས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་དེ་གཏན་འབེབས་བྱས་པ་དང་བསྟུན་ལོ་རྗེས་མའི་ནང་ཚུད་ལ་ཧོང་ཀོང་ནང་ཡོད་པའི་གསར་འགོད་པ་ཕལ་མོ་ཆེ་ Seoul  ནང་གནས་སྤོ་གནང་རྒྱུ་ཡིན་པ་གསུངས་འདུགརྩ་བའི་ཨ་རིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ཕྱག་བསྟར་གནང་རྒྱུ་ཡོངས་གྲགས་ཀྱིས་རྒྱ་གཞུང་ནས་ཨ་རིའི་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ། དེ་བཞིན་སྲིད་དོན་པ་དང་གཞུང་འབྲེལ་ལས་བྱེད་སོགས་བོད་ནང་ཕེབས་རྒྱུར་བཀག་སྡོམ་བྱེད་མཁན་རྒྱ་གཞུང་གི་དཔོན་རིགས་ཚོ་ཨ་རིར་ཡོང་རྒྱུར་དམ་དྲག་གནང་རྒྱུ་ཡིན་པ་གསུངས་པ་མ་ཟད། ཡུ་གུར་གྱི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་སྲིད་བྱུས་དང་འབྲེལ་རྒྱ་ནག་གཞུང་འབྲེལ་གྱི་ལས་ཁུངས་གཅིག་དང་དཔོན་རིགས་བཞིར་ཉེས་ཆད་འགེལ་རྒྱུ་ཡིན་པ་སོགས་གསལ་བསྒྲགས་ཡང་གནང་ཡོད་པ་རེད།ཕྱོགས་མཚུངས་ད་ལན་ཨ་རིས་ཧོང་ཀོང་ཐོག་སྤེལ་བའི་གསལ་བསྒྲགས་དེར་རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱིས་དེ་རིང་རྒྱལ་ཁབ་སུ་ཞིག་ལ་རྒྱ་ནག་ནང་མོལ་གྱི་གནད་དོན་ལ་ཐེ་བྱུས་གནང་དབང་མེད་པ་དང་། ཨ་རི་ནས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་འཆར་ལག་བསྟར་ཐད་འགོག་རྐྱེན་བཟོ་ཐབས་བྱེད་པ་ནི་ནམ་ཡང་ཡོང་ཐབས་ད་པར་བརྗོད་འདུག ཨ་རིས་བྱེད་ཕྱོགས་དེར་དེ་མཚུངས་ཀྱི་ཡ་ལན་སློག་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་གཞུང་གིས་ཨ་རིའི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་འགེལ་རྒྱུ།

ཤིན་ཅང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བའི་གནད་དོན་དང་འབྲེལ་ཨ་རི་གཞུང་གིས་ཤིན་ཅང་ནང་གི་རྒྱ་ནག་གཞུང་འབྲེལ་ལས་ཁུངས་གཅིག་དང་ད་ལྟའི་ཤིན་ཅང་གི་དམར་ཤོག་ཚོགས་པའི་དཔོན་རིགས་ ༤ ལ་ Global Magnitsky Act ཞེས་པའི་ཁྲིམས་གཞིའི་འོག་ནས་ཉེས་ཆད་བཀལ་བར་ངན་ལན་དང་སྦྲགས་ཏེ་རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་དང་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback ལགས་དང་གྲོས་ཚོགས་འཐུས་མི་གསུམ་བཅས་ཨ་རིའི་གཞུང་གི་ལས་ཁུངས་གཅིག་དང་དཔོན་རིགས་ ༤ ལ་ཉེས་ཆད་འགེལ་རྒྱུ་ཡིན་པ་ཡོངས་གྲགས་བྱས་འདུགདེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hua Chunying ཡིས་གསར་འགོད་ལྷན་ཚོགས་བརྒྱུད་ནས་རྒྱ་ནག་གཞུང་གི་ངོས་ནས་རྣམ་ཀུན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཚོར་ཤུགས་ཆེན་པོའི་ཐོག་ནས་གསུང་མཁན་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback ལགས་དང་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Chris Smith ལགས། དེ་བཞིན་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Marco Rubio ལགས། ཨ་རིའི་གྲོས་ཚོགས་ནང་སྐུ་ཞབས་ Rubio ལགས་ཀྱི་ལྷན་དུ་ཤིན་ཅང་ནང་གི་གནད་དོན་ཐད་རྒྱ་ནག་དཔོན་རིགས་ལ་ཉེས་ཆད་འགེལ་དགོས་པའི་གྲོས་འཆར་འདོན་མཁན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Ted Cruz ལགས་བཅས་ལ་རྒྱ་ནག་གཞུང་གིས་ཉེས་ཆད་འགེལ་རྒྱུ་ཡིན་པ་དང་ད་ལྟའི་ཆར་ཉེས་ཆད་གང་འགེལ་རྒྱུ་ཡིན་པ་སོགས་ཁ་གསལ་གང་ཡང་བརྗོད་མི་འདུགསྐབས་དེར་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hua Chunying ཡིས་ཤིན་ཅང་གི་གནད་དོན་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཡིན་པས་ཨ་རི་གཞུང་ལ་དེའི་ཐོག་ཐད་བྱུས་གནང་དབང་མེད་སྐོར་དང་འབྲེལ། ཨ་རི་གཞུང་གི་ངོས་ནས་ཉེ་ལམ་རྒྱ་ནག་གཞུང་འབྲེལ་གྱི་ལས་ཁུངས་གཅིག་དང་དཔོན་རིགས་བཞིར་ཉེས་ཆད་འགེལ་རྒྱུ་ཡིན་པ་ཡོངས་གྲགས་གནང་བ་དེ་ནོར་འཁྲུལ་ཡིན་སྟབས་ནོར་འཁྲུལ་ལ་ཡོ་བསྲང་གནང་དགོས་ཞེས་སྐུལ་མ་གནང་འདུགརྩ་བའི་གཟའ་འཁོར་སྔོན་མའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཨ་རིའི་ Department of the Treasury ཞེས་ནོར་སྲིད་སྤྱི་ཁྱབ་ལྷན་ཁང་གཉིས་ཀྱིས་དེ་སྔ་ ༢༠༡༦ ཨ་རིའི་གྲོས་ཚོགས་སུ་གཏན་འབེབས་གནང་བའི་ Global Magnitsky Human Rights Accountability Act