Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

  རྒྱ་ནག་གིས་ཡ་ཆེན་སྒར་ནས་བཙན་ཕུད་བཏང་བའི་བཙུན་མ་ཞིག་གིས་རང་སྲོག་བཅད་འདུག

ཕྱི་ལོ་ ༢༠༡༩ ལོའི་ཟླ་བ་ལྔ་བ་དང་དྲུག་པའི་ནང་རྒྱ་ནག་གིས་ཡ་ཆེན་སྒར་གྱི་གྲྭ་ཤག་མང་པོ་རྩ་གཏོར་བཏང་སྟེ་གྲྭ་བཙུན་མང་པོ་བཙན་ཤེད་ཀྱིས་དགོན་གྲོང་ནས་ཕྱིར་ཕུད་བཏང་ཡོད་པའི་ཁྲོད་ཡ་ཆེན་སྒར་གྱི་ཆོས་ཉིད་རིག་རྩལ་མཁའ་འགྲོ་གླིང་གི་བཙུན་མ་བསོད་ནམས་དབྱངས་བྷ་ལགས་ཀྱིས་རྒྱ་ནག་གིས་ཁོང་མོ་དགོན་གྲོང་ནས་ཕྱིར་ཕུད་བཏང་བར་བརྟེན་རང་སྲོག་བཅད་འདུག བལ་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ལ་བོད་ནས་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། བཙུན་མ་བསོད་ནམས་དབྱངས་བྷ་ལགས་ནི་དགུང་ལོ་སུམ་ཅུའི་གཡས་གཡོན་ཞིག་ཡིན་པ་དང་། ཁོང་བོད་ལྗོངས་ཆབ་མདོ་ཁུལ་འཇོ་མདའ་རྫོང་མདོ་གཞུང་མ་སྡེ་བ་ནས་ཡིན་པ་དང་། ཁོང་རྒྱ་ནག་གིས་བཙན་གྱིས་ཡ་ཆེན་སྒར་ནས་ཕྱིར་ཕུད་བཏང་སྟེ་བཀག་བསྐྱིལ་ཁང་དུ་བཅུག་པར་བརྟེན་ཁོང་ལ་སྙུང་གཞི་བཞེས་ནས་སྨན་ཁང་དུ་ཅུང་ཙམ་ལྷག་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་ཉེན་རྟོག་པས་ཁོང་མགྱོགས་མྱུར་ངང་ཕྱིར་བཀག་བསྐྱིལ་ཁང་དུ་ཡོང་དགོས་པའི་ཉེན་བརྡ་བཏང་བས་རྗེས་སུ་ཁོང་བཀག་བསྐྱིལ་ཁང་དུ་མ་སོང་བར་རང་སྲོག་བཅད་ཡོད་པ་ལས་ཟླ་ཚེས་ནམ་ཞིག་ལ་རང་སྲོག་བཅད་པའི་གནད་དོན་ཁ་གསལ་ཤེས་རྟོགས་ཐུབ་མེད་པར་གསུངས་སོང་། བཙུན་མ་བསོད་ནམས་དབྱངས་བྷ་ལགས་ཀྱིས་ཟླ་བ་བདུན་པ་བརྒྱད་པ་ཞིག་ལ་རང་སྲོག་བཅད་པ་བརྟེན་ནས་ཁུལ་དེར་རྒྱ་ནག་གིས་སྔར་ལས་ལྷག་པའི་དོ་དམ་བྱེད་ཀྱི་ཡོད་པར་བརྟེན། ད་ཆ་བཙུན་མ་ཁོང་གི་ནང་མི་རྣམས་ལ་འབྲེལ་བ་བྱེད་ཐབས་མེད་པར་གསུངས་བ་དང་སྦྲགས། ཉེ་སྔོན་རྒྱ་ནག་གིས་ཡ་ཆེན་སྒར་ནས་བཙན་ཁྲིད་བྱས་པའི་བཙུན་མ་རྣམས་ཕྱིར་དགོན་གྲོང་དུ་འགྲོ་རུ་འཇུག་གི་མེད་པ་མ་ཟད་ཁོང་རྣམས་ཀྱི་ཕ་ཡུལ་གྱི་གྲོང་སྡེའི་དགོན་པའི་ནང་དུ་འཛུལ་ཞུགས་བྱེད་དུ་འཇུག་གི་མེད་པ་དང་། བཙུན་མ་ཚོ་སྐྱ་སར་འབབ་དགོས་པའི་སློབ་གསོ་སྤྲོད་བཞིན་ཡོད་པ་སོགས་ངོ་སྤྲོད་གནང་ཡོད། རྩ་བའི་བཙུན་མ་བསོད་ནམས་དབྱངས་བྷ་ལགས་རྒྱ་ནག་གིས་དགོན་གྲོང་ནས་ཕྱིར་ཕུད་བཏང་ནས་བཀག་སྐྱིལ་ཁང་དུ་མནར་གཅོད་བཏང་བར་བརྟེན་སྙུང་གཞི་བཞེས་ཡོད་པ་དང་། ཁོང་སྨན་ཁང་དུ་བཞུགས་དུས་སུ་ཡང་རྒྱ་ནག་གིས་ཁོང་ངེས་བར་དུ་ཕྱིར་བཀག་སྐྱིལ་ཁང་དུ་ལོག་དགོས་བའི་ཉེན་བརྡ་བཏང་བར་བརྟེན་ཁོང་གིས་རང་སྲོག་བཅད་པ་ཞིག་ཡིན་ཀྱང་ད་ལྟའི་ཆར་རྒྱ་ནག་གིས་ལྟ་རྟོག་ནན་མོ་བྱེད་བཞིན་པར་བརྟེན་ཁོང་གི་གནས་ཚུལ་ཆ་ཚང་བ་ཞིག་ཤེས་རྟོགས་ཞུ་ཐབས་མི་འདུག

