Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་རང་སྐྱོང་ལྗོངས་དབུ་བརྙེས་བའི་དུས་ཆེན་སྲུང་བརྩི་ཞུས་པ།

དེ་རིང་བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་པའི་དུས་ཆེན་སྲུང་བརྩི་ཞུ་བཞིན་པའི་དུས་མཚམས་འདིར། བོད་རང་དབང་ཚོགས་པས་རྒྱ་གཞུང་གིས་བོད་དེ་ཕྱོགས་ཡོངས་ནས་སྒོ་མོ་རྒྱག་ཡོད་པའི་སྐྱོན་བརྗོད་གནང་འདུག དེ་རིང་ཕྱི་ཟླ་ ༩ ཚེས་ ༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལ་མདུན་ཐང་དུ་རྒྱ་ནག་གི་རྐང་མཚོ་གནམ་གསུམ་གྱི་དམག་གི་རུ་སྒྲིག་སོགས་གཟིགས་འབུལ་བརྒྱུད། བོད་རང་སྐྱོང་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་འདུག་པ་དང། མང་ཚོགས་ཁྲི་གཉིས་ལྷག་འདུ་འཛོམས་བྱས་པའི་མཛད་སྒོའི་ཐོག་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཡུས་ཀྲེང་ཧྲེང་གིས་གཙོས་པའི་ཆེས་མཐོའི་དཔོན་རིགས་ཁག་ཅིག་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཆོན་གོ་སོགས་གནད་ཡོད་མི་སྣ་བརྒྱ་ཁྲག་ཁ་ཤས་སླེབས་ཡོད་པ་རེད་འདུག ཡུས་ཀྲེང་ཧྲེང་གི་གཏམ་བཤད་བྱས་པའི་ཁྲོད་འདས་པའི་ལོ་ངོ་༥༠ དེའི་རིང་རྒྱ་གཞུང་གིས་བོད་ནང་དཔལ་འབྱོར་ཡར་རྒྱས་དང་འཛུགས་སྐྲུན་འཕེལ་རྒྱས་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོན་ཡོད་པར་བསྔགས་བརྗོད་དང་སྦྲགས། འདས་པའི་ལོ་དུས་དེའི་ནང་བོད་རྙིང་པ་རྗེས་ལུས་ཅན་དེ་བཞིན་ཀྲུང་དབྱང་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྔོན་ཐོན་ཅན་ཞིག་ཏུ་གྱུར་ཐུབ་ཡོད་པ་བཤད་འདུག ད་དུང་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཡུས་ཀྲེང་ཧྲེང་གིས་དེ་རིང་གི་མཛད་སྒོའི་འདིའི་ཐོག་ནས་རྒྱ་ནག་གི་ཆིག་སྒྲིལ་ལ་ཆེ་བསྟོད་ཞུས་པ་དང་ཆབས་ཅིག་ཏུ། རྒྱལ་ཁབ་ཁ་བྲལ་དང་ཆིག་སྒྲིག་གཏོར་བཤིག་གཏོང་མཁན་ཏཱ་ལའི་རུ་ཚོགས་སོགས་ལ་ནུས་པ་མཉམ་དུ་སྤུངས་ཐོག་ནས་གདོང་ལེན་དང་ཁ་གཏད་གཅོག་དགོས་གལ་ཡིན་པ་ནན་བརྗོད་བྱས་འདུག བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་ཡོད་པ་འདིའི་བར་ན་དབྱིན་ཡུལ་ནང་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་ (Free Tibet) རྒྱ་གཞུང་གི་དུས་ཆེན་འདི་ལ་སྐྱོན་བརྗོད་དང་སྦྲགས། བོད་ནང་གི་བོད་མི་རྣམས་ལ་འགྲོ་བསྐྱོད་རང་དབང་མེད་པར་དམ་བསྒྲགས་དང་གཉའ་གནོན་མྱོང་མུས་ཡིན་པ་མ་ཟད། བོད་དེ་བཞིན་ཕྱི་རྒྱལ་གྱི་སྐུ་ཚབ་དང་རང་དབང་ཅན་གྱི་གསར་ཁང། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་ཀུན་ལ་སྒོ་མོ་རྒྱབ་ཡོད་པ་གསུངས་འདུག