Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཧི་མཱ་ལ་ཡའི་གནའ་དུས་དགོན་པ་ཁག་གི་ལོ་རྒྱུས་ངོ་སྤྲོད་ཀྱི་གཏམ་བཤད་ལས་རིམ།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གཏམ་བཤད་ལས་རིམ་དེའི་ཐོག་ལ་དྭགས་ཁུལ་གྱི་དགོན་སྡེ་ཁག་ཅིག་དང་ཧི་མཱ་ཅལ་མངའ་ཁོངས་ཀྱི་དགོན་སྡེ་ཁག་ཅིག དེ་བཞིན་འབྲལ་ལྗོངས་དང་རྟ་དབང་ཁུལ་གྱི་དགོན་སྡེ་ཁག་ཅིག་བཅས་ཀྱི་ཐོག་གཏམ་བཤད་གནང་གི་འདུག་པ་དང་། ལས་རིམ་གྱི་ཐོག་མར་སྦས་ཡུལ་འབྲས་ལྗོངས་ཀྱི་དགོན་པའི་ལོ་རྒྱུས་དང་འབྲེལ་ནས་ཨཱཙཱརྱ་ཚུལ་ཁྲིམས་རྒྱ་མཚོ་ལགས་གདན་ཞུ་གནང་ཐོག་དྲྭ་རྒྱའི་གཏམ་བཤད་ཀྱི་ལས་རིམ་དེ་སྐོང་ཚོགས་གནང་ཡོད་པ་རེད།

ཀངྒ་ར་གཙོས་པའི་རྫོང་ཁག་བཞིའི་ནང་དགོང་མོ་ཕྱིར་ཐོན་མི་ཆོག་པའི་བཀོད་ཁྱབ།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་པའི་མངའ་སྡེ་མང་དག་ཅིག་གི་ནང་ཉིན་ཤས་གོང་ནས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་ཚད་ཇེ་མང་དུ་འགྲོ་བཞིན་པ་དང་བསྟུན་ཧི་མཱ་ཅལ་མངའ་སྡེ་གཞུང་གིས་མངའ་སྡེའི་རྒྱལ་ས་སིམ་ལ་གཙོས་པའི་ཀངྒ་ར་དང་ཀུ་ལུ། དེ་བཞིན་མན་ཌི་བཅས་རྫོང་ཁག་བཞིའི་ནང་གནས་སྡོད་བྱེད་བཞིན་པའི་མང་ཚོགས་རྣམས་དགོང་དྲོ་ཆུ་ཚོད་ ༨ ནས་སྔ་དྲོ་ཆུ་ཚོད་ ༦ བར་ཕྱི་ལ་ཐོན་མི་ཆོག་པའི་བཀོད་ཁྱབ་ཡོངས་གྲགས་གནང་འདུགདེ་རིང་ The Tribune སོགས་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིག་ན། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུས་པའི་བློན་ཆེན་རྣམ་པ་ལྷན་ཞུགས་ཐོག་བློན་ཆེན་ལྷན་ཚོགས་ཤིག་ཚོགས་ཏེ་མངའ་སྡེའི་ས་གནས་ཁག་ཏུ་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་འགྲོ་བཞིན་པའི་གནས་སྟངས་ཐོག་གྲོས་བསྡུར་གནང་བ་མ་ཟད། གྲོས་བསྡུར་གནང་འབྲས་སུ་དྷརྨ་ས་ལ་ཆགས་སའི་ཀངྒ་ར་རྫོང་དང་སིམ་ལ། ཀུ་ལུ། མན་ཌི་བཅས་རྫོང་ཁག་བཞིའི་ནང་གནས་སྡོད་བྱེད་བཞིན་པའི་མང་ཚོགས་རྣམས་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༥ བར་དགོང་དྲོ་ཆུ་ཚོད་ ༨ ནས་སྔ་དྲོའི་ཆུ་ཚོད་ ༦ བར་ཕྱི་ལ་ཐོན་མི་ཆོག་པར་མ་ཟད་མི་མང་འདུ་འཛུམས་གནང་ཡུལ་ས་གནས་ཁག་ཏུ་ཁ་རས་མ་གྱོན་ཚེ་ཉེས་ཆད་ཧིན་སྒོར་ ༥༠༠ ནས་ ༡༠༠༠ བར་ ཆད་པ་འགེལ་རྒྱུ། དེ་བཞིན་གཞུང་གི་ལས་ཁུངས་ཁག་ཏུ་ལས་བྱེད་རྒྱ་ཆ་ ༥༠ རེས་མོས་ཐོག་ཕྱག་ལས་གནང་རྒྱུ་དང་མངའ་སྡེའི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་ཕྱི་ཟླ་ ༡༢ ཕྱི་ཚེས་ ༣༡ བར་ཕྱིར་བཤོལ་གནང་དགོས་པ་འཁོད་འདུགཉེ་བའི་ཆར་མངའ་སྡེའི་རྒྱལ་ས་སིམ་ལ་དང་མན་ཌི་རྫོང་ཁོངས་སུ་ཉིན་གྲངས་རེར་ཏོག་དབྱིབས་རིམས་ནད་ཕོག་མཁན་ ༢༠༠༠ ཙམ་འཐོན་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་གཞིགས་ཏེ་ཐག་གཅོད་གནང་བ་ཞིག་ཡིན་པ་དང་། ད་ལྟའི་ཆར་ཧི་མཱ་ཅལ་མངའ་སྡེ་ཙམ་མ་ཟད་རྒྱལ་ས་ལྡི་ལི་དང་གྷུཇ་རཱཏ། མ་ཧཱ་རཱཤྚ། དེ་བཞིན་ཨ་སམ་སོགས་མངའ་སྡེ་མི་ཉུང་བའི་ནང་དེ་མཚུངས་བཀའ་རྒྱ་གནང་རྒྱུར་གྲོས་བསྡུར་གནང་མུས་ཡིན་པ་རེད། རྩ་བའི་རྒྱ་གར་ནང་ད་བར་ཏོག་དབྱིབས་རིམས་ནད་ཕོག་མཁན་མི་གྲངས་ ༩༡༣༩༨༦༥ དང་དེ་དག་ཁྲོད་ནས་ ༡༣༣༧༣༨ འདས་གྲོངས་སུ་གྱུར་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཆེས་ཐོག་མ་ཨ་རིའི་ཕོ་བྲང་དཀར་པོར་མགྲོན་འབོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་་བློ་བཟང་སེངྒེ་མཆོག་ལ་ཨ་རིའི་ཕོ་བྲང་དཀར་པོར་གཞུང་འབྲེལ་ཐོག་མགྲོན་འབོད་ཆེས་ཐོག་མ་གནང་འདུག དེའང་ཟླ་བ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོར་ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་་བློ་བཟང་སེངྒེ་མཆོག་ལ་ཨ་རིའི་ཕོ་བྲང་དཀར་པོར་གཞུང་འབྲེལ་ཐོག་མགྲོན་འབོད་གནང་དོན་ལྟར་ཆེད་ཕེབས་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ཨིན་ཡིག་དྲྭ་རྒྱར་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་མཆོག་གིས་སྐབས་དེར་ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་ཁུངས་ཀྱི་སྐུ་ཚབ་རྣམ་པས་དབུས་པའི་ཨེ་ཤ་ཡ་དང་རྒྱ་ནག་ཐོག་ཕྱག་ལས་གནང་མཁན་གཙོ་བོགྱུར་ཨ་རིའི་ཕོ་བྲང་དཀར་པོའི་གནད་ཡོད་མི་སྣ་ཁག་ཅིག་དང་ལྷན་མཇལ་འཕྲད་གནང་སྟེ་བོད་ནང་གི་ད་ལྟའི་ཆེས་ཛ་དྲག་གནས་སྟངས་སྤྱི་དང་སྒོས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་བཞེངས་ཕྱོགས་བོད་རྒྱ་གཉིས་ཀར་སྨན་པའི་དབུ་མའི་ལམ་གྱི་སྲིད་བྱུས་གཞི་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སྐོར་སྙན་སེང་ཞིབ་རྒྱས་ཞུས་འདུག རྩ་བའི་སྲིད་སྐྱོང་མཆོག་ཟླ་བ་སྔོན་མའི་ནང་ཨ་རིའི་ཕྱིད་སྲིད་ལས་ཁུངས་ནང་དུའང་ཐེངས་དང་པོ་ཆེད་ཕེབས་ཀྱིས་བོད་དོན་དམིགས་གསལ་འབྲེལ་མཐུད་པ་དང་ལྟན་དུ་མཇལ་མོལ་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་འདས་པའི་མི་ལོ་ ༦༠ ལྷག་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་དང་ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་ཞིག་ཨ་རིའི་ཕོ་བྲང་དཀར་པོ་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་མགྲོན་འབོད་གནང་བ་དེ་ནི་གཙོ་བོ་ཨ་རིའི་གཞུང་གི་ངོས་ནས་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་དང་དེའི་དབུ་ཁྲིད་ལ་ངོས་འཛིན་གནང་བའི་བརྡ་ལན་མངོན་གསལ་ཞིག་ཆགས་ཡོད་སྐོར་གསུངས་འདུག སྤྱིར་ཕྱི་ལོ་ ༢༠༡༡ ལོར་མང་ཚོགས་ཀྱིས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་བདམས་ཐོན་གནང་བ་ནས་བཟུང་ད་བར་སྲིད་སྐྱོང་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་ནང་ཨ་རིའི་ཕོ་བྲང་དཀར་པོའི་གནད་ཡོད་མི་སྣ་ཁག་དང་ལྷན་གསང་བའི་ཐོག་ནས་ས་གནས་འདྲ་མིན་ཁག་ཏུ་མཇལ་འཕྲད་ཐེངས་ ༡༢ ལྷག་གནང་མྱོང་ཡོད་པ་དང་། ད་རེས་སྲིད་སྐྱོང་མཆོག་གཞུང་འབྲེལ་ཐོག་ནས་ཐེངས་དང་པོ་ཕོ་བྲང་དཀར་པོར་མགྲོན་འབོད་གནང་བ་དེའི་རྗེས་སུ་བོད་མིའི་སྒྲིག་འཛུགས་ནས་ཨ་རི་གཞུང་གི་སྲི་ཞུའི་མི་སྣ་དང་ལྷན་ཞུགས་གནང་ཐུབ་པའི་ལམ་ཁ་སྟབས་བདེ་ཞིག་བསྐྲུན་ངེས་ཡིན་པར་གསུངས་འདུག སྲིད་སྐྱོང་མཆོག་གིས་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་བརྙན་འཕྲིན་གྱི་བཅར་དྲིའི་ལས་རིམ་ཐོག་ད་ལན་སྲིད་སྐྱོང་མཆོག་ཕོ་བྲང་དཀར་པོར་མགྲོན་འབོད་གནང་བ་འདིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དེའི་དབུ་ཁྲིད་ལ་ངོས་འཛིན་གནང་བའི་ཆབ་སྲིད་ཀྱི་ཐོག་ནས་གལ་འགངས་ཆེན་པོ་ཆགས་ཡོད་པ་གསུངས་འདུག སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ད་དུང་ཁོང་ནས་ད་རེས་ཨ་རིའི་དཔོན་རིགས་ཚོ་དང་ལྷན་བོད་དང་འབྲེལ་བའི་བཀའ་མོལ་མང་དག་ཅིག་གནང་བ་དང་།  ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་བོད་རྒྱ་གཉིས་ཀར་སྨན་པའི་དབུ་མའི་ལམ་གྱི་སྲིད་བྱུས་གཞི་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སྐོར་སྙན་སེང་ཞུས་ཡོད་སྐོར་གསུངས་འདུག གཞི་རྩའི་ཟླ་ ༡༠ ཚེས་ ༡༥ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གཞུང་འབྲེལ་ཐོག་ཐེངས་དང་པོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་ཁྱབ་ལས་ཁུངས་ Harry S. Truman building ནང་མགྲོན་འབོད་གནང་བ་བཞིན་སྲིད་སྐྱོང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Robert A. Destro མཆོག་དང་མཇལ་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་དང་ཨ་རིའི་དབར་གྱི་འབྲེལ་ལམ་ཡར་རྒྱས་གོང་འཕེལ་གྱི་ཐད་གླེང་མོལ་གནང་ཡོད་པར་མ་ཟད་ད་དུང་གཟའ་འཁོར་འདིའི་ནང་དྲ་ལམ་ཐོག་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་རྒན་གྲས་ཁག་ཅིག་དང་ལྷན་ Tibetan Policy and Support Act of 2019 ཞེས་པའི་ཨ་རིའི་བོད་དོན་ཁྲིམས་འཆར་དང་དེ་བཞིན་འབྲེལ་ཡོད་གནད་དོན་གཞན་ཁག་ཅིག་གི་ཐོག་བཀའ་བསྡུར་གནང་ཡོད་པ་རེད་འདུག

༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་བོད་མི་ཁོ་ནར་ཡོད་པ་གསུངས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆོས་དད་རང་དབང་གོང་འཕེལ་ཆེད་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ཚོགས་འདུ་ཞིག་དྲ་ཐོག་ནས་ཚོགས་ཡོད་པ་ལྟར་སྐབས་དེར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་ Sam Brownback མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་རྒྱ་ནག་གི་བྱེད་ཕྱོགས་ལ་དགག་བྱ་ཤུགས་ཆེ་གནང་བ་དང་འབྲེལ་ནས་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་བོད་མི་ཁོ་ནར་ཡོད་པ་ལས་ཆོས་ཁས་མི་ལེན་མཁན་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པར་མ་ཟད་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་དེ་བོད་མི་ཁོ་ནར་ཡོད་པའི་གནད་དོན་ཐོག་ཨ་རི་གཞུང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག

འཇར་མ་ནིའི་གྲོས་ཚོགས་ནང་རྒྱ་ནག་ཐོག་ཉན་ཞིབ་ལས་རིམ་སྐབས་བོད་ཀྱི་ཛ་དྲག་གནས་སྟངས་ངོ་སྤྲོད།

ཁ་ཉིན་ཕྱི་ཚེས་ ༡༨ ཉིན་ Germany གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ཉན་ཞིབ་ལས་རིམ་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མ་ནི་སྡེ་ཚན་གྱི་ངེས་སྟོན་པ་སྐུ་ཞབས་ Kai Muller ལགས་མཉམ་ཞུགས་གནང་སྟེ་རྒྱ་གཞུང་གིས་བོད་དེ་རྒྱ་སྡེར་བཟོ་ཐབས་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པ་དང་། བོད་མིའི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ། བོད་མི་རྣམས་འཛིན་བཟུང་དང་མི་སྤྱོད་ལས་འདས་པའི་བཙོན་འཇུག་འོག་མནར་གཅོད་གཏོང་བཞིན་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་མངོན་གསལ་གྱིས་སྙན་སེང་ཞུས་འདུགགསར་འགོད་པས་དེ་རིང་སྐུ་ཞབས་ Kai Muller ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས་ཁོང་གིས་ཐེངས་འདིའི་ཉན་ཞིབ་ལས་རིམ་ཐོག་རྒྱ་ནག་ནང་གི་གནས་སྟངས་སྐོར་རྒྱུས་མངའ་ཡོད་མཁན་ཁྱད་ལས་པ་གཞན་ ༦ དང་ལྷན་དུ་བོད་ནང་གི་གནས་སྟངས་རྒྱུས་ལོན་གནང་ཕྱིར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་མགྲོན་འབོད་གནང་བ་ལྟར་ཁོང་ནས་མཉམ་ཞུགས་གནང་སྟེ་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པ་ཁག་གི་གནད་དོན་དང་རྒྱ་གཞུང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བོད་བརྒྱུད་ནང་བསྟན་སྐྲུན་ཐབས་ཞེས་པའི་འོག་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་གཏོང་བཞིན་པར་མ་ཟད་བོད་མིའི་ཞིང་འབྲོག་མང་ཚོགས་རྣམས་བཙན་དབང་ཐོག་གནས་སྤོ་གནང་བཅུག་སྟེ་སྲོལ་རྒྱུན་གྱི་འཚོ་བའི་གནང་སྒོ་ལས་ཡོངས་སུ་འདས་པའི་ངལ་རྩོལ་གྱི་ལས་ལ་ཞུགས་བཅུག་པ་སོགས་ཀྱི་གནས་སྟངས་སྐོར་སྙན་སེང་ཞུས་ཡོད་པ་གསུངས་སོང་། ཉན་ཞིབ་ཀྱི་དྲི་བ་དྲིས་ལན་གྱི་ལས་རིམ་ཁྲོད་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་གི་སྲིད་བྱུས་སྤེལ་ཁག་རྣམས་ལ་བོད་པའི་གྲྭ་བཙུན་རྣམས་ནས་གདོང་ལེན་གནང་ཕྱོགས་དང་༸གོང་ས་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་སྐོར་། དེ་བཞིན་རྒྱ་གཞུང་གིས་བོད་ནང་ཆུ་མཛོད་གསར་རྒྱག་སོགས་ཆུའི་གནད་དོན་བཅས་ཀྱི་སྐོར་སྙན་སེང་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་ལྟར་འཇར་མ་ནི་ནས་བོད་ཀྱི་གནད་དོན་ཐོག་ཤུགས་སྣོན་འཕར་མ་གནང་ཐུབ་པའི་རེ་བ་ཆེན་པོ་ཡོད་སྐོར་གསུངས་ཡོད་སྟབས། ཡུལ་དེའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱིས་ཀྱང་སྐྱོན་བརྗོད་ཞུས་པའི་གནས་ཚུལ་བྱུང་སྐོར་གསུངས་ཡོད། དེ་བཞིན་ཁོང་གིས་ང་ཚོའི་ངོས་ནས་རྒྱལ་སྤྱིའི་གཞུང་དང་ཚོགས་སྐྱིད་ཁག་ལ་རྒྱ་ནག་ཐོག་དོ་སྣང་ཆེ་ཙམ་གནང་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ལ་ཉེས་ཆད་འགེལ་རྒྱུའི་ཐོག་ཤུགས་སྣོན་གནང་བཞིན་ཡོད་པ་ངོ་སྤྲོད་གནང་སོང་། སྔ་ལོར་འཇར་མ་ནིའི་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་སྐོར་གྱི་ཉན་ཞིབ་ལས་རིམ་ཐོག་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐུ་ཞབས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་བརྒྱུད་ནང་བསྟན་སྐོར་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་ཚབ་ཀྱིས་སྐྱོན་བརྗོད་བྱས་ཡོད་པ་དེ་ལྟར་ཡང་། འཇར་མ་ནིའི་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་གཞུང་གི་སྐྱོན་བརྗོད་ལ་བལྟོས་མེད་གནད་དོན་དེ་དག་ཐོག་དོ་སྣང་དང་རྒྱབ་སྐྱོར་གནང་ཡོད་སྐོར་གསུངས་པ་དང་སྦྲགས་དེ་ནི་གནས་ཚུལ་བཟང་པོ་ཞིག་ཡིན་པ་སོགས་གསུངས་པ་དང་ཆབས་ཅིག ཕྱི་རྒྱལ་ཁག་ཏུ་བཞུགས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་ཀྱི་གནད་དོན་དེ་རྒྱལ་ཁབ་སོ་སོའི་ཆབ་སྲིད་ཀྱི་མི་སྣར་ངོ་སྤྲོད་ཀྱི་ལས་འགུལ་གང་མང་སྤེལ་དགོས་པའི་སྐུལ་མ་གནང་ཡོད།ཁ་ཉིན་ཚེས་ ༡༩ ཉིན་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་ Farefuturo ཐེབས་རྩ་ཁང་གི་སྦྱོང་བརྡར་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པའི་གཏམ་བཤད་ལས་རིམ་དང་གསར་འགོད་ལྷན་ཚོགས་ཐོག་ཧོང་ཀོང་མང་གཙོའི་ལས་འགུལ་བ་ Joshua Wong ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་དེ་བཞིན་ཧོང་ཀོང་ཐོག་དྲག་གནོན་བྱེད་བཞིན་པ་དེ་རིམ་པས་རྒྱ་ནག་དང་མཉམ་དུ་བརྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་བྱེད་མཁན་གྱི་རྒྱལ་ཁབ་ཁག་ཏུ་ཁྱབ་བརྡལ་འགྲོ་ངེས་ཡིན་པར་ཉེན་བརྡ་གནང་འདུག དེ་བཞིན་ཁོང་གིས་རྒྱ་གཞུང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ཐོག་ཤུགས་རྐྱེན་སྤྲོད་བཞིན་པའི་སྐོར་དང་འབྲེལ་ཏེ་ དབང་ཆ་གཅིག་བསྡུས་རིང་ལུགས་པ་དང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་མཁན་རྒྱ་ནག་ལྟ་བུས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་རྩེད་ཆས་ལྟར་སྤྱོད་བཞིན་ཡོད་པར་བློ་ཕམ་ཡོད་ཅེས་འགྲེལ་བརྗོད་གནང་འདུག ཁ་ཉིན་དྲ་ཐོག་ལས་རིམ་དེའི་ཐོག་ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Nobili Luciano ལགས་དང་གྲོས་ཚོགས་འཐུས་མི་གཞན་ཁག་ཅིག དེ་བཞིན་ Italy ཡི་རྒྱལ་ཚོགས་སྐུ་ཚབ་ཟུར་པ་སྐུ་ཞབས་ Terzi ལགས་བཅས་ནས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ Nobili Luciano ལགས་ཀྱིས་ Joshua Wong ལགས་ཀྱིས་གཏམ་བཤད་གནང་བར་ཡི་རངས་སྔགས་བརྗོད་གནང་བ་དང་ཆབས་ཅིག ད་ལྟའི་ཧོང་ཀོང་ནང་གི་གནས་སྟངས་འདི་ནི་དེ་སྔ་ཕྱི་ལོ་ ༡༩༥༡ ལོ་ནས་ད་བར་གྱི་བོད་ནང་གི་གནས་སྟངས་དང་གཅིག་མཚུངས་རེད་འདུག་ཅེས་གསུངས་འདུག

རྒྱ་ནག་གི་མི་འབོར་ཞིབ་བཤེར་ཁྲོད་བོད་མི་རྣམས་ལ་དཀའ་ངལ་འཕྲད་སྲིད་པར་གསུངས་འདུག

རྒྱ་ནག་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་འདི་ལོའི་ཟླ་བ་བཅུ་གཅིག་གི་ཚེས་འགོ་ནས་བཟུང་ལོ་བཅུ་ཚན་གཅིག་གི་ནང་དུ་ཐེངས་རེར་རྒྱལ་ཡོངས་ཀྱི་ཐེངསབདུན་པའི་མི་འབོར་ཞིབ་བཤེར་བྱེད་བཞིན་ཡོད་པ་ལྟར། སྤྱི་ལོ་ ༢༠༡༠ ནས་༢༠༢༠ ལོའི་མི་འབོར་ཞིབ་བཤེར་དེ་དངོས་སུ་ལག་བསྟར་བྱེད་བཞིན་ཡོད་སྐོར་འཁོད་འདུགཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཐེངས་འདིའི་རྒྱ་ནག་གི་རྒྱལ་ཡོངས་ཀྱི་མི་འབོར་ཞིབ་བཤེར་དེའི་ཁྲོད་རྒྱ་རིགས་མང་ཚོགས་ནས་ཧོང་ཀོང་དང་ Macau དེ་བཞིན་ཐེ་ཝན་སོགས་སུ་གནས་སྡོད་རང་ཉིད་ཀྱི་ནང་མི་རྣམས་ཀྱི་མིང་གཞུང་མཁོ་སྤྲོད་བྱེད་དགོས་པ་བཟོས་ཡོད་པ་དང་། ཆ་རྐྱེན་དེའི་རྐྱེ་གྱིས་རྒྱ་གར་དང་ཡུ་རོབ། དེ་བཞིན་ཨོ་གླིང་སོགས་བཙན་བྱོལ་དུ་ནང་མི་སྤུན་ཉེ་ཡོད་པའི་བོད་ནང་གི་བོད་མི་ཚོར་ཡང་དཀའ་ངལ་བཟོ་ཉེན་ཡོད་སྐོར་གསུང་བ་དང་ཆབས་ཅིག རྒྱ་ནག་གིས་ཁམས་འབྲི་རུ་རྫོང་དུ་བྱིས་པ་གསུམ་གྱི་ཨ་ལྷ་མོ་ལགས་དང་ཁོང་གི་གཉེན་ཉེ་བསྟན་འཛིན་ཐར་བ་གཉིས་འཛིན་གྱིས་ཕྱི་ལགས་སུ་གནས་སྡོད་ཀྱི་ནང་མི་རྣམས་ལ་དངུལ་སྐུར་བའི་ཉེས་འཛུགས་ཁྲོད་འཛིན་བཟུང་བཀག་སྐྱིལ་བྱས་ཏེ་གཅར་རྡུང་ཤུགས་དྲག་བྱས་བ་བརྒྱུད་ནས་ཨ་མ་ལྷ་མོ་ལགས་དྲག་སྤྱོད་ཁྲོད་ཚེ་སྲོག་ཤོར་བའི་གནས་སྟངས་མངོན་གསལ་གནང་འདུག དེ་བཞིན་ལས་འགུལ་ཁང་གིས། མི་འབོར་ཞིབ་བཤེར་ཁྲོད། མི་མང་གི་མིང་དང་ཕོ་མོ། དེ་བཞིན་སྐྱེས་ལོ་སྐྱེས་ཚེས་དང་གཏན་སྡོད་ཀྱི་ཁ་བྱང་། མི་སྒེར་ངོས་འཛིན་གྱི་ཨང་རྟགས་དང་པར་སོགས་གསལ་བོར་ཐོ་འགོད་བྱས་བ་བརྒྱུད་ནས། རྒྱ་ནག་གིས་ག་ལེར་མི་སྒེར་གྱི་གནས་ཚུལ་བསྡུ་རུབ་བྱས་པ་ཁག་འཕྲུལ་ལས་མ་ལག་ཏུ་དྲར་འཇུག་བྱས་ཏེ། རྒྱ་ནག་གི་དབང་འཛིན་པ་རྣམས་ཀྱིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་ཡོངས་ཐབས་ཀྱི་འབད་བཞིན་ཡོད་པར་ཡོངས་གྲགས་གནང་འདུག