འགྱིང་འགྲོས་བརྒྱུད་བོད་རང་བཙན་བསྐྱར་གསོ་གནང་བའི་ཉིན་མོ་སྲུང་བརྩི།

བཞུགས་སྒར་དྷརྨ་སཱ་ལཱར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་བཞུགས་སྒར་ཁྲོམ་ཞུང་དུ་བོད་ཆས་སྤྲས་ནས་འགྱིང་འགྲོས་གནང་སྟེ་༸རྒྱལ་མཆོག་སྐུ་ཕྲེན་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་རང་བཙན་གཙང་མ་ཡིན་པའི་ཡོངས་ཁྱབ་བསྐྱར་ནན་གསལ་བསྒྲགས་མཛད་དེ་ལོ་ངོ་ ༡༠༧ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་། དེ་རིང་གི་ཉིན་མོ་འདི་ནི་དེ་སྔ་ཕྱི་ལོ་ ༡༩༡༣ ཕྱི་ཟླ་ ༢ ཚེས་ ༡༣ ཉིན་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་གཙང་མ་ཡིན་པའི་ཡོངས་ཁྱབ་བསྐྱར་ནན་གསལ་བསྒྲགས་མཛད་པའི་ཉིན་མོ་ཁེལ་གྱི་ཡོད་པ་ལྟར། དེ་རིང་ཉིན་གུང་ཚོུད་ ༡ ཐོག་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྐང་གོ་སྒྲིག་གནང་སྟེ་བོད་པའི་གཞོན་སྐྱེས་ཕོ་མོ་བརྒྱ་སྐོར་ཞིག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་དང་། ལག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། དེ་བཞིན་བོད་བོད་ཡུལ་དུ་སྐྱིད། རྒྱ་རྒྱ་ཡུལ་དུ་སྐྱིད་ཅེས་པའི་འབོད་ཚིག ལོ་རྒྱུས་རང་བཞིན་ལྡན་པའི་བོད་དང་རྒྱ་ནག་དབར་གྱི་ཆིངས་ཡིག་གི་དོན་ཚན་སོགས་འཁོད་པའི་འཕྲེད་དར་བསྣམས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་ཆགས་པའི་དཔའ་བོའི་རྡོ་རིང་མདུན་ནས་མེག་གྷན་སྣུམ་འཁོར་བབས་ཚུགས་བར་འགྱིང་འགྲོས་གནང་སྟེ་ཉིན་མོ་འདི་སྲུང་བརྩི་ཞུས་ཡོད། སྐབས་དེར་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་བསྟོན་པ་རིག་འཛིན་ཆོས་སྒྲོན་ལགས་ནས་ཉིན་མོ་འདིའི་གལ་ཆེའི་རང་བཞིན་ཁག་ངོ་སྤྲོད་གནང་བ་དང་སྦྲགས། རྒྱ་ནག་དམར་ཤོག་སྲིད་གཞུང་དང་སྲིད་གཞུང་དེས་རྒྱལ་སྤྱིའི་ཐོག་བོད་ཀྱི་དངོས་ཡོད་རྒྱལ་རབས་ལོ་རྒྱུས་ཁག་འཁྱོག་བཤད་དྲིལ་བསྒྲགས་སྣ་མང་བྱེད་བཞིན་པའི་བྱ་སྤྱོད་དེ་དག་ལ་ངོས་ལེན་རྩ་བ་ནས་མེད་ཅེས་གསུངས་སོང་།  ཁོང་གིས་འགྱིང་འགྲོས་ཀྱི་ལས་འགུལ་འདི་ནི་བོད་ནང་ལ་མཚོན་ན་རྒྱ་གཞུང་གི་དམ་དྲག་རྐྱེན་པས་བོད་ཀྱི་རྒྱལ་དར་འཆར་རྒྱུ་ཁག་པོ་ཡིན་སྟབས། སྨོན་ལམ་ཆེན་མོའི་རྗེས་སུ་ཆོས་དར་བསྣམས་ཏེ་སྤེལ་སྲོལ་ཡོད་པ་སོགས་ངོ་སྤྲོད་དང་ཆབས་ཅིག བཙན་བྱོལ་རང་དབང་ལུང་པའི་ནང་བོད་མི་ཚོས་རང་གི་རིག་གཞུང་དང་ལོ་རྒྱུས་དེ་དག་བདག་གཅེས་གནང་དགོས་གལ་ཡིན་པར་མ་ཟད་གཞོན་སྐྱེས་ཚོར་དེ་དག་དང་འབྲེལ་བའི་འོས་འགན་འཕར་མ་ཞིག་ཡོད་པ་གསུངས་ཡོད། དེ་བཞིན་ལོ་རྒྱུས་རང་བཞིན་ལྡན་པའི་དུས་ཚིགས་དང་བསྟུན་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་དགོང་དྲོ་ཆུ་ཚོད་དྲུག་པ་ནས་ Drum Stick ཟ་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་གཉིས་གདན་ཞུ་ཐོག་སིམ་ལ་ཆིངས་ཡིག་གི་འབྱུང་རྐྱེན་གང་ཡིན་ལ་ལྟ་བ་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་གི་ཡོད་པ་རེད། རྩ་བའི་བོད་རང་བཙན་གཙང་མ་ཡིན་པའི་ཡོངས་ཁྱབ་བསྐྱར་ནན་གསལ་བསྒྲགས་མཛད་པའི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་དེ་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་༸གོང་ས་༸སྐུ་ཕྲེང་བཅུ་གསུམ་པོ་ཆེན་པོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་ཚིགས་ཉིན་ནས་དབུ་འཛུགས་ཀྱིས་ལོ་ལྟར་ཟླ་ ༢ ཚེས་ ༡༣ ཉིན་བོད་མིའི་གནས་ཡུལ་རྒྱལ་སྤྱིའི་ས་གནས་མང་དག་ཅིག་ཏུ་ལས་འགུལ་གྱི་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཨ་རི་ནང་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་ཡུལ་དེའི་གྲོང་ཁྱེར་ New York ནང་སྙན་ངག་དང་འགོག་རྒོལ་ཞེས་པའི་བརྗོད་གཞིའི་འོག་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་རང་དབང་འཐབ་རྩོད་སོགས་ཀྱི་ནང་ཕྱག་ལས་གནང་མྱོང་ཡོད་པའི་མི་སྣ་དང་མང་ཚོགས་འདུ་འཛོམས་ཀྱིས་འཐབ་རྩོད་ལས་འགུལ་སོགས་དང་འབྲེལ་བའི་སྙན་ངག་གྱེར་འདོན་དང་བསམ་ཚུལ་བརྗེ་ལེན་གནང་སྟེ་སྲུང་བརྩི་ཞུས་ཡོད་པ་རེད།