ད་དུང་ཚོགས་དེ་ནས་རྒྱ་གཞུང་ལ་གལ་ཏེ་དོན་ངོ་མའི་ཐོག་བོད་ནང་གི་བོད་མི་རྣམས་ལ་སྤྲོ་སྣང་ལྡན་པའི་གཏམ་བཟང་རིགས་ཡོད་ན། འཛམ་གླིང་གི་གསར་འགོད་པ་བོད་ནང་དུ་རང་དབང་ངང་འགྲོ་བསྐྱོད་མི་ཆོག་པ་བཟོ་དགོས་གང་ཡིན་ཅེས་དྲི་བ་ཡང་བཏང་འདུག ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཟླ་བ་འདིའི་ཚེས་ ༡ ཉིན་རྒྱ་གཞུང་གིས་རྒྱབ་ཤ་དཀར་པོར་དོན་ཚན་བཞིའི་སྟེང་ནས་ལན་འདེབས་གསལ་བསྒྲགས་གནང་སྐབས། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་བའི་དུས་ཆེན་གྱི་འཛུམ་མདངས་འདི་ནི་བཙན་དབང་གི་འཛུམ་མདངས་ཤིག་ཡིན་པ་གསུངས་ཡོད་པ་རེད།

དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་འཕྲོ་སྐྱོང།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་ལ་རང་ཆས་སུ་ཡོད་པའི་བྱམས་བརྩེའི་ཡོན་ཏན་གོང་འཕེལ་གཏོང་དགོས་གལ་ཡིན་པ་ལམ་སྟོན་བསྩལ་སོང་། དེ་རིང་ཟླ་ ༩ ཕྱི་ཚེས་ ༨ ཉིན་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨེ་ཤི་ཡའི་ནང་པའི་དད་ལྡན་ཆོས་ཞུ་བ་ཚོར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་འཕྲོ་སྐྱོང་མཛད་པ་དང་ཆབས་ཅིག སྔ་དྲོའི་ཆོས་ཐུན་སྐབས་༧གང་ཉིད་མཆོག་གིས་འགྲོ་བ་མི་ཚང་མ་མའི་བྱམས་སྐྱོང་འོག་འཚར་ལོང་བྱུང་བ་གཅིག་མཚུངས་ཡིན་སྟབས། ང་ཚོ་དང་ཁོང་ཚོ་ཞེས་དབྱེ་འབྱེད་ཀྱི་བློ་དེ་དོར་ནས་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་འགྲོ་མི་གཅིག་གྱུར་གྱི་འདུ་ཤེས་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་དགོས་གལ་ཡིན་པ་བཀའ་གནང་སོང་བ་མ་ཟད། གཞན་ཡང་སྐབས་དེར་དབུ་མ་རིན་ཆེན་ཕྲེང་བའི་གཞུང་ལས་འཕྲོས་ནས་བདེན་བཞི་དང་རྒྱུ་འབྲས་སོགས་ཀྱི་སྐོར་ལ་བཀའ་ཁྲིད་བསྩལ་གནང་ཡོད། ཁ་སང་དང་དེ་རིང་བཅས་སུ་མགོན་པོ་མཆོག་གིས་སྒོམ་རིམ་བར་པ་དང་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་བསྩལ་ཡོད་པ་དང་། གཞུང་དེ་དག་གྲུབ་རྗེས་༸གང་ཉིད་མཆོག་གིས་ལག་ལེན་སོ་བདུན་མ་དང་སྤྱོད་འཇུག་གི་བསྔོ་བའི་ལེའུ་ནས་ཆོས་འབྲེལ་མུ་མཐུད་བསྐྱང་གི་ཡོད་པ་རེད།