ད་རེས་ཀྱི་མི་འབོར་ཞིབ་བཤེར་དེའི་ཁྲོད་ད་དུང་མང་ཚོགས་ནས་རང་མི་རིགས་ཀྱི་ངོ་བོ་གསལ་བཀོད་བྱེད་དགོས་ཀྱི་ཡོད་པ་བཟོས་ཡོད་པ་དང་། ལས་འགུལ་ཁང་གིས་སྤྱིར་རྒྱ་ནག་གི་ཁྲིམས་ལུགས་ཀྱི་ནང་དུ་གྲངས་ཉུང་མི་རིགས་ཀྱི་ངོ་བོ་གསལ་བོར་འཁོད་མེད་པར་ལུང་འདྲེན་དང་འབྲེལ་དཔེར་ན་རྒྱ་ནག་གི་ཕྱི་ལོ་་༡༩༨༤ ལོའི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས། ཞེས་པ་དང་། དེ་བཞིན་ཕྱ་ལོ་ ༢༠༠༩ ལོའི་ཀྲུང་གོའི་མི་རིགས་སྲིད་ཇུས་དང་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་བའི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་སོགས་སུ་ཡང་གསལ་ཁ་གང་ཡང་མེད་པར་འགྲེལ་བརྗོད་གནང་འདུག རྒྱ་ནག་གིས་དུས་རྒྱུན་ནས་མི་འབོར་ཞིབ་བཤེར་གྱི་གྲངས་ཐོའི་ནང་དུ་བོད་ཟེར་དུས་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པོ་མ་གཏོགས་བོད་ཀྱི་མདོ་སྟོད་སྨད་ཚུད་ཀྱི་མེད་པར་མངོན་གསལ་གནང་བ་དང་སྦྲགས། ད་ཆ་རྒྱ་ནག་གིས་བོད་ཁུལ་དུ་རྒྱ་ནག་གི་ཧན་མི་རིགས་མང་པོ་འབོར་འདྲེན་བྱས་ཏེ་བོད་མི་རྣམས་རང་ས་རང་ཡུལ་ནས་གྲངས་ཉུང་མི་རིགས་ལྟ་བུར་གྱུར་ཏེ་བོད་ཀྱི་ཆོས་རིགས་ལ་ཉེན་ཁ་འཕྲད་ཀྱི་ཡོད་སྐོར་ལུང་འདྲེན་གནང་འདུག དེ་བཞིན་ལྟེ་གནས་ཁང་གིས། ཕྱི་ལོ་ ༢༠༡༠ ལོའི་མི་འབོར་ཞིབ་བཤེར་གྱི་གྲངས་ཐོའི་ནང་དུ། རྒྱ་ནག་གི་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ནང་དུ། རྒྱ་ནག་གི་མི་སེར་ ༢༤༥༠༠ ལྷག་ལས་མེད་སྐོར་འཁོད་ཡོད་པ་དང་། དེ་ནི་རང་སྐྱོང་ལྗོངས་ཀྱི་མི་འབོར་གྱི་གྲངས་ཐོ་དང་བསྡུར་ན། བརྒྱ་ཆ་ ༩ ལས་ཟིན་མེད་པར་བསྟན་ཡོད་ནའང་། བོད་ནང་གི་བོད་མི་དང་བོད་དུ་སྐྱོད་མཁན་རྣམས་ཀྱིས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་ ༢༠༠༧ ལོར་གོར་མོ་ནས་ལྷ་ས་བར་མེ་འཁོར་ལྕགས་ལམ་བཟོས་བ་ནས་བོད་དབུས་ཁུལ་གྱི་གྲོང་ཁྱེར་ཁག་གི་ནང་དུ་རྒྱ་ནག་གི་མི་མང་སྤྱི་དང་། དམག་མི་སོགས་ཀྱི་གྲངས་འབོར་ལྟོས་བཅོས་ཀྱིས་མང་དུ་ཕྱིན་ཡོད་སྐོར་འགྲེལ་བརྗོད་ཀྱིས།  དོན་དངོས་སུ་བོད་དབུས་ཁུལ་དུ་ས་གནས་ཀྱི་བོད་མི་ལས་རྒྱ་ནག་གི་མི་འབོར་མང་པོ་ཡོད་པའི་གནས་བབ་ཅིག་ཆགས་ཡོད་པར་འགྲེལ་བརྗོད་གནང་འདུག གཞི་རྩའི་རྒྱ་ནག་གིས་བོད་ཁུལ་དུ་མི་འབོར་ཞིབ་བཤེར་ཙམ་མ་ཡིན་པར། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཡང་མི་མང་གི་གནས་ཚུལ་མཁོ་བསྡུའི་ཐད་ནས་ལས་གཞི་མང་པོ་ཞིག་རྩོམ་བཞིན་པའི་ཁྲོད་དུ། ཁ་པར་གྱི་བྱང་བུ་ཞིག་གསར་དུ་ཉོ་དགོས་བྱུང་བ་ཡང་མི་སྒེར་གྱི་ངོ་གདོང་འཕྲུལ་ལམ་ནས་དེབ་སྐྱེལ་བྱས་ཏེ་དྲྭར་རྒྱར་ཡར་འཇུག་བྱེད་ཀྱི་ཡོད་པ་མ་ཟད།   ས་བྱི་ལོའི་ཞི་རྒོལ་གྱི་རྗེས་ནས་བཟུང་། མོད་སྟོད་སྨད་ཀྱི་བོད་མི་རྣམས་དབུས་ཁུལ་ནས་འདུག་མི་ཆོག་པའི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་རེད།

རྒྱ་བལ་གཉིས་ཀྱི་ནང་བོད་མི་ ༦༥ ལ་ཏོག་དབྱིབས་གཉན་རིམས་ཕོག་པ་དང་བོད་མི་ ༢ འདས་གྲོངས།