༸གོང་ས་མཆོག་གི་སྐྱེས་རབས་བཀའ་ཆོས་སྩལ་རྒྱུའི་མཛད་འཆར་ཕྱིར་བཤོལ་གནང་འདུག

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་རིམས་ནད་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་དམ་ Corona virus ཞེས་པ་དེ་ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་ཙམ་མ་ཟད་འཛམ་གླིང་ཡུལ་གྲུ་དུ་མར་རིམ་བཞིན་ཁྱབ་བརྡལ་ཤུགས་ཆེར་སོང་བར་བརྟེན་རྒྱལ་སྤྱིའི་ཐོག་ཛ་དྲག་གི་རང་བཞིན་ལྡན་པའི་རིམས་ནད་ཅིག་ཏུ་ངོས་འཛིན་གནང་བཞིན་ཡོད་སྟབས། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་མགོན་པོ་༸གང་ཉིད་མཆོག་ནས་འཆར་ལོའི་ཕྱི་ཟླ་ ༣ པ་ནང་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་སོ་བཞི་བའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཕྱིར་བཤོལ་གནང་འདུག དེའང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཨིན་ཡིག་དྲྭ་རྒྱར་བཀའ་ཁྱབ་སྤེལ་བར་གཞིགས་ན། རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་དང་འབྲེལ་བའི་ཆེས་ཛ་དྲག་གི་གནས་བབས་གྱུར་བརྟེན་འཆར་ལ་ཉེ་བའི་ཕྱི་ཟླ་ ༣ ཚེས་ ༩ དང་བོད་ཟླ་ ༡ ཚེས་ ༡༥ ཉིན་བཅོ་ལྔ་མཆོད་པའི་ཆོས་ཕྱོགས་ཀྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མི་གཙོ་བོར་གྱུར་པའི་ཕྱི་ནང་གི་དད་ལྡན་སེར་སྐྱ་རྣམས་ལ་སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་བའི་བཀའ་ཆོས་སྩལ་རྒྱུའི་མཛད་འཆར་དེ་རེ་ཞིག་ཕྱིར་བཤོལ་གནང་འདུགདེ་བཞིན་ཁ་སང་ཕྱི་ཚེས་ ༡༢ ཉིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་བཀའ་ཁྱབ་ཅིག་བསྒྲགས་འདུག་པའི་ནང་༸སྐུའི་བླ་སྨན་པ་དང་ཞབས་གྲས་སྤྱི་དང་ཕྱོགས་མཐའི་དད་ལྡན་དུ་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ལ་བསྐྱར་ནན་གྱིས་མཛད་འཆར་ཁག་ཕྱིར་བཤོལ་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར་དེ་ལྟར་གནང་འཐུས་ཀྱི་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཡོད་སྟབས། འཆར་ལོའི་ཆོ་འཕྲུལ་ཟླ་བར་དགེ་ཚུལ་སློང་སྡོམ་པ་སྩལ་རྒྱུའི་མཛད་འཆར་དེའང་རེ་ཞིག་ཕྱིར་འཐེན་གནང་བ་དང་། སླད་མར་དགེ་ཚུལ་སློང་སྡོམ་པ་སྩལ་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་མཚམས་སུ་བཀའ་ཁྱབ་བསྩལ་རྒྱུ་རེད་འདུག གཞི་རྩའི་རྣམ་ཀུན་བཞུགས་སྒར་དུ་༸གོང་ས་མཆོག་༸སྐུ་བཞུགས་མཛད་པའི་རིང་རེས་གཟའ་ཟླ་བ་དང་ལྷག་པ། པ་སངས་ནམ་ཡིན་ལ་བོད་མིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་གང་ས་ནས་བཅར་བའི་མང་ཚོགས་ལ་མཇལ་མང་བསྩལ་གྱི་ཡོད་པ་མ་ཟད། དད་ལྡན་རྣམས་ལ་དགོས་གལ་ནམ་གཟིགས་བཀའ་ཆོས་སོགས་བཀྲིན་སྩལ་གྱི་ཡོད་པ་དང་། དེ་དག་གི་ཁོངས་སུ་རྒྱ་ནག་དང་ལྷོ་ཤར་ཨེ་ཤ་ཡ་སོགས་གཙོ་གྱུར་ཡུལ་གྲུ་ཁག་གི་ནང་པའི་དད་ལྡན་ཕོན་ཆེ་ཡོད་པར་བརྟེན་བོད་མི་མང་ཚོགས་ཁྲོད་ནས་ཀྱང་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཐོག་ནས་མཇལ་མང་རེ་ཞིག་མཚམས་འཇོག་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་ལྟར་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡ ཚེས་ ༣༠ ཉིན་ནས་མགོན་པོ་༸གང་ཉིད་མཆོག་གི་མཇལ་མང་གནས་སྐབས་རིང་མཚམས་འཇོག་གནང་ཡོད་པ་རེད།

དི་ལླཱི་སྤྱི་ཁྱབ་བློན་ཆེན་ལས་ཐོག་སྐུ་ཞབས་ཀེཇ་རི་ཝལ་མཆོག་སླར་རྒྱལ་ཁ་ཐོབ་པར་འཚམས་འདྲི་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་དི་ལླཱི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Arvind Kejriwal མཆོག་སླར་ཡང་མངའ་སྡེའི་འོས་བསྡུའི་ཁྲོད་ཚད་མཐོའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་བསྩལ་བ་དང་སྦྲགས། རྒྱ་གར་མང་ཚོགས་ནས་མང་གཙོ་ཡང་དག་ལོངས་སུ་སྤྱོད་བཞིན་པར་བསྔགས་བརྗོད་མཛད་འདུག ཁ་སང་༸གོང་ས་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་དི་ལླཱི་མང་ཚོགས་ནས་མུ་མཐུད་ཁྱེད་ཀྱི་འགོ་ཁྲིད་ལམ་སྟོན་འོག་ཁེ་ཕན་བྱུང་ངེས་ཡིན་པ་དང་སྒོས་དེ་སྔ་མགོན་པོ་༸གང་ཉིད་མཆོག་ནས་ཕྱི་ལོ་ ༢༠༡༨ ལོར་དི་ལླཱི་མངའ་སྡེ་གཞུང་གི་སྟངས་འཛིན་འོག་ཡོད་པའི་གཞུང་གི་སློབ་གྲྭའི་དགེ་སློབ་བཅས་ལྷན་ཞུགས་ཐོག་བདེ་སྐྱིད་སྐྲུན་ཐབས་ Happiness Curriculum ཞེས་པའི་བསླབ་གཞི་གསར་པ་དབུ་འབྱེད་མཛད་པར་སྐུ་ཞབས་ཁོང་དང་དི་ལླཱིའི་གཞུང་འཛིན་ཚོགས་པར་བསྔགས་བརྗོད་མཛད་པ་ལུང་འདྲེན་དང་འབྲེལ། བསླབ་གཞི་དེས་སློབ་ཕྲུག་ཚོའི་སློབ་སྦྱོང་སྤྱི་ཡོངས་ལ་གྲུབ་འབྲས་བཟང་པོ་ཐོན་ངེས་དང་ལྷག་པར་དུ་སློབ་ཕྲུག་ཞན་ཚོར་རང་ཉིད་ཀྱི་མི་ཚེ་གོང་འཕེལ་གཏང་རྒྱུའི་རོགས་འདེགས་ཐུབ་རྒྱུ་ཡིན་པར་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་མཐོར་དང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གནང་ཕྱིར་༸མགོན་པོ་མཆོག་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོའི་སླད་ཞལ་བཞེས་མཛད་པ་དང་དི་ལླཱི་གཞུང་ནས་སློབ་གྲྭ་ཁག་ཏུ་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་གཏན་འབེབས་གནང་བར་ཡི་རངས་བསྔགས་བརྗོད་མཛད་པ་མ་ཟད། དི་ལླཱི་གཞུང་ནས་དེ་ལྟར་གནང་བ་དེས་རྒྱ་གར་གྱི་མངའ་སྡེ་གཞན་ཁག་ལའང་མིག་དཔེ་ཞིག་བསྟན་ཐུབ་ཡོད་པར་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་རྒྱ་གར་ལྟ་བུར་ཆ་མཚོན་ན་གནའ་དེང་གཉིས་ཀྱི་ཤེས་ཡོན་ཟུང་འབྲེལ་གནང་ཐུབ་པའི་རྒྱལ་ཁབ་གཅིག་པོ་དེ་ཡིན་པར་ཡིད་ཆེས་མཛད་ཀྱི་ཡོད་པ་དང་ཆབས་ཅིག་ཏུ་རྒྱ་གར་གྱི་སློབ་ཕྲུག་ཚོའི་ངོས་ནས་བསླབ་གཞི་དེར་དོ་སྣང་དང་དགའ་མོས་བྱེད་པ་དེ་ནི་རེ་བ་དང་སེམས་འགུལ་གྱི་རྣམ་པ་མངོན་པ་ཞིག་ཡིན་པར་བཀའ་བསྩལ་ཡོད་པ་དང་། ལྷག་དོན་༸གོང་ས་མཆོག་གིས་སྐུ་ཞབས་ཀེཇ་རི་ཝལ་མཆོག་ལ་རྒྱལ་ས་དི་ལླཱིའི་མི་མང་གི་བསམ་དོན་འགྲུབ་པའི་ཐུགས་སྨོན་མཛད་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྤྱི་ཁྱབ་བློན་ཆེན་མཆོག་ལ་བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་ཏེ་སྐུ་ཞབས་ཀེཇ་རི་ཝལ་མཆོག་སླར་ཡང་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས་མང་ཚོགས་ནས་ཁོང་གི་འགོ་ཁྲིད་དང་ཁོང་གི་ཆབ་སྲིད་ཚོགས་པར་ཡིད་ཆེས་བློ་སྐྱེལ་གནང་གི་ཡོད་པ་ཞིག་མཚོན་པ་མ་ཟད།  ཁོང་གི་གཞུང་འཛིན་ཚོགས་པ་ནས་དི་ལླཱིར་གནས་བཞུགས་བོད་མི་ཡོད་དོ་ཅོག་ལ་རྒྱབ་སྐྱོར་གནང་བ་དེ་དག་རྣམ་ཀུན་ནས་ཚོར་བཞིན་ཡོད་པ་དང་། ལྷག་དོན་དི་ལླཱི་གཞུང་ནས་སློབ་གྲྭ་ཁག་ཏུ་ ༸གོང་ས་མཆོག་གི་དགོངས་གཞི་ལས་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་གཏན་འབེབས་གནང་བར་ཡི་རངས་བསྔགས་བརྗོད་གནང་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཀྱང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་པ་དང་འབྲེལ། སྐུ་ཞབས་ཀེཇ་རི་ཝལ་མཆོག་དང་ཁོང་གི་ཆབ་སྲིད་ཚོགས་པས་བོད་དོན་ཐོག་རྒྱབ་སྐྱོར་གཡོ་མེད་པར་གནང་ཁག་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག དི་ལླཱི་གཞུང་གི་སློབ་གྲྭ་ཁག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལས་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་གཏན་འབེབས་གནང་བར་བསྔགས་བརྗོད་ཞུས་ཏེ་བསླབ་གཞི་དེས་སླད་མར་མི་རབས་གཞོན་པ་ཚོར་ཕན་ངེས་ཡིན་པ་གསུངས་འདུག ཚོགས་གཞོན་མཆོག་གིས་ད་དུང་དི་ལླཱི་གཞུང་འཛིན་ནས་ཁུལ་དེར་གནས་བཞུགས་བོད་མི་དང་བོད་སྒར་བསམ་ཡས་གླིང་གི་བོད་མིར་རྒྱབ་སྐྱོར་དང་། དེ་བཞིན་ཕྱི་ལོ་ ༢༠༡༦ ལོར་ལཱལ་ཀི་ལར་སུད་ཚོང་གཉེར་མཁན་རྣམས་ཀྱི་ཁྲོམ་རར་མེ་སྐྱོན་ཤོར་སྐབས་རོགས་རམས་གནང་བར་ཐུགས་རྗེ་ཆེ་ཞུས་འདུག ལྷག་དོན་ཁོང་གི་ཆབ་སྲིད་ཚོགས་པ་ Aam Aadmi Party ནས་སླད་མར་བོད་མིར་དེ་འབྲེལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་ཡོད་པ་རེད། གཞི་རྩའི་སྐུ་ཞབས་ Kejriwal མཆོག་ད་རེས་རྒྱལ་ས་དི་ལླཱི་ནས་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེ་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་དང་། དི་ལླཱི་མངའ་སྡེ་གྲོས་ཚོགས་ནང་ཞབས་སྟེགས་ ༧༠ ཡོད་པའི་ཁྲོད་ད་རེས་ Aam Aadmi ཆབ་སྲིད་ཚོགས་པར་ཞབས་སྟེགས་ ༦༢ ཐོབ་ཏེ་ཚད་མཐོའི་རྒྱལ་ཁ་ཐོབ་ཡོད་པ་རེད། དྲྭ་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན་ཀེཇ་རི་ཝལ་མཆོག་གི་ཆབ་སྲིད་ཚོགས་པར་བསྐྱར་དུ་རྒྱལ་ཁ་ཐོབ་པ་ནི་འདས་པའི་ལོ་ལྔའི་ནང་ཁོང་གི་ཆབ་སྲིད་ཚོགས་པས་ལས་དོན་ཡག་པོ་གནང་བར་ངོས་འཛིན་གྱིས་མང་ཚོགས་ནས་འོས་འཕེན་ཡོད་སྐོར་གསུང་བཞིན་འདུག

བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཐེངས་ ༡༠ དབུ་འཛུགས།

ཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་བསྟུན་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་གནང་གི་ཡོད་པ་བཞིན་འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༡ པ་སྲུང་བརྩི་ཞུ་ལ་ཉེ་བ་དང་འབྲེལ་ཐེ་ཝན་དུ་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས་གནང་འདུག དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཐེ་ཝན་གྱི་རྒྱལ་ས་ Taipei ནང་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་མདུན་དུ་སྐུ་མགྲོན་གཙོ་བོ་ཐེ་ཝེན་གྲོས་ཚོགས་འཐུས་མི་ Freddy Lim ལགས་དང་ Hung Sun-han ལགས། Chen Po-wei ལགས། Chie Hsien-chin ལགས། དེ་བཞིན་ཐེ་ཝེན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ Wu Jai-zheng ལགས་བཅས་ཀྱིས་གཙོས་པའི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ས་གནས་གཞོན་སྐྱེས་བཅས་ལྷན་ཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དེ་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད། སྐབས་དེར་ཐེ་ཝེན་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་དང་འབྲེལ་ཏེ་བོད་ནང་དུ་རང་ལུས་མེར་སྲེག་གི་གནད་དོན་བྱུང་བ་དེ་དག་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་རྐྱེན་ལས་བྱུང་བ་ཅིག་ཡིན་སྐོར་གསུངས་པ་མ་ཟད་ཐེ་ཝེན་ནས་བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་དགོས་གལ་ཡིན་པ་སོགས་གསུང་བཤད་གནང་འདུག  གསར་འགོད་ལྷན་ཚོགས་གྲུབ་མཚམས་སུ་ལས་འགུལ་བ་རྣམས་རྐང་འཁོར་ཞོན་ཏེ་བོད་ལ་རང་དབང་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཡུལ་དེའི་རྒྱས་སའི་ཉེ་འདབས་སུ་ཆགས་པའི་ ༢༢༨ ཞེས་པའི་དྲན་རྟེན་སྐྱེད་མོས་ཚལ་གཙོས་པའི་ས་གནས་ཀྱི་གྲོང་ཁྱེར་ཆེ་ཁག་ཏུ་བསྐྱོད་དེ་ས་གནས་མི་མང་དང་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། གཞི་རྩའི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ལས་ཁང་གིས་བོད་མིའི་རང་དབང་སྒེར་ལངས་དང་བསྟུན་གོ་སྒྲིག་ཞུས་པའི་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་འདི་དེ་རིང་ཕྱི་ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ་སྟེ་༸སྐུའི་བླ་གཟའ་ལྷག་དཀར་ཉིན་དབུ་འཛུགས་ཀྱིས་ཕྱི་ཟླ་ ༣ ཚེས་ ༡༠ བོད་མིའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོའི་བར་གྱི་རེས་གཟའ་ལྷག་པ་ནམ་ཡིན་ལ་བསྟུད་མར་སྤེལ་གནང་གི་ཡོད་པ་རེད།

དབུས་བོད་ཀྱི་སྨན་རྩིས་ཁང་དང་མ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་གཉིས་ནས་ཟུང་འབྲེལ་གན་ཡིག་བཞག་པ།