ཞེས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་འཁུར་ཐུབ་ཐབས་དང་འབྲེལ་བའི་ཁྲིམས་འཆར་དེ་དངོས་སུ་ཕྱག་བསྟར་བརྒྱུད་དེ་ཡུ་གུར་གྱི་ཁ་ཆེའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཁག་རྡོག་རོལ་གཏང་མཁན་རྒྱ་ནག་གི་དཔོན་རིགས་བཞི་དང་རྒྱ་ནག་གཞུང་འབྲེལ་གྱི་ལས་ཁུངས་གཅིག་བཅས་དངོས་སུ་མིང་མངོན་གསལ་གྱིས་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུ་དང་ཨ་རིར་འགྲོ་ཆོག་པའི་མཐོང་མཆན་ལ་དམ་དྲག་གནང་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། དེ་སྔ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་བྱེད་མྱོང་ཡོད་པ་ད་ལྟ་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ Chen Quanguo དང་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ Zhu Hailun དེ་བཞིན་ཤིན་ཅང་རང་སྐྱོང་ལྗོངས་ཁོངས་སུ་ཆེད་འཛུགས་བྱས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་བདེ་ལས་ཁུངས་ཀྱི་དམར་ཤོག་དྲུང་ཆེ་དང་འགན་འཛིན་གཅིག་ལྕོགས་ Wang Mingshan ལས་ཁུངས་དེའི་དམར་ཤོག་དྲུང་ཆེ་ཟུར་པ་ Huo Liujun བཅས་ཀྱི་མིང་མངོན་གསལ་གནང་ཡོད།ཨ་རིའི་ཐག་གཅོད་དེའི་འོག་ཤིན་ཅང་རང་སྐྱོང་ལྗོངས་ཁོངས་སུ་ཆེད་འཛུགས་བྱས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་བདེ་ལས་ཁུངས་དང་དཔོན་རིགས་བཞི་པོ་རྣམས་ཀྱི་ས་ཁང་དང་། དཔལ་འབྱོར་སོགས་ཨ་རི་ནང་ཡོད་པ་རྣམས་བེད་སྤྱོད་བྱེད་མི་ཆོག་པ་དང་། ཁོང་རྣམ་པ་དང་དངོས་ཤུགས་བརྒྱུད་གསུམ་ནས་དཔལ་འབྱོར་དང་ཚོང་སོགས་ཀྱི་འབྲེལ་བ་ཡོད་པའི་ཨ་རིའི་གཞུང་འབྲེལ་ལས་ཁུངས་དང་གང་ཟག་སྒེར་རྣམས་ནས་ཀྱང་དེ་དག་དང་འབྲེལ་བ་གནང་མི་ཆོག་པ་བཟོས་འདུག།དེ་རྣམས་ཀྱིས་གཙོས་པའི་ནང་མི་ཉེ་འབྲེལ་རྣམས་ཨ་རིར་ཡོང་རྒྱུའི་མཐོང་མཆན་ལ་དམ་དྲག་གནང་གཏན་ཁེལ་འདུག དཔྱད་ཞིབ་པ་རྣམས་ཀྱིས་ད་ལྟ་ཨ་རི་དང་རྒྱ་ནག་གཉིས་དབར་འབྲེལ་ལམ་ཆེས་ཞན་པོ་ཆགས་ཡོད་པ་དང་། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ངོས་ནས་བཞེངས་ཕྱོགས་མཁྲེགས་པོ་འཛིན་ཡོད་པ་ལྟར་དེ་ལྟར་གནང་བ་མ་གཏོགས། ཕན་ཚུན་ཉེས་ཆད་འགེལ་སའི་ལས་ཁུངས་དང་སྒེར་གྱི་དཔོན་རིགས་རྣམས་དང་ལྷན་དུ་དུས་རྒྱུན་ཚོང་སོགས་ཀྱི་འབྲེལ་བ་དེ་ཙམ་མེད་སྟབས། ཚོང་འབྲེལ་ལ་དམིགས་བསལ་དཔོ་ཕོག་གི་མེད་པ་དེ་ལྟར་ཡང་། གལ་ཏེ་ཨ་རི་གཞུང་གིས་ཧོང་ཀོང་ནང་གི་ཁྲིམས་གཞིའི་འོག་ནས་ལག་བསྟར་གནང་ཚེ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ལའང་དོ་ཕོག་ངེས་ཅན་འགྲོ་སྲིད་པར་གསུངས་འདུག