གྲྭ་བློ་བཟང་སྐལ་བཟང་ལགས་དང་བོད་མི་གཞན་ཞིག་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱིས་རྔ་པ་རྫོང་མཁར་གྱི་སྲང་ལམ་དུ་ལག་གཉིས་ཀྱིས་༸གོང་ས་མཆོག་གི་སྐུ་པར་མཁའ་དབྱིངས་སུ་འཕྱར་བཞིན་བོད་ལ་རང་དབང་དགོས་སོགས་ཀྱི་ཞི་རྒོལ་སྐད་འབོད་གནང་པས་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་འདུག ཁ་སང་ཟླ་ ༩ ཕྱི་ཚེས་ ༧ ཉིན་བོད་རྔ་པ་ཀིརྟི་དགོན་གྱི་རང་ལོ་ ༡༩ སོན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱིས་རྔ་པ་རྫོང་མཁར་གྱི་སྲང་ལམ་ནས་ལག་གཉིས་ཀྱིས་༸གོང་ས་མཆོག་གི་སྐུ་པར་མཁའ་དབྱིངས་སུ་འཕྱར་བཞིན་”བོད་ཁ་བ་གངས་ཅན་པ་ལ་རང་དབང་དགོས། རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག”ཞེས་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་གནང་སྐབས་ས་གནས་བོད་མི་ཚོས་༸གོང་ས་མཆོག་གི་མཚན་འབོད་གནང་བཞིན་རྒྱ་གཞུང་ཉེན་རྟོག་པས་ང་ཚོ་གསོན་པོ་གནས་བཅུག་གི་མེད་སྐོར་སོགས་ཀྱི་ཀི་སྒྲ་སྒྲོག་བཞིན་ཞི་རྒོལ་གནང་ཡང་དུས་ཚོད་རིང་པོ་མ་ཐོགས་པར་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་རླངས་འཁོར་ནང་བླུགས་ནས་དེ་མ་ཉིད་བཙན་ཁྲིད་འོག་འཛིན་བཟུང་བྱས་འདུག ད་ལྟའི་ཆར་ཁོང་ས་གནས་དང་བཙོན་ཁང་གང་དུ་བཙོན་འཇུག་བྱེད་ཡོད་མེད་དང་གནས་སྟངས་ཇི་ཆགས་གས་ཤེས་རྟོགས་ ཐུབ་མེད་པ་མ་ཟད། ཁོང་དང་མཉམ་དུ་བོད་མི་ན་གཞོན་གཅིག་ཉེན་རྟོག་པས་འཛིན་བཟུང་བྱས་ ཡོད་ཀྱང་གོང་གནས་ལྟར་ཤེས་རྟོགས་གང་ཡང་ཐུབ་མེད་པ་རེད་འདུག རྩ་བའི་གྲྭ་བློ་བཟང་སྐལ་བཟང་ལགས་ནི་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཕ་ཚེ་རིང་བརྟན་ཁོ་དང་། མ་ལྷ་སྐྱིད་གཉིས་ལ་ཕྲུ་གུ་བཞི་ཡོད་པ་ལས་ཁོང་རྒས་གྲས་གཉིས་པ་དེ་ཡིན་འདུག ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་ནས་སྤྱི་ལོ་ ༢༠༡༤ ལོར་སྔོན་འགྲོའི་འཛིན་གྲྭ་མཐར་ཕྱིན་ནས་དེང་སྐབས་མཚན་ཉིད་ཀྱི་འཛིན་གྲྭ་ནང་སློབ་གཉེར་བྱེད་བཞིན་ཡོད་པ་དང། སྔར་ལོ་ཁོང་གི་ཨ་མའི་སྤུན་མཆེད་གྲྭ་བློ་བཟང་བསྟན་གྱིས་རྔ་པའི་སྲང་ལམ་ནས་བོད་དོན་སྐད་འབོད་གནང་རྗེས་ལོ་ ༢ རིང་བཙོན་འཇུག་ཁྲིམས་ཐག་བཅད་ནས་བཙོན་ཁང་དུ་ཡོད་མུས་ཡིན་འདུག ཁོང་ནས་དེ་སྔ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོ་སྐབས་ཁོང་གི་ཨ་ཞང་ཚེ་བདག་དང་། ཆོས་འཕེལ་གཉིས་ལ་ལོ་ ༦ དང་ ༤ བཅས་བཙོན་འཇུག་ཁྲིམས་ཆད་ཕོག་པའི་གནད་དོན་དངོས་སུ་མཐོང་མྱོང་ཡོད་པ་རེད་འདུག