དེ་རིང་སྔ་དྲོ་ཚོུད་ ༡༠༌༤༠ ཡོལ་ཙམ་ལ་དབུས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་གནང་བ་བརྒྱུད་ནས་དབུས་བོད་ཀྱི་སྨན་རྩིས་ཁང་དང་རྒྱ་གར་བྱང་ཤར་མངའ་སྡེ་ Manipur ནང་རྟེན་གཞི་བྱས་པའི་ Manipur  International University གཉིས་ནས་སྤྱི་མོས་ཐོག་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཟུང་འབྲེལ་གྱི་གཙུག་ལག་སློབ་གཉེར་ཁང་དེར་བོད་ཀྱི་སྨན་རྩིས་ཁང་ལ་རིན་མེད་ཀྱི་ས་ཆ་གནང་རྒྱུ་གཙོ་གྱུར་གསོ་རིག་མཐོ་སློབ་གསར་སྐྲུན་དང་སྨན་ཁང་གསར་རྒྱག་བཅས་ཀྱི་གན་ཡིག་ཅིག་བཞག་ཡོད་པ་རེད། གསར་འགོད་ལྷན་ཚོགས་ཐོག་དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲིས་ཚེ་རིང་ལགས་དང་ MIU རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཞབས་ Harikumar ལགས་དབུས་བཞུགས་ཐོག་གཙུག་ལག་སློབ་གཉེར་ཁང་དེའི་ལས་བྱེད་ཁག་ཅིག་དང་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་བཅས་ལྷན་འཛོམས་གནང་སོང་། སྐབས་དེར་སྨན་རྩིས་ཁང་གི་འགན་འཛིན་བཀྲིས་ཚེ་རིང་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ MIU གཙུག་ལག་སློབ་གཉེར་ཁང་དང་ཟུང་འབྲེལ་ཐོག་དངུལ་གྱི་འགྲོ་གྲོན་གང་ཡང་གཏང་མི་དགོས་པར་མཐོ་སློབ་དེའི་ནང་གསོ་རིག་མཐོ་སློབ་དང་སྨན་ཁང་གསར་རྒྱག་གནང་རྒྱུ་ཡིན་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། ཕྱི་ཟླ་ ༣ ཚེས་ ༡ ཉིན་སྨན་ཁང་དབུ་འབྱེད་གནང་རྒྱུ་དང་སྨན་རྩིས་ཁང་གི་ངོས་ནས་སྨན་ཁང་དེའི་ཆེད་སྨན་པ་ཞིག་གོ་སྒྲིག་གནང་དགོས་པ་ལས་གཞན་སྨན་སྤྲོད་དང་རྩིས་པ་རྣམས་མཐོ་སློབ་དེའི་ལས་བྱེད་ལ་སྦྱོང་བརྡར་གནང་སྟེ་དབུ་འཛུགས་གནང་རྒྱུ་དང་། མ་འོངས་པར་ཁུལ་དེར་སྨན་རྩ་འདེབས་ལས་དང་འཛུགས་སྐྲུན་སླད་མཐོ་སློབ་དེས་ས་ཆ་ཨེ་ཀར་ ༢༥༠༠ ཙམ་རིན་མེད་དུ་གསོལ་བསྩལ་གནང་སྐོར་དང་། ས་ཆ་དེར་སྨན་རྩ་འདེབས་ལས་ཕྱིར་ཕྱི་ཟླ་ ༤ པའི་ནང་ལས་བྱེད་བཞི་ཆེད་གཏོང་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད། དེ་བཞིན་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཞབས་ Harikumar  ལགས་ཀྱིས་ Manipur གཙུག་ལག་སློབ་གཉེར་ཁང་དེ་རྒྱལ་སྤྱིའི་ཁྲོད་ས་ཁྱོན་ཆེ་ཤོས་ཀྱི་མཐོ་སློབ་ཅིགཆགས་ཀྱི་ཡོད་སྐོར་ངོ་སྤྲོད་དང་སྦྲགས། མཐོ་སློབ་ཀྱི་ངོས་ནས་བོད་ཀྱི་སྨན་རྩིས་ཁང་ལ་འཛུགས་སྐྲུན་གྱི་མཐུན་འགྱུར་གནང་རྒྱུའི་གོ་སྐབས་བྱུང་བར་དགའ་སྤོབས་ཆེན་པོ་ཡོད་པ་མ་ཟད། དེ་རིང་གི་ཉིན་མོ་འདི་བསྔགས་པར་འོས་པ་ཞིག་དང་ལས་འགོ་གསར་པ་དབུ་འཛུགས་གནང་བའི་ལོ་རྒྱུས་གསར་པ་ཞིག་ཀྱང་ཆགས་ཡོད་སྟབས་མ་ནི་པུར་མངའ་སྡེར་བྱོན་པ་ལེགས་ཞེས་གསུངས་སོང་བ་མ་ཟད། ཁོང་གིས་བོད་ནས་ཆས་པའི་གསོ་བ་རིག་པའི་གཞུང་འདི་རྩ་ཆེ་བའི་གནའ་རབས་ཀྱི་རིག་གནས་ཤིག་ཡིན་པ་གསུངས་ཡོད།དེ་བཞིན་རིག་གནས་དེ་བདག་གཅེས་དང་བརྒྱུད་སྤེལ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་པ་དང་ཆབས་ཅིག་ཏུ་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ད་ལན་བོད་ཀྱི་སྨན་རྩིས་ཁང་དང་ཟུང་འབྲེལ་ཐོག་མཉམ་ལས་གནང་རྒྱུའི་གོ་སྐབས་བྱུང་སྟབས་མ་འོངས་པར་གསོ་རིག་གི་རིག་གནས་དེ་གོང་སྤེལ་ཡོང་ཐབས་སུ་འབད་བརྩོན་གནང་ངེས་ཡིན་ཞེས་གསུངས་ཡོད།