  རྒྱ་ནག་གི་བདེ་འཇགས་ཀྱི་ཁྲིམས་འཆར་ཁྲོད་ཧོང་ཀོང་གི་ཞི་རྒོལ་བསྐྱར་ལོག་བྱུང་བ།

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གི་འདི་ལོའི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་སྐབས་ ༡༣ པའི་གྲོས་ཚོགས་ཚོགས་ཐེངས་ ༣ པ་འགོ་འཛུགས་ཀྱིས།   ཚོགས་ཐོག་ཏུ་ཧོང་ཀོང་དང་འབྲེལ་བའི་བདེ་འཇགས་ཀྱི་ཁྲིམས་ཡིག་བཏོན་པར་བརྟེན། ཁེ་ཉིན་ཕྱི་ཚེས་ ༢༤ ཉིན་ཧོང་ཀོང་གི་གྲོང་ཁྱེར་ལྟེ་བར་དམངས་གཙོ་དོན་གཉེར་བ་དང་སློབ་ཕྲུག་སྟོང་ཕྲག་མང་པོས་ཁྲིམས་འཆར་དེར་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཡོད་པ་དང་། སྐབས་དེར་ཧོང་ཀོང་ཉེན་རྟོག་པས་ལས་འགུལ་བར་དྲག་རྡུང་བྱས་ཏེ་ལས་འགུལ་བ་༡༨༠ ལྷག་འཛིན་བཟུང་དང་ཁག་ཅིག་ཛ་དྲག་གི་སྨན་ཁང་དུ་སྐྱེལ་དགོས་བྱུང་འདུག ཐེངས་འདིའི་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཁྲིམས་འཆར་དེ་དང་འབྲེལ་ནས། རྒྱལ་སྤྱིའི་ཐོག་གི་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་ ༢༠༠ ལྷག་གིས་མཉམ་རུབ་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གི་ཧོང་ཀོང་དང་འབྲེལ་བའི་བདེ་འཇགས་ཀྱི་ཁྲིམས་འཆར་དེ་ནི་ཕྱོགས་ཡོངས་ནས་ཧོང་ཀོང་གི་རང་སྐྱོང་གི་གནས་བབ་དང་ཁྲིམས་སྒྲིག  ད་དུང་གཞི་རྩའི་ཐོབ་ཐང་སོགས་ལ་རྒོལ་རྡུང་གཏོང་བྱེད་ཅིག་ཡིན་པར་ཡོངས་གྲགས་གནང་འདུག ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ Robert O’brien ལགས་ཀྱིས་ཁྲིམས་ཡིག་དང་འབྲེལ་ནས་ NBC གསར་ཁང་ལ་འགྲེལ་བརྗོད་བྱེད་དོན།  ཐེངས་འདིའི་ཧོང་ཀོང་དང་འབྲེལ་བའི་རྒྱ་ནག་གི་བདེའཇགས་ཀྱི་ཁྲིམས་ཡིག་དེ་ཧོང་ཀོང་རྒྱ་ནག་གི་གི་སྟངས་འཛིན་འོག་སླེབས་ཆེད་བཟོས་པ་ཞིག་རེད། གལ་ཏེ་རྒྱ་ནག་གཞུང་གིས་དེ་ལྟར་བྱས་ཚེ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ Mike Pompeo ཡིས་ཧོང་ཀོང་ལ་ཚད་མཐོའི་རང་སྐྱོང་ཡོད་པར་ངོས་འཛིན་བྱེད་ཐབས་མེད་སྟབས།  ཨ་རིས་རྒྱ་ནག་དང་ཧོང་ཀོང་གཉིས་ལ་བཀག་སྡོམ་བྱེད་སྲིད་པར་བསྒྲགས་འདུག ལོ་ན་ ༣༠ ཡིན་པའི་ཞི་རྒོལ་བ་  Chan ཟེར་བ་ཞིག་གིས།  