བོད་རིགས་གློག་བརྙན་འཁྲབ་སྟོན་པ་ཕྱིར་ཕུད་བྱ་དགོས་པའི་གནོན་ཤུགས་སྤྲད་པ།

ཨོ་སི་ཊོ་ལི་ཡའི་རྒྱ་ནག་གཞུང་ཚབ་ཁང་ནས་བོད་དོན་འཐབ་རྩོད་པ་དང་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གློག་བརྙན་འཁྲབ་སྟོན་གནང་མཁན་བོད་རིགས་རྣམས་ཕྱིར་ཕུད་བྱ་དགོས་པའི་གནོན་ཤུགས་སྤྲད་འདུག ཟླ་འདིའི་པྱི་ཚེས་ ༢ ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ Canberra ནང་རྒྱལ་ཡོངས་གྲོས་ཚོགས་ཁང་གི་མདུན་དུ་ཁུལ་དེའི་ནང་གློག་བརྙན་བཟོ་སྐྲུན་ཁང་ Foxtel དང། ཨ་རིའི་ཚོང་གཉེར་ཁང་ Matchbox གཉིས་མཉམ་འབྲེལ་ཐོག་ གསང་བའི་གྲོང་ཁྱེར་ (Secret City) ཞེས་པའི་གློག་བརྙན་ཞིག་འཁྲབ་སྟོན་གནང་འགོ་བཙུགས་འདུག གློག་བརྙན་དེའི་ནང་དོན་གཙོ་བོ་ནི། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གཞི་རྩར་བཟུང་ནས་རྒྱ་ནག་ནང་གི་མེ་ཏོག་བ་སྤུའི་གསར་བརྗེའི་ལས་འགུལ་དང། བོད་མིའི་རང་ལུས་མེར་བསྲེགས་གནང་བ་སོགས་ཀྱི་འཆར་སྣང་རང་བཞིན་དང་འདྲེས་པའི་གློག་བརྙན་ཞིག་ཆགས་འདུག སྐབས་དེར་བོད་དོན་གློག་བརྙན་པར་གཞི་འཁྲབ་སྟོན་ཞུས་པའི་ཚེ་ཁུལ་དེར་གནས་སྡོད་བོད་མི་མི་ཉག་བརྩོན་འགྲུས་འོད་ཟེར་ལགས་གཙོས་པའི་བོད་པའི་གློག་བརྙན་འཁྲབ་སྟོན་པ་བུ་གསུམ་དང་བོུ་གསུམ་བཅས་ཀྱིས་བོད་པའི་ངོ་བོ་མཚོན་ཕྱིར་བོད་ཀྱི་རྒྱལ་དར་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གསལ་བའི་ཤོག་བྱང་སོགས་འཁྱེར་ཡོད་སྟབས། ཨོ་སི་ཊོ་ལི་ཡའི་རྒྱ་ནག་གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད་མི་སྣ་དང་རྒྱ་རིགས་གློག་བརྙན་སྟོན་བྱེད་མཁན་ཁག་ཅིག་གློག་བརྙན་འཁྲབ་སྟོན་བྱ་ཡུལ་དུ་སླེབས་ནས་གློག་བརྙན་འཁྲབ་ཁྲིད་པར་བོད་མི་ཚོ་འཁྲབ་སྟོན་ནས་ཕྱིར་འབུད་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱང། གློག་བརྙན་འཁྲབ་ཁྲིད་པས་བོད་མི་ཚོ་ཕྱིར་ཕུད་གཏང་བ་ཡིན་ན་གློག་བརྙན་འཁྲབ་ཁྲིད་བྱུ་རྒྱུ་མིན་ཞེས་བརྗོད་པར་བརྟེན། མཐར་རྒྱ་རིགས་འཁྲབ་སྟོན་པ་རྣམས་རང་འགུལ་གྱིས་ཕྱིར་བུད་བྱ་དགོས་བྱུང་འདུག རྩ་བའི་ད་ལན་གྱི་གློག་བརྙན་དེའི་ནང་འཁྲབ་སྟོན་བྱེད་མཁན་བོད་མི་ཙམ་མ་ཟད། རྒྱ་ནག་གཞུང་གི་འོག་ལ་དཀའ་ངལ་འཕྲད་བཞིནཡོད་པའི་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཀྱི་འཁྲབ་སྟོན་པ་ ༢༠༠ ཡས་མས་ཤིག་མཉམ་ཞུགས་བྱས་ཡོད་པ་དང། གློག་བརྙན་དེ་བཞིན་ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༢ ནང་རྒྱལ་སྤྱིའི་ཁྲོད་སྟོན་རྒྱུ་ཡིན་པ་རེད་འདུག