རྒྱ་ནག་གི་འཁྱོག་བཤད་དང་འབྲེལ་བའི་དྲིལ་བསྒྲགས་འགྲེམས་སྟོན་སྒོ་བརྒྱབ་དགོས་པའི་ཞུ་སྐུལ།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ Queens དཔེ་མཛོད་ཁང་དུ་རྒྱ་གཞུང་གིས་བོད་དོན་ཐོག་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བའི་འགྲེམས་སྟོན་ཞིག་གཉེར་བཞིན་པ་དང་འབྲེལ་ཏེ་འགྲེམས་སྟོན་དེའི་ནང་བོད་ནང་གི་བོད་མི་ཚོར་རང་རང་སོ་སོའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ཉར་ཚགས་གནང་རྒྱུའི་ཐོབ་ཐང་ཡོད་པ་དང་བོད་ནང་གི་བོད་ཕྲུག་ཚོར་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་སློབ་ཁྲིད་གནང་གི་ཡོད་པ། དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་སྐོར་གྱི་འགྲེམས་སྟོན་ཞིག་གཉེར་བཞིན་པའི་ཁྲོད་འདིར་བོད་རང་བཙན་སློབ་ཕྲུག་ཚོགས་པས་དེར་ངོ་རྒོལ་དང་འགྲེམས་སྟོན་དེ་དེ་མ་ཐག་ཏུ་སྒོ་བརྒྱབ་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ཞུ་སྐུལ་ལས་འགུལ་ཞིག་སྤེལ་མུས་ཡིན་པ་རེད། ཁ་སང་ཕྱི་ཚེས་ ༡༠ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་ Change.org དྲྭ་ལམ་བརྒྱུད་ Queens དཔེ་མཛོད་ཁང་གི་ངེས་སྟོན་པ་སྐུ་ཞབས་ Dennis Walcott ལགས་ཀྱིས་མཚན་ཐོག་ཏུ་སྤེལ་བའི་མཚན་རྟགས་བསྡུ་རུབ་ཀྱི་སྙན་ཞུ་ནང་ Elmhurst ས་གནས་སུ་རྟེན་གཞི་བྱས་པའི་ Queens མི་མང་དཔེ་མཛོད་ཁང་གི་ཡན་ལག་ཏུ་ཆེད་མངགས་མང་ཚོགས་ལ་དམིགས་ཏེ་བོད་དང་བོད་མིའི་འདྲ་པར་དུ་མ་འགྲེམས་སྟོན་བརྒྱུད་བོད་དོན་ཐོག་འཁྱོག་བཤད་བྱས་ཡོད་པ་དང་། སྤྱིར་ Queens ལྟ་བུར་མཚོན་ན་བོད་མི་ཕོན་ཆེ་གནས་སྡོད་གནང་ས་ཞིག་ཡིན་པ་མ་ཟད་བོད་མི་དེ་དག་ཁྲོད་མང་པོ་ཞིག་དེ་སྔ་བོད་ནང་ཡོད་སྐབས་རྒྱ་གཞུང་གིས་བོད་མིར་སྡུག་རྩུབ་མནར་གཅོད་སོགས་བཏང་བ་མངོན་སུམ་དུ་གཟིགས་མྱོང་བ་དང་དེ་ལྟར་མྱངས་མྱོང་མཁན་ཡིན་པར་ཆེད་བཀོད་གནང་འདུག སྒོས་སུ་དཔེ་མཛོད་ཁང་འདི་ནི་ཁེ་མེད་ཚོགས་པ་ཞིག་ཡིན་པས་དེ་ནས་ཤེས་བྱའི་རིག་པའི་གནས་དག་གོང་འཕེལ་གཏོང་དགོས་པ་ལས་རྒྱ་གཞུང་གི་འཁྱོག་བཤད་རིགས་དྲིལ་བསྒྲགས་སྤེལ་རྒྱུ་མེད་སྐོར་བརྗོད་འདུག དེ་བཞིན་བོད་ནང་གི་གཞི་རིམ་སློབ་གྲྭ་ཁག་ཏུ་བོད་ཕྲུག་ཚོར་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་དུས་མཉམ་དུ་སློབ་ཁྲིད་གནང་གི་མེད་པ་དང་ཉེ་ཆར་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བྱས་པ་ལུང་འདྲེན་གནང་བ་མ་ཟད་དཔེ་མཛོད་ཁང་ནས་དྲང་བདེན་ལ་རྒྱབ་སྐྱོར་གྱིས་འཕྲལ་མར་འགྲེམས་སྟོན་དེ་སྤེལ་མཚམས་འཇོག་རོགས་ཞེས་ཞུ་སྐུལ་གནང་འདུག རླུང་འཕྲིན་ཁང་གིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་པདྨ་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས་པར་སྤྱིར་དཔེ་མཛོད་ཁང་དེར་བོད་མི་སློབ་ཕྲུག་གཙོས་པའི་མི་རིགས་འདྲ་མིན་གྱི་སློབ་སྦྱོང་གནང་ས་ཞིག་ཡིན་སྟབས། བོད་ཀྱི་གནད་དོན་ཐོག་འཁྱོག་བཤད་དྲིལ་བསྒྲགས་གནང་བ་དེ་མང་ཚོགས་ཁྲོད་གོ་ནོར་ཐེབས་གཞིར་ཉེན་འཚབས་ཅན་ཞིག་ཏུ་གྱུར་ཡོད་པ་མ་ཟད། ལྷག་དོན་ད་རེས་དཔེ་མཛོད་ཁང་དེའི་ལས་དོན་གནང་ཕྱོགས་ལ་ངོ་རྒོལ་མ་གནང་ན་སླད་མར་དཔེ་མཛོད་ཁང་གཞན་གྱི་ནང་དུའང་དེ་ལྟར་ཡོང་ཉེན་ཡོད་སྐོར་སོགས་གསུངས་སོང་། རྩ་བའི་མཚན་རྟགས་བསྡུ་རུབ་ཀྱི་ཞུ་སྙན་ཐོག་ད་བར་མི་གྲངས་ ༡༣༢ ནས་མཚན་རྟགས་གནང་འདུག་པ་མ་ཟད།   མཚན་རྟགས་བསྡུ་རུབ་དང་ལྷན་དུ་དཔེ་མཛོད་ཁང་གི་ངེས་སྟོན་པ་དང་ཐུག་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་རེད།