གཟའ་འཁོར་འདིའི་ནང་བཙན་བྱོལ་བོད་མིའི་འདུ་སྡོད་ཁྲོད་ཏོག་དབྱིབས་གཉན་རིམས་ཕོག་པ་བོད་མི་ ༦༥ དང་ ༢ འདས་གྲོངས་སུ་གྱུར་འདུགཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༤ སྤེལ་སྐབས་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་མིའི་འདུ་སྡོད་ས་ཁུལ་ཁག་ཏུ་བོད་མི་ ༦༥ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་ནས་རྒྱ་གར་ནས་བོད་མི་ ༥༧ དང་བལ་ཡུལ་ཁུལ་ནས་ ༨ བཅས་ལ་གཉན་རིམས་དེ་ཕོག་ཡོད་པར་མ་ཟད། ནད་ཡམས་དེའི་རྐྱེན་གྱིས་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ནས་སྐྱེས་པ་རང་ལོ་ ༦༡ དང་ལ་དྭགས་ནས་སྐྱེས་པ་རང་ལོ་ ༨༦ སོན་པ་བཅས་བོད་མི་གཉིས་འདས་གྲོངས་སུ་གྱུར་འདུག དེ་བཞིན་ཁོང་གིས་ཕྱིའི་རྒྱལ་ཁག་ལས་ཨ་རིའི་ཝིས་ཀོན་སི་ཁུལ་ནས་བོད་མི་ ༨ ལ་གཉན་རིམས་ཕོག་ཡོད་པ་དང་། ད་ལྟའི་ཆར་བོད་མི་ ༣ དྲག་སྐྱེད་བྱུང་ཡོད་ཀྱང་གཞན་ལྔ་པོ་ནད་ཀྱིས་མནར་བཞིན་པ་ཡོད་པ་དེ་ལྟར་གསུངས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་ད་ལྟའི་ཆར་གཉན་རིམས་ ༡༩ པ་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་བོད་མི་མང་ཚོགས་ཚོས་གདོང་ལེན་དང་སྔོན་འགོག་གི་གནང་སྒོ་ཁག་འཐུས་ཚང་གནང་དགོས་གལ་དང་འབྲེལ་བའི་ལམ་སྟོན་གནང་བར་ང་ཚོ་ཚང་མ་ཕྱི་ཟླ་གསུམ་པ་ནས་བཟུང་དུས་ད་བར་དུས་ཡུན་རིང་པོའི་རིང་གཉན་རིམས་སྔོན་འགོག་གི་གནང་སྒོ་ཁག་དམ་དོན་ཞུས་དང་ཞུ་བཞིན་ཡོད་ཀྱང་། ད་ལྟའི་ཆར་རྒྱ་གར་ནང་ལ་ཐེམ་སྤང་གུ་ཡངས་ཀྱི་རིམ་པ་ལྔ་པ་དེ་གནང་བར་བརྟེན་མང་ཚོགས་ཕན་ཚུན་དབར་ཐུག་འཕྲད་དང་ལྷན་འཛོམས་གནང་འཐུས་ཆོག་དོན་ལྟར་བོད་མི་མི་ཉུང་བ་ཞིག་གནས་མཇལ་དང་སྐྱེས་སྐར་སོགས་གནང་གི་ཡོད་པ་ཤེས་རྟོགས་བྱུང་ཡོད་སྟབས་དེའི་རིགས་རེ་ཞིག་མི་གནང་བའི་གཞེན་སྐུལ་དང་། དེ་བཞིན་སྔོན་འགོག་གི་གནང་སྒོ་ཁག་མུ་མཐུད་ནས་འཐུས་ཚང་གནང་དགོས་པའི་དྲན་སྐུལ་གནང་སོང་། དྲུང་ལས་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་ད་དུང་བཞུགས་སྒར་ཁུལ་དུ་མངའ་སྡེ་གཞན་ནས་ཕེབས་པའི་བོད་མི་ཚོས་རང་གཞན་གཉིས་ཀར་སྨན་པའི་འགན་ཁུར་ཆེ་བཞེས་ཀྱིས་ཟུར་བཀག་ལ་ངེས་པར་དུ་བཞུགས་དགོས་པའི་འབོད་སྐུལ་གནང་བ་དང་སྦྲགས། དེང་ཆར་ཆམ་རིམས་འཕེལ་བའི་ནམ་དུས་ཡིན་པར་བརྟེན་རང་ཉིད་ལ་ཆམ་པ་ཕོག་པ་གཙོས་པའི་ཆམ་རིགས་དང་འདྲ་བའི་ནད་རྟགས་གང་བྱུང་ཚེ་ས་གནས་ས་ཐོག་ཏུ་ཡོད་པའི་འཕྲོད་བསྟེན་སྨན་ཁང་ལ་འབྲེལ་གཏུག་གནང་རོགས་ཞེས་འབོད་སྐུལ་གནང་ཡོད། ཡང་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་ནང་གི་སྲི་ཞུ་བའི་ཁོངས་ནས་སྲི་ཞུ་བ་གཉིས་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་ཚུལ་ཆེས་ཐོག་མ་ཐོན་ཡོད་པ་དང་ཁྱོན་མི་ ༨༨ ཙམ་དང་འབྲེལ་བ་བྱུང་དོན་བཞིན་ཉེན་འཚབས་ཆེ་བའི་མི་ ༥༠ ལ་བརྟག་དཔྱད་གནང་འབྲས་སུ་དེ་དག་ཆ་ཚང་ནད་རྟགས་གང་ཡང་ཐོན་མེད་སྐོར་གསུངས་སོང་། དེ་བཞིན་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་བའི་དུས་སྐབས་བོད་ཕྲུག་ཚོས་དྲྭ་རྒྱའི་ཐོག་ནས་སློབ་གཉེར་གནང་གི་ཡོད་ཀྱང་། སློབ་ཕྱུག་ཁག་ཅིག་ལ་དྲྭ་རྒྱའི་མཐུན་རྐྱེན་ཞན་པའི་རྐྱེན་གྱིས་ངལ་བ་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད་སྟབས་དེ་དག་གི་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བའི་ཆེད་དུ་རོགས་རམ་གང་ཐུབ་གནང་དགོས་པའི་འབོད་སྐུལ་དེ་ལྟར་གནང་སོང་། གཞི་རྩའི་རྒྱ་བལ་གཉིས་སུ་ཆགས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་བར་བོད་མི་ཁྱོན་ ༡༢༣༠ ལ་ Covid-19 འམ་ཏོག་དབྱིབས་གཉན་རིམས་ཕོག་དེ་ཡོད་པ་དང་དེའི་ཁོངས་ནས་དྲག་སྐྱེད་བྱུང་བ་ ༩༡༦ དང་ ༢༩ འདས་གྲོངས། དེ་བཞིན་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་ ༢༨༥ ཆགས་ཡོད་པ་རེད།