ལས་འགུལ་གྱི་ཁྲོད་ནས་ཁོང་ཧོང་ཀོང་གི་ཉེན་རྟོག་པའི་འཛིན་བཟུང་བྱེད་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་ནའང་། ཁོང་ད་དུང་ཁྲོམ་གཞུང་དུ་ཐོན་ནས་ངོ་རྒོལ་བྱེད་ཀྱི་ཡོད། དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ་མུ་མཐུད་ནས་རྒྱ་ནག་གི་ཁྲིམས་འཆར་དེར་ངོ་རྒོལ་བྱེད་རྒྱུ་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་དང་།  དེ་བཞིན་མིང་བརྗོད་འདོད་མེད་པའི་ལོ་ ༡༦ ཅན་གྱི་སློབ་ཕྲུག་ཅིག་གིས།   རྒྱ་ནག་གིས་ཁྲིམས་འཆར་དེ་གཏན་འབེབས་བྱས་བ་བརྒྱུད་ནས་སྔོན་ཆད་ཞུ་གཏུག་བྱས་པའི་མི་དག་རྗེས་འདེད་གཏོང་ངེས་ཡིན་པ་དང་། སྐབས་དེར་ཉེན་རྟོག་པས་བཀག་འགོག་མི་ཐུབ་པའི་གནས་སྟངས་ཤིག་ཤར་སྲིད་པར་སེམས་འཚབ་ཆེན་པོ་ཡོད་པར་འགྲེལ་བརྗོད་གནང་འདུག དེ་བཞིན་ཧོང་ཀོང་གི་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ།  ཧོང་ཀོང་གི་མང་གཙོ་དོན་གཉེར་བའི་ཚོགས་ཁག་ཅིག་གིས་ངོ་རྒོལ་བྱས་ཏེ། རྒྱ་ནག་གི་བདེ་འཇགས་ཀྱི་ཁྲིམས་འཆར་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་འཛིན་དེ་འཕྲོ་བརླགས་སུ་གཏོང་གི་འདུག་ཅེས་སྐད་འབོད་བྱས་ཡོད་པ་མ་ཟད།  ངོ་རྒོལ་བ་ཞིག་གིས་རྒྱ་ནག་གིས་མ་འོངས་པར།  ཁྲིམས་འཆར་དེའི་མིང་ཐོག་ནས་དམར་ཤོག་ཚོགས་པའི་འདོད་མོས་ལྟར་མི་མང་འཛིན་བཟུང་དང་བཀག་སྡོམ་བྱེད་རྒྱུ་ཡིན་པར་འགྲེལ་བརྗོད་གནང་འདུག གཞི་རྩའི་སྔར་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གིས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཟེར་བ་ཞིག་གཏན་འབེབས་བྱེད་འཆར་དང་བསྟུན་ནས་ཧོང་ཀོང་གི་ནང་དུ་ཡུལ་མི་ས་ཡ་མང་པོས་དུས་གཅིག་ལ་ཞི་རྒོལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་བར་བརྟེན་གནས་ཚུལ་དེ་རེ་ཞིག་ལྷིང་འཇགས་ཀྱི་ངང་གནས་ཡོད་ནའང་།   ད་ཆ་རྒྱ་ནག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་སླར་ཡང་གནད་དོན་དེ་གླེང་སློང་བྱུང་བ་བརྒྱུད་ནས་ཧོང་ཀོང་གི་ཞི་རྒོལ་ལ་བསྐྱར་ལོག་བྱུང་ཡོད་པ་ཞིག་རེད།    

ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་མང་གཙོའི་ལས་འགུལ་བ་ཁག་ཅིག་འཛིན་བཟུང་།