རྒྱ་ནག་གི་དྲིལ་བསྒྲགས་དང་འབྲེལ་བའི་གློག་བརྙན་ཕྱིར་འཐེན་གནང་བ།

སྔ་ལོའི་ཕྱི་ཟླ་ ༡༢ ཀྱི་འགོ་སྟོད་ནས་ཡོ་རོབ་སུ་ཌེན་རྒྱལ་ཁབ་ཀྱི་ Swedish Educational Broadcasting Company ཞེས་པའི་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་ནས་ཤེས་ཡོན་སློབ་གསོའི་ལེ་ཚན་ཁོངས་སུ་ Himalaya-neighbor under the clouds ཞེས་བོད་ནང་གི་འཛུགས་སྐྲུན་སོགས་དང་འབྲེལ་བའི་གློག་བརྙན་ཞིག་རྒྱང་སྲིང་ཞུ་བཞིན་ཡོད་པ་རེད། ཁ་སང་སུ་ཌེན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་ Himalaya - neighbor under the clouds ཞེས་བོད་ནང་གི་འཛུགས་སྐྲུན་སོགས་དང་འབྲེལ་བའི་གློག་བརྙན་དེ་སུ་ཌེན་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་དང་རྒྱ་ནག་གཞུང་འབྲེལ་གྱི་ CCTV བརྙན་འཕྲིན་ལས་ཁང་དང་ཟུང་འབྲེལ་ཐོག་བཟོ་སྐྲུན་གནང་བ་ཞིག་ཡིན་པ་མ་ཟད། གློག་བརྙན་གྱི་ནང་དོན་དེ་དག་ཀྱང་རྒྱ་ནག་གྱི་དྲིལ་བསྒྲགས་ལས་དོན་ལྟར་མི་མང་དངོས་ཀྱི་འཚོ་བའི་གནས་སྟངས་སོགས་གསལ་འདོན་མ་གནང་བར་རྒྱ་ནག་གྱི་འཛུགས་སྐྲུན་ལས་གཞི་ཁོ་ན་གསལ་འདོན་གནང་བར་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་ཡོད་སྟབས་སུ་ཌེན་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་ནས་རྒྱ་ནག་གི་དྲིལ་བསྒྲགས་དང་འབྲེལ་བའི་གློག་བརྙན་དེ་རྒྱང་སྲིང་གནང་རྒྱུ་ཕྱིར་འཐེན་གནང་དགོས་པ་བྱུང་འདུག འོན་ཀྱང་སུ་ཌེན་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་གི་རྒྱང་སྲིང་སྡེ་ཚན་འགན་འཛིན་ Anna Rastner ལགས་ནས་རྒྱ་ནག་གི་དྲིལ་བསྒྲགས་དང་འབྲེལ་བའི་གློག་བརྙན་རྒྱང་བསྲིངས་ཞུས་པར་དགོངས་སེལ་གང་ཡང་ཞུས་མེད་ཀྱང་། གློག་བརྙན་གྱི་ནང་དོན་ཁག་གཟིགས་ཞིབ་ཡག་པོ་གནང་སྟེ་རྒྱ་བསྲིངས་ཞུས་ཡོད་ཅེས་གསལ་བཤད་གནང་འདུག ལྷག་པར་དུ་ Himalaya - neighbor under the clouds ཞེས་པའི་གློག་བརྙན་རྒྱང་བསྲིངས་ཞུས་ཡོད་པ་དང་འབྲེལ་སུ་ཌེན་གྱི་ Sveriges གསར་ཁང་གི་རྒྱ་ནག་སྡེ་ཚན་གྱི་གསར་འགོད་པ་ Hanna Sahlberg ལགས་ནས་གློག་བརྙན་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་བྱས་པའི་རྣམ་པ་ལས་དེའི་རྒྱབ་ཕྱོགས་སུ་བོད་མིའི་གནས་སྟངས་དང་། རྒྱ་ནག་གཞུང་གི་ས་གནས་སུ་དམ་དྲག་དང་མི་མང་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་སྟངས་ཟུར་ཙམ་གསལ་འདོན་མ་བྱས་པ་དེ་ནི་ཕྱོགས་ལྷུང་ཅན་གྱི་གློག་བརྙན་ཞིག་ཡིན་པ་རེད། དེ་ནི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་གཞི་ཞིག་ཀྱང་རེད་ཅེས་གསུངས་པ་དང་ཆབས་ཅིག་ཏུ་སུ་ཌེན་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་ནས་དྲིལ་བསྒྲགས་ཅན་གྱི་གློག་བརྙན་དེ་ལྟ་བུ་ཞིག་ཤེས་ཡོན་སློབ་གསོ་ཁོངས་སུ་རྒྱང་བསྲིངས་ཞུས་པ་དེ་ནི་བློ་ཡུལ་ནས་འདས་པའི་བྱེད་སྟངས་ཤིག་རེད་ཅེས་སྐྱོན་བརྗོད་ནན་པོ་བྱས་འདུག དེང་སྐབས་རྒྱ་ནག་གཞུང་གིས་ཕྱིའི་གསར་འགོད་པ་བསླུ་ཐབས་སུ་མ་དངུལ་ཕོན་ཆེན་གཏོང་བཞིན་པར་འགྲེལ་བརྗོད་དང་སྦྲགས། གསར་འགོད་པ་ཆེད་ལས་གཉེར་མཁན་ཚོས་ཀྱང་རྒྱ་ནག་གི་བསླུ་ཁྲིད་འོག་མ་ཚུད་པ་ཞིག་གནང་དགོས་གལ་ཡིན་པ་གསུངས་འདུག གཞི་རྩའི་རྒྱ་ནག་གཞུང་ནས་འདས་པའི་ལོ་ཤས་ནང་རྒྱ་ནག་རྒྱལ་ཡོངས་སུ་དམ་དྲག་ཅན་གྱི་ལས་གཞི་སྣ་མང་སྤེལ་བ་མ་ཟད། དམ་དྲག་དང་དྲིལ་བསྒྲགས་ཀྱི་ལས་གཞི་དེ་དག་རྒྱལ་ནང་ཙམ་མིན་པར་རྒྱལ་སྤྱིའི་ཁྱོན་དུ་རྒྱ་བསྐྱེད་བཏང་ནས་ཕྱིའི་རྒྱལ་ཁབ་ཁག་གི་ཤེས་ཡོན་གྱི་བསྟི་གནས་དང་། གསར་ཁང་སྡེ་ཚན་སོགས་སུ་མ་དངུལ་ཕོན་ཆེ་བཏང་སྟེ་རྒྱ་ནག་གྱི་ལྟ་སྤྱོད་དང་མཐུན་པའི་ཤེས་ཡོན་སློབ་གསོ་དང་གནས་ཚུལ་དྲིལ་བསྒྲགས་སོགས་བྱེད་བཞིན་ཡོད་པ་རེད།

རིམས་ནད་ཀྱི་གནས་སྟངས་འོག་བོད་ཀྱི་དགོན་ཁག་ཏུ་ཆོས་ཕྱོགས་ཀྱི་བྱེད་སྒོ་གཉེར་བར་དམ་དྲག