བོད་དོན་གོམ་བགྲོད་པ་བསྟན་འཛིན་དོན་གྲུབ་ལགས་ལྡི་ལིར་འབྱོར་འདུག

ཟླ་ ༡༡ ཚེས་ ༢ ཉིན་བོད་མི་ན་གཞོན་བསྟན་འཛིན་དོན་གྲུབ་ལགས་ཀྱིས་བཞུགས་སྒར་དྷརྨ་ས་ལ་ནས་དབུ་འཛུགས་ཀྱིས་རྣ་ཐོས་ལའི་ས་མཚམས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་སྟེ་ད་ཆ་བདུན་ཕྲག་གསུམ་ཙམ་ཕྱིན་ཡོད་པ་ལྟར་ཁོང་དང་ཁོང་གི་ཕྱག་རོགས་བསྟན་འཛིན་ཉི་མ་ལགས་གཉིས་དེ་རིང་དགོང་དྲོ་ཙམ་ལ་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་འབྱོར་གྱི་འདུག དེ་བཞིན་ཁ་ཉིན་ཕྱི་ཚེས་ ༡༨ ཉིན་དྷ་ས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་གི་འོག་འཕགས་བོད་ས་མཚམས་བར་དུ་རྒྱ་གཞུང་ཐེར་འདོན་གྱི་སྦག་སྦག་སྐོར་སྐྱོད་བ་ལྔ་བཅུ་ལྷག་གི་ལས་འགུལ་ཞིག་དབུ་འཛུགས་གནང་དོན་བཞིན་དེ་རིང་དགོང་དྲོར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་གྱི་ཁུ་ནུ་ས་ཁུལ་གྱི་འཕགས་བོད་ས་མཚམས་སུ་འབྱོར་གྱི་འདུགགསར་འགོད་པས་བསྟན་དོན་འགྲུབ་དང་བསྟན་འཛིན་ཉི་མ་གཉིས་ལ་གོམ་བགྲོད་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གཉིས་ཀྱིས་བོད་དོན་ལ་སེམས་ཤུགས་ཡོད་ན་ལས་འགུལ་དབུ་འཛུགས་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། ལས་འགུལ་ཞིག་དབུ་འཛུགས་ཞུས་པ་ཡིན་ན་བོད་མི་སྤྱི་དང་ས་གནས་ཁག་གི་རྒྱ་གར་ཡུལ་མི་རྣམས་ཀྱིས་ཀྱང་རྒྱབ་སྐྱོར་གང་ལེགས་གནང་གི་ཡོད་པར་འགྲེལ་བརྗོད་ཀྱིས་ཐེངས་འདིའི་གོམ་བགྲོད་བརྒྱུད་རྒྱ་གར་གྱི་ཡུལ་མི་རྣམས་དང་གསར་འགོད་པ་རྣམས་ལ་བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། ད་ཆ་རྒྱ་ནག་གི་དབང་སྒྱུར་གྱི་སྲིད་བྱུས་འོག་ཏུ་བོད་ནང་གི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་ཛ་དྲག་ཏུ་འགྱུར་བཞིན་པ་དྲིལ་བསྒྲགས་གང་ལེགས་གནང་ཐུབ་ཡོད་སྐོར་གསུངས་ཡོད།  གཞན་ཡང་དབུས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་ཐེངས་འདིའི་འཕགས་བོད་ས་མཚམས་བར་གྱི་སྦག་སྦག་སྐོར་སྐྱོད་ཀྱི་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཁོང་གིས་བཞུགས་སྒར་ནས་ཁུ་ནུ་བར་གྱི་གྲོང་ཁྱེར་ཆེ་ཁག་ནས་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་ལ་དཀའ་ངལ་འཕྲད་བཞིན་པ་དང་དེ་བཞིན་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་གདོང་ལེན་གནང་ཕྱོགས་གཙོས་པའི་རྒྱ་ནག་གིས་བོད་ཁུལ་དུ་དམ་དྲག་གི་སྲིད་བྱུས་སྤེལ་བཞིན་པ་བཅས་ཀྱི་གནད་དོན་དྲིལ་བསྒྲགས་གནང་ཐུབ་སོང་ཞེས་གསུངས་སོང་།

༸གོང་ས་མཆོག་ཕྱི་ལོ་ ༢༠༢༠ ནང་བདེ་སྐྱིད་དང་དེའི་རྒྱུ་རྐྱེན་ཞེས་པའི་ཚོགས་འདུར་དབུ་བཞུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་ཨོ་སི་ཊོ་ལི་ཡ་ནང་དུ་འཚོགས་བཞིན་པའི་ཕྱི་ལོ་ ༢༠༢༠ ནང་བདེ་སྐྱིད་དང་དེའི་རྒྱུ་རྐྱེན་ཞེས་པའི་ཚོགས་འདུའི་བགྲོ་གླེང་ཐོག་དབུ་བཞུགས་དང་བཀའ་སློབ་བཀྲིན་ཆེ་བ་སྩལ་སོང་།

Latest news