BBC གསར་འགྱུར་བརྒྱུད་ལམ་གཙོས་པའི་བརྒྱུད་ལམ་གཞན་ཁག་ཅིག་གིས་ཉེ་ལམ་རེས་གཟའ་སྤེན་པའི་ཉིན་ཧོང་ཀོང་གི་ཉེན་རྟོག་པས་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ། དེ་བཞིན་གྲོས་ཚོགས་འཐུས་མི་ཟུར་པ་སོགས་མི་གྲངས་བཅོ་ལྔར་ཁྲིམས་འགལ་གྱིས་འདུ་འཛོམས་བྱས་པ་དང་སྔ་ལོའི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་དང་འབྲེལ་བ་ཡོད་ལུགས་སོགས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་བཀོད་འདུག འཛིན་བཟུང་བྱས་པའི་མི་སྣའི་ཁོངས་སུ་དགུང་ལོ་ ༨༡ ལ་ཕེབས་པ་མང་གཙོ་ཚོགས་པ་དབུ་འཛུགས་གནང་མཁན་དང་ཁྲིམས་རྩོད་པ་གྲགས་ཅན་ MartinLee ལགས་དང་དགུང་ལོ་ ༧༡ ལ་ཕེབས་པ་མང་གཙོ་ཚོགས་པ་དབུ་འཛུགས་གནང་མཁན་དང་ the Apple ཞེས་པའི་ཚགས་ཤོག་འདོན་སྤེལ་གནང་མཁན་སྐུ་ཞབས་ JimmyLai ལགས། དེ་བཞིན་དགུང་ལོ་ ༧༢ ཡིན་པ་ཧོང་ཀོང་གི་མང་གཙོ་དོན་གཉེར་བའི་ཡབ་ཆེན་ཞེས་ཡོངས་སུ་གྲགས་པ་ཧོང་ཀོང་ས་གནས་ཀྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་ཁྲིམས་རྩོད་པ་ MartinLee ལགས་དང་དེ་མིན་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སོགས་ཁྱོན་མི་གྲངས་བཅོ་ལྔ་འཛིན་བཟུང་བྱས་འདུག་པ་དང་དེ་དག་ཟླ་བ་རྗེས་མའི་ནང་ཁྲིམས་ཁང་དུ་ཁྲིམས་གཤེར་བྱ་རྒྱུ་རེད་འདུག ད་རེས་ཧོང་ཀོང་མང་གཙོ་དོན་གཉེར་བ་ཁག་ཅིག་འཛིན་བཟུང་བྱས་པའི་གནད་དོན་དེ་དང་འབྲེལ་ཏེ་འཛམ་གླིང་ས་ཕྱོགས་གང་ས་ནས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པའི་ཁྲོད་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ MikePompeo མཆོག་གིས་རྒྱ་ནག་དང་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་སྐམ་ས་ཆེན་པོའི་དཔོན་རིགས་ཚོས་ཧོང་ཀོང་གི་ཚད་མཐོའི་རང་སྐྱོང་སྲུང་སྐྱོབ་གནང་རྒྱུའི་ཐད་རང་གི་དམ་བཅའ་དང་ཁས་ལེན་ཞུས་ཁག་ལྟར་དོན་ལ་མི་གནས་པར་མང་གཙོ་དོན་གཉེར་བ་རྣམས་འཛིན་བཟུང་བྱས་པར་ངོ་རྒོལ་ཡོད་ཅེས་གསུངས་འདུག དེ་བཞིན་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ནས་ཀྱང་ཧོང་ཀོང་མང་ཚོགས་ཀྱིས་ཞི་བའི་ལས་འགུལ་སྤེལ་བ་དེ་ནི་མང་གཙོའི་ཐོབ་ཐང་ཞིག་ཡིན་སྐོར་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་གནས་སྟངས་ཛ་དྲག་ཏུ་མི་འགྱུར་བར་ཆབ་སྲིད་ཀྱི་ངལ་བ་སེལ་ཐབས་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས་ད་ལན་འཛིན་བཟུང་བྱས་པའི་མི་སྣ་དེ་དག་གི་ཁྲིམས་གཅོད་དེ་དྲང་པོ་དང་ཕྱི་གསལ་ནང་གསལ་བྱེད་དགོས་ཞེས་བརྗོད་འདུག