༸གོང་ས་མཆོག་ནས་བཞུགས་སྒར་དུ་ཉིན་བཞིའི་རིང་གི་ཆོས་འབྲེལ་དབུ་འཛུགས་བསྐྱངས་གནང་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་འབྲེལ་ཐོག་ཆོས་ཞུ་བ་ཚོར་ཆོས་དད་ཡོད་མིན་ལ་མ་ལྟོས་པར་ཀུན་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཏེ་བྱམས་བརྩེའི་ཐོག་ནས་སྐྱོང་དགོས་པ་བཀའ་སྩལ་ཡོད་པ་རེད། དེ་རིང་ཟླ་ ༩ ཕྱི་ཚེས་ ༧ཉིན་སྔ་ཐོག་ཚོུད་ ༨།༠༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དྷ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆེད་དུ་བྱ་བའི་འདུལ་བྱ་ཨེ་ཤ་ཡའི་ནང་པའི་དད་ལྡན་ ༨༠༠ གཙོས་པའི་ཕྱི་ནང་གི་ཆོས་ཞུ་བ་ ༦༠༠༠ ལྷག་ལ་ཆོས་འབྲེལ་དབུ་འཛུགས་བསྐྱངས་སོང། ༸གོང་ས་༸སྐྱབས་མགོན་པོ་མཆོག་ནས་ཐེངས་འདིའི་བཀའ་ཆོས་སྐབས་ལྷོ་ཤར་ཨེ་ཤེ་ཡའི་ནང་པའི་དད་ལྡན་པ་ཚོས་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་མཆོག་ནས་དད་ལྡན་ཆོས་ཞུ་བ་མང་ཚོགས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་བཅུ་པ་ནས་འཕྲོ་སྐྱོང་གི་ཆོས་འབྲེལ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ། དབུ་མའི་ཤིང་རྟ་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ། དེ་བཞིན་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་མཛད་རྒྱུ་ཡིན་འདུག དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆེས་ཐོག་མར་ཆོས་ཞུ་བ་ཚོར་སྔོན་འགྲོའི་ཆོས་བཤད་སྩལ་སྐབས་ད་ལན་གྱི་ཆོས་འབྲེལ་འདིར་ཡུལ་གྲུ་འདྲ་མིན་གྱི་ནང་པའི་དད་ལྡན་པ་ཁག་ཅིག་ལྷན་འཛོམས་ཀྱིས་དུས་གཅིག་ལ་གསུང་ཆོས་ཞུ་ཆེད་བཅར་བར་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་གནང་བ་དང་སྦྲགས། ཆོས་ཞུ་བའི་ངོས་ནས་ཆོས་འབྲེལ་འདི་གཙོ་བོ་སློབ་སྦྱོང་གནང་སླད་ཡོང་བར་དགོངས་ནས་དམིགས་བསལ་གྱི་ཐུགས་སྣང་གནང་དགོས་གལ་ཆེ་བའི་སྐོར་ལ་བཀའ་སློབ་སྩལ་བ་མ་ཟད། འཛམ་གླིང་འདིའི་སྟེང་ཡོད་པའི་སྲོག་ཆགས་རིགས་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ཀྱང། སྲོག་ཆགས་དེ་ཚོར་འགྲོ་བ་མི་ལྟ་བུའི་བླང་དོར་འབྱེད་པའི་ཤེས་རབ་ཀྱི་རྣམ་དཔྱོད་མེད་སྟབས། ང་ཚོ་འགྲོ་བ་མིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་ནས་བདེ་སྡུག་གཉིས་ཀྱི་རྒྱུ་རྐྱེན་གང་ཡིན་ངོས་འཛིན་པའི་ཐོག་སྡུག་བསྔལ་གྱི་རྩ་བ་སེལ་ཐབས་སུ་འབད་པ་གང་ཆེ་གནང་དགོས་པའི་བཀའ་སློབ་ཕེབས་དང། ལྷག་དོན་མགོན་པོ་མཆོག་གིས་ད་ཆ་འཛམ་གླིང་འདིིའི་སྟེང་འགྲོ་བ་མི་དུང་ཕྱུར་ ༧༠ ལྷག་ཡོད་པའི་ནང་ནས་དུང་ཕྱུར་ ༡༠ ལྷག་ཆོས་དད་མེད་མཁན་གྱི་གྲངས་འབོར་ཆགས་ཡོད། འོན་ཀྱང་ཆོས་ཁས་བླངས་མིན་ལ་མ་ལྟོས་པར་ཚང་མ་བྱམས་བརྩེ་འདོད་པ་འབའ་ཞིག་ཡིན་པས་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཐོག་ནས་མིའི་སྤྱི་ཚོགས་དེ་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཏུ་བསྐྲུན་དགོས་པའི་སྐུལ་ལྕག་སོགས་གནང་སོང། གཞན་ཡང་༸གང་ཉིད་མཆོག་གིས་འཛམ་གླིང་འདིའི་སྟེང་ཡོད་པའི་ཆོས་ལུགས་ཚང་མའི་ནང་ལ་བྱམས་བརྩེ་སྐོར་གསུངས་ཡོད་པས་སྤྱི་ཚོགས་ལ་ཕན་པ་གཅིག་མཚུངས་སྒྲུབ་བཞིན་ཡོད་པར་ཤེས་པའི་ཐོག་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་དང་ཚང་མར་གུས་བརྩི་དགོས་པའི་སྐོར་ལའང་བཀའ་སློབ་ཟབ་མོ་ཕེབས་སོང། སྔོན་འགྲོའི་ཆོས་བཤད་གྲུབ་ཟིན་རྗེས་༸གང་ཉིད་ཀྱིས་ཆོས་ཞུ་བ་ཚོར་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་གཉིས་ཟུང་འབྲེལ་ཐོག་ནས་བཀའ་ཆོས་མཛད་སོང་། རྩ་བའི་ད་ལན་གྱི་ཆོས་འབྲེལ་སྐབས་ཀོ་རི་ཡ། ཝི་ཏི་ནམ། ཨིན་དྷོ་ནེ་ཤི་ཡ། མ་ལ་ཤི་ཡ། ཐའེ་ལན་ཌི་དང་དེ་བཞིན་སིངྒ་པུར་སོགས་ལྷོ་ཤར་ཨེ་ཤེ་ཡའི་ཆོས་ཞུ་བ་ ༨༠༠ གཙོས་པའི་རྒྱལ་ཁབ་ ༧༠ ནས་ཆོས་ཞུ་བ་ཁྱོན་མི་གྲངས་ ༦༠༠༠ ལྷག་བཅར་ཡོད་པ་མ་ཟད། ཐེངས་འདིའི་ཆོས་འབྲེལ་སྐབས་དམིགས་བསལ་དེ་སྔ་དང་མི་འདྲ་བར་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཆོས་སྩལ་བའི་ཐོག་ལ་དོགས་འདྲི་དང་ཉིན་རྒྱབ་ཆོས་རྭའི་ནང་དུ་ནང་པའི་དགེ་བཤེས་ཁག་ཅིག་བཀོད་སྒྲིག་འོག་ཆོས་ཞུ་བ་རྣམས་ནས་སྦྱང་བཤད་གནང་གི་འདུག

རྒྱ་གཞུང་གི་རྒྱབ་ཤ་དཀར་པོ་ཞེས་པ་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་ནུས་སྟོབས་ལ་ཁ་གཏད་གཅོག་ཆེད་ཀྱི་འཁྱོག་བཤད་ཅིག་ཡིན་པ་གསུང་པ།