Xinhua སོགས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ཐོག་ད་ལྟའི་ཆར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཕོག་མཁན་གྱི་གྲངས་འབོར་ཉིན་རེ་བཞིན་ཉུང་རུ་འགྲོ་བཞིན་ཡོད་པའི་གནས་ཚུལ་སྤེལ་བ་དང་འབྲེལ་ཏེ་རྒྱ་ནག་གི་ Shenzhen དང་ Guangdong སོགས་གྲོང་ཁྱེར་ཆེ་ཁག་ཏུ་མང་ཚོགས་ཀྱི་འགྲུལ་བཞུད་བཀག་སྡོམ་ཉུང་རུ་བཏང་སྟེ་ཉིན་རེའི་འཚོ་བ་དེ་སྔར་བཞིན་རོལ་དགོས་པའི་སྐུལ་མ་བྱེད་བཞིན་པ་དེ་ལྟར་ཡང། བོད་ནང་ཉེ་སྔོན་དགོན་སྡེ་ཁག་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་རེ་ཞིག་མཚམས་འཇོག་གནང་དགོས་པའི་བཀོད་ཁྱབ་གནང་ཟིན་ཐོག་ཉེ་ཆར་བརྡ་ཐོ་གསར་པ་ཞིག་བཏང་ཡོད་པར་གྲྭ་བ་བླ་མ་སུ་ཡིན་ཡང་མི་སེར་གྱི་ཁྱིམ་དུ་ཕེབས་ནས་གྲོང་ཆོག་དང། སྨོན་ལམ་གསུང་འདོན་སོགས་ཀྱི་བྱ་བ་གང་ཡང་གཉེར་མི་ཆོག་པ་དང། དེ་ལྟར་གནང་ཚེ་ཁྲིམས་ལྟར་ལག་ལེན་ནན་པོ་བསྟར་རྒྱུའི་ཉེན་བརྡ་བཏང་འདུག ཉེ་ཆར་ཟླ་བ་འདིའི་ཚེས་ ༨ ཉིན་རྒྱ་གཞུང་གིས་དབྱེས་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། སེར་ཤུལ་རྫོང་ཐབས་ཕྱོགས་གཅིག་གྱུར་ལས་ཁུངས་དང་། རྫོང་མི་རིགས་ཆོས་ལུགས་ལས་དོན་ལས་ཁུངས་གཉིས་ཀྱིས་བརྡ་ཁྱབ་བཏང་བ་ཕྱིར་གྱར་བྱུང་འདུག་པའི་ནང་རྫོང་མི་དམངས་སྲིད་གཞུང་དང་རྫོང་གི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་བཀོད་བསྡོམས་ལས་ཁུངས་ཀྱི་བཀོད་སྒྲིགས་ལྟར། གོང་ཚེས་ནས་བཟུང་དགོན་པ་སོ་སོའི་མི་སྐྱ་གཅིག་ཀྱང་དགོན་ནང་དུ་ཡོང་གི་མི་འཇུག་པ་དང་གྲྭ་བཙུན་རྣམས་ཀྱང་རང་དགར་དུ་ཕྱི་ཕྱོགས་སུ་བྱོན་མི་ཆོག་པའི་རེ་བ་ནན་པོ་བཏོན་པ་དང། ལྷག་པར་དུ་བོད་ཀྱི་ལོ་གསར་ཐོན་ལ་ཉེ་དུས་དགུ་གཏོར་དང་བྱམས་པ་ཁྲོམ་སྐོར། འཆམ་སོགས་ཆོས་ལུགས་ཆོགའམ་བྱེད་སྒོ། ཆོས་ཚོགས་གཅིག་ཀྱང་ཚོགས་མི་ཆོག གྲྭ་བ་བླ་མ་སུ་ཡིན་ཡང་མི་སེར་གྱི་ཁྱིམ་ནང་དུ་ཕེབས་ནས་གྲོང་ཆོག་སྒྲུབ་པ་དང། སྨོན་ལམ་རྒྱག་པ་སོགས་ཀྱི་བྱ་བ་ཅི་ཡང་མཛད་མི་ཆོག་པ་དང། དགོན་པ་སོ་སོ་ནས་རང་དགོན་པའི་གྲྭ་བ་བླ་མར་དོ་དམ་ལེགས་པོ་བྱེད་དགོས་པ། གལ་ཏེ་དགོན་ནང་དུ་ད་དུང་ཆོས་ཚོགས་ཚོགས་པ་སོགས་བྱས་པ་ཡིན་ན། དེ་དག་བྱེད་མཁན་རྣམས་ལ་ཁྲིམས་ལྟར་ལན་ལེན་བསྟར་རྒྱུ་དང། ཆོས་ཚོགས་སོགས་ཀྱི་ཐོག་ནད་ཡམས་འགོས་པའི་གནད་དོན་རིགས་བྱུང་བ་ཡིན་ན་དགོན་པ་སྒོ་བརྒྱབ་རྒྱུ་ཡིན་པ་བརྗོད་འདུག དེ་བཞིན་ཁ་སང་ Xinhua གཞུང་འབྲེལ་གྱི་གནས་ཚུལ་སྤེལ་བར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་འདི་ལོའི་བོད་ལོ་གསར་པའི་དུས་ཚིགས་སྲུང་བརྩི་དང་འབྲེལ་བའི་བྱེད་སྒོ་སྤྱི་རིགས་མཚམས་འཇོག་བྱེད་རྒྱུ་ཡིན་པ་འཁོད་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་རྒྱ་གཞུང་གི་བརྡ་ཁྱབ་དེ་སེར་ཤུལ་གཅིག་པོ་མ་ཡིན་པར་བོད་ཁྱོན་ཡོངས་ཀྱི་དགོན་སྡེ་ཁག་ལ་བཏང་ཡོད་པ་དང། དེའང་རྒྱ་གཞུང་གིས་དུས་རྒྱུན་ནས་སྤྱི་ཚོགས་བརྟན་ལྷིང་སོགས་ལ་ཁ་གཡར་ནས་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན་པ་མ་ཟད་དེ་ལན་གྱི་བྱེད་སྟངས་དེ་ནི་ཉེ་འཚབས་ཅན་གྱི་གནད་དོན་ཞིག་ཡིན་པ་གསུངས་ཡོད། རྒྱ་ནག་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་ཀྱི་ངོས་ནས་ནད་ཡམས་འདི་འགོག་ཐབས་གནང་མ་ཐུབ་པ་མེད་ཀྱང་ཐེངས་འདིའི་རིམས་ནད་བརྒྱུད་རྒྱ་ནག་ནང་འཕེལ་རྒྱས་ཤུགས་ཆེ་འགྲོ་བཞིན་པའི་མི་འབོར་ཇེ་ཉུང་དུ་གཏང་རྒྱུ་དང། མི་སེར་སྤེལ་ཡུལ་དབང་སྒྱུར། དེ་བཞིན་ཨ་རི་དང་རྒྱ་ནག་དབར་གྱི་དཔལ་འབྱོར་གྱི་གྲང་དམག་སོགས་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་སྤྱོད་བཞིན་ཡོད་པ་གསུངས་སོང་། རྩ་བའི་དེ་རིང་བར་གནས་ཚུལ་ཐོན་ཁག་ལ་ད་ལྟའི་ཆར་རིམས་ནད་ཕོག་པའི་ནད་པ་ཁྱོན་བཞི་ཁྲི་གསུམ་སྟོང་ལྷག་ཡོད་པ་དང། མི་ཆིག་སྟོང་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད་འདུག དེ་བཞིན་རྒྱ་གར་ལྷོ་ཕྱོགས་ Kerala ནང་རིམས་ནད་ཕོག་པ་ཞིག་དྲག་སྐྱེད་བྱུང་བའི་གནས་ཚུལ་ཐོན་ཡོད་པ་དང་། གནས་མཆོག་རྡོ་རྗེ་གདན་དུ་བདུན་ཕྲག་ཁ་ཤས་སྔོན་དུ་རྒྱ་ནག་ནས་འབྱོར་བའི་རྒྱ་རིགས་སློབ་མ་ཞིག་ལ་ནད་རྟགས་ཐོན་ཡོད་སྟབས་རྟོག་ཞིབ་འོག་བཞག་འདུག དེའི་བར་ན་རྒྱ་གཞུང་གིས་རིམས་ནད་འགོག་ཐབས་དང་འབྲེལ་ནས་འདས་པའི་ཉིན་ཤས་ནང་ནད་པ་གསར་པ་ཐོན་མཁན་ཉུང་རུ་འགྲོ་བཞིན་ཡོད་སྐོར་བཀོད་པ་དེ་ལྟར་ཡང། འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་རྒྱལ་ཁབ་ཁག་ཅིག་ནང་རྒྱ་ནག་དུ་རྩ་བ་ནས་འགྲོ་མྱོང་མེད་མཁན་དང་། འགྲོ་མྱོང་མཁན་རྣམས་དང་མཉམ་དུ་འབྲེལ་བ་རྩ་བ་ནས་བྱུང་མེད་པའི་མི་ཁག་ཅིག་ལ་རིམས་ནད་དེ་འགོས་པའི་གནས་ཚུལ་འཐོན་བཞིན་པ། རིམས་ནད་ཕོག་པའི་རྗེས་སུ་བདུན་ཕྲག་གསུམ་ཙམ་ལ་ནད་རྟགས་ཐོན་གྱི་མེད་པར་ཤེས་རྟོགས་ཡོད་པ་རེད། ཉམས་ཞིབ་པ་ཁག་ཅིག་གིས་ཏོག་དབྱིབས་རིམས་ནད་དེ་འཛམ་གླིང་མི་འབོར་བརྒྱ་ཆ་ ༦༠ ཙམ་ལ་འགོས་འགྲོ་སྲིད་པའི་ཉེན་བརྡ་བཏང་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ཁྱོན་ཡོངས་ནས་རིམས་ནད་ཐོག་ཡིད་གཟབ་གནང་དགོས་པ་དང། རྒྱ་ནག་ནང་འགྲུལ་སྐྱོད་མཚམས་འཇོག་བྱེད་རྒྱུ་སོགས་སྔོན་འགོག་གནང་ཚེ་དགེ་མཚན་ཡོད་པའི་ལམ་སྟོན་གནང་འདུག    

Latest news