གཞི་རྩའི་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་ནད་ཡམས་དེའི་རྐྱེན་པས་འཛམ་གླིང་གི་ས་ཕྱོགས་གང་སར་འགྲུལ་བཞུད་བཀག་སྡོམ་བྱས་ཡོད་པ་ལྟར་འདས་པའི་ཟླ་ཤས་རིང་ལ་ཧོང་ཀོང་ནང་ཆབ་སྲིད་ཀྱི་དཀའ་རྙོག་དེ་ཡང་རེ་ཞིག་ཁུ་སིམ་མེར་གནས་ཡོད་ཀྱང་། ཉེ་ལམ་རེས་གཟའ་སྤེན་པའི་ཉིན་མང་གཙོ་ཚོགས་པའི་ཚོགས་མི་མང་དག་ཅིག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་ནག་དང་ངན་འབྲེལ་གྱི་ཤུགས་རྐྱེན་ཐེབས་ཡུལ་རྒྱལ་ཁབ་ལྔའི་སྐུ་ཚབ་དང་ལྷན་ངལ་བ་ཇི་འཕྲད་གསན་འཇོག་གནང་དགོས།

རྒྱལ་སྤྱིའི་དྲྭ་རྒྱ་བདེ་འཇགས་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཚོགས་པ་ ༡༢ ཀྱིས་རིང་མིན་འཚོགས་ལ་ཉེ་བའི་ཀུ་ཤུ་རྟགས་ཅན་གྱི་མ་རྩ་འཛུགས་མཁན་རྣམ་པའི་ལོ་འཁོར་ཚོགས་འདུ་དང་བསྟུན་ཚོང་ལས་ཁང་དེས་རྒྱ་ནག་དང་ངན་པ་ལག་སྦྲེལ་བྱེད་མཚམས་འཇོག་དགོས་པ་དང་། ངན་འབྲེལ་གྱི་ཤུགས་རྐྱེན་ཐེབས་ཡུལ་བོད་མི་དང་ཤིན་ཅང་། ཧོང་ཀོང་། ཐེ་ཝན། དེ་བཞིན་རྒྱ་མི་རིགས་སོགས་ཀྱི་འཐུས་ཚབ་མི་སྣ་དང་ལས་འགུལ་བ་རྣམ་པ་དང་ལྷན་ངལ་བ་ཇི་འཕྲད་གསན་འཇོག་གནང་དགོས་པའི་ཞུ་སྐུལ་གནང་འདུག དེ་ཡང་རིང་མིན་ཟླ་ ༢ ཚེས་ ༢༤ ཉིན་ཀུ་ཤུ་རྟགས་ཅན་ནང་མ་རྩ་འཛུགས་མཁན་རྣམས་ལྷན་འཛོམས་ཐོག་ཚོང་ལས་ཁང་དེའི་ལོ་འཁོར་ཚོགས་འདུ་ཞིག་འཚོགས་གཏན་ཁེལ་ཡོད་པ་དང་བསྟུན། ཟླ་ ༢ ཚེས་ ༡༣ ཉིན་བོད་དོན་ལས་འགུལ་བསྟི་གནས་ཁང་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རང་དབང་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་ཡུ་གུར་ཚོགས་པ། ཐེ་ཝན་རང་དབང་ཚོགས་པ། Sum OF us  ཞེས་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་རྩོད་ལེན་གནང་མཁན་སོགས་ཀྱི་ཚོགས་པ་ ༡༢ མཉམ་སྦྲེལ་ཐོག་ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གི་མཉེན་ཆས་ཕབ་ལེན་གྱི་ཚོང་ལས་འགན་འཛིན་སྐུ་ཞབས་ Philip Schiller ལགས་ཀྱི་མཚན་ཐོག་ཏུ་ཞུ་སྙན་ཞིག་ཕུལ་འདུག ཞུ་སྙན་དེའི་ནང་ཚོགས་པ་དེ་དག་གིས་དེ་སྔོན་ཀུ་ཤུ་རྟགས་ཅན་གྱི་གཙོ་འཛིན་ Tim Cook ལགས་སུ་རྒྱ་གཞུང་གིས་བོད་དང་ཧོང་ཀོང་། ཐེ་ཝན་བཅས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་རང་དབང་ཁག་ལ་རྡོག་རོལ་ཚད་མེད་བཏང་བར་ཀུ་ཤུ་རྟགས་ཅན་གྱི་ངོས་ནས་རོགས་འདེགས་ཞུ་བཞིན་པར་སྐྱོན་བརྗོད་དང་འབྲེལ། གོང་དུ་མིང་སྨོས་ཡུལ་ལུང་དེ་དག་ལ་རྒྱ་ནག་གཞུང་ནས་སོ་ཉུལ་སླད་དུ་ཚོང་ལས་ཁང་དེས་ངན་པ་ལག་འབྲེལ་བྱེད་ཤུགས་ཆེ་རུ་སོང་རྐྱེན་གནས་ཚུལ་རྒྱུས་ལོན་རང་དབང་དང་། སྨྲ་བརྗོད་རང་དབང་སོགས་ལ་རྡོག་རོལ་ཤུགས་ཆེར་ཐེབས་བཞིན་ཡོད་སྟབས་རྒྱ་ནག་གཞུང་ལ་རོགས་འདེགས་དང་ངན་པ་ལག་འབྲེལ་བྱེད་འཚམས་འཕྲལ་དུ་འཇོག་དགོས་པའི་ཞུ་སྐུལ་ཐེངས་ཁ་ཤས་གནང་ཡོད་ཀྱང་ད་བར་ལན་འདེབས་གསལ་བཤད་གང་ཡང་བྱུང་མེད་སྐོར་འཁོད་འདུག ཕྱི་ལོ་ ༢༠༡༧ ལོར་ཀུ་ཤུ་རྟགས་ཅན་གྱི་མཉེན་ཆས་ ༡༠༠༠ ཙམ་ཞིག་རྒྱ་ནག་གི་མཉེན་ཆས་ཚོང་ལས་ཁང་ནས་ཕྱིར་འཐེན་གནང་རྐྱེན་བོད་གཙོས་ཤིན་ཅང་དང་རྒྱ་ནག ཧོང་ཀོང་བཅས་ཀྱི་ནང་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུར་ཆེས་དམ་དྲག་དང་ལྷག་དོན་༸གོང་ས་མཆོག་གི་མཚན་དང་བོད་རང་བཙན། དེ་བཞིན་ཡུ་གུར་བའི་རང་དབང་དང་དྲུག་བཞི་དོན་རྐྱེན་སོགས་ཀྱི་ཐ་སྙད་ལ་དོག་ཟོན་ཆེན་པོ་གནང་དགོས་ཀྱི་ཡོད་པར་མ་ཟད། རྒྱ་ནག་ནང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་སྤྱོད་མཁན་རྒྱ་རིགས་མང་ཚོགས་ཀྱི་གནས་ཚུལ་རྣམས་གསང་སྙུལ་བྱས་ཏེ་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་ཡོད་པ་སོགས་ཀྱང་ལུང་འདྲེན་གནང་འདུག བོད་གཙོས་པའི་ཤིན་ཅང་དང་རྒྱ་ནག ཧོང་ཀོང་བཅས་ཀྱི་སྐུ་ཚབ་དང་ལྷན་དཀའ་ངལ་ཇི་འཕྲད་གསན་འཇོག་གནང་དགོས་པ་དང་ཚོང་ལས་ཁང་གིས་དེ་སྔ་ཕྱིར་འཐེན་གནང་བའི་མཉེན་ཆས་རྣམས་རྒྱ་གཞུང་གི་ཁྲིམས་དང་མཐུན་པ་ཞིག་གང་འདྲ་ཡིན་མིན་དང་དེ་དག་ཁྲིམས་གཞི་གང་ཐོག་ནས་ཕྱིར་འཐེན་གནང་མིན་ཐད་གསལ་བཤད་དགོས་སྐོར་གསུངས་པར་མ་ཟད། བཟོ་ཚོང་ཁང་དེའི་འབྲུ་དོན་ལྟར་འགྲོ་བ་མིའི་སྨྲ་བརྗོད་རང་དབང་དང་སྒེར་གྱི་གསང་བ་བདག་སྲུང་གནང་རྒྱུ་དང་མཐུན་པའི་འགན་དབང་འཐུས་ཚང་བཞེས་དགོས་གལ་ཡིན་པའི་ཞུ་སྐུལ་གནང་འདུག

Latest news