རྒྱ་ནག་གཞུང་ནས་ཟླ་ཤས་གོང་བོད་སྐོར་རྒྱབ་ཤ་དཀར་པོ་ཞིག་འདོན་སྤེལ་བརྒྱུད། ༸གོང་ས་མཆོག་གི་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནི་རྒྱ་གཞུང་གི་རྩ་ཁྲིམས་དང་ཡོངས་སུ་འགལ་གྱི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེ་བྱས་རྗེས། ཁ་སང་ཕྱི་ཟླ་ ༩ ཚེས་ ༦ ཉིན་སླར་ཡང་རྒྱབ་ཤ་དཀར་པོ་ཞིག་འདོན་སྤེལ་བརྒྱུད། བོད་ནང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་འོག་ཕྱོགས་ཡོངས་ནས་ཡར་ཐོན་གོང་འཕེལ་གཏོང་མུས་ཡིན་སྐོར་བཤད་འདུག དེ་ཡང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལས་ཁང་གི་གསར་འགྱུར་ཚན་པས། ཁ་སང་རྒྱལ་ས་པེ་ཅིང་དུ་བོད་སྐོར་སླར་ཡང་རྒྱབ་ཤ་དཀར་པོ་ཞིག་འདོན་སྤེལ་བྱེད་པ་དང་ཆབས་ཅིག རྒྱ་གཞུང་གིས་འདས་པའི་ལོ་ངོ་ ༥༠ དེའི་ནང་བོད་ལྗོངས་ཀྱི་སྤྱི་ཚོགས་རྙིང་པའི་མུན་ནག་དང་རྗེས་ལུས་དེ་བཞིན་མདུན་སྐྱོད་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད་སྐོར་དང་། དམངས་ཀྱི་བདེ་སྐྱིད་འཚོ་བ་གོང་སྤེལ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ། ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ། བོད་ནང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་གནད་དོན་ཁག་ཅིག་སྐོར་ལ་བརྒྱུད་བསྒྲགས་བྱེད་འདུག ལྷག་པར་དུ་ཁ་སང་གི་ཚོགས་འདུ་དེའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་གཞོན་པ་རྡོ་རྗེ་འགྲུབ་ཀྱིས་བོད་ནང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་རྒྱུ་ནི་བོད་ལྗོངས་ཀྱི་ལོ་རྒྱུས་གོང་འཕེལ་དང་སྤྱི་ཚོགས་ཡར་རྒྱས་ཡོང་བའི་ཕྱི་རོལ་ཡུལ་གྱི་བླང་བྱར་བཤད་པ་དང་།བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འཚམ་ཞེས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་རྒྱུ་ནི། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་བོད་ལྗོངས་ས་གནས་ཀྱི་དོན་དངོས་གནས་ཚུལ་དང་ཁྱོན་ཡོངས་ནས་འཚམ་སྟེ། བོད་ལྗོངས་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་གདམ་ག་ཡང་དག་ཡིན་ཞེས་བརྗོད་འདུག འོན་ཀྱང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བཀྲིས་ཕུན་ཚོགས་ལགས་ཀྱིས་གསུངས་པར། རྒྱ་གཞུང་ནས་རྒྱབ་དཀར་པོ་བསྟུད་མར་བཏོན་ནས་འགྲེལ་བཤད་བསྐྱར་བཤད་ཡང་བཤད་བྱེད་ཀྱི་ཡོད་པ་འདི་ནི་གཞན་གྱི་དགའ་མོས་ཐོབ་ཐབས་ཙམ་ཤིག་ལས། རང་སྐྱོང་དང་ཡར་རྒྱས་བཤད་བཞིན་པ་དེ་དག་དོན་དངོས་བོད་མི་རྣམས་ལ་ཕན་ཐོགས་མེད་པ་གསལ་པོ་ཡིན་པ་གསུངས་ཀྱི་འདུག དེ་དེ་བཞིན་རྒྱ་ནག་ཉམས་ཞིབ་པ་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་པར། རྒྱ་ནག་གཞུང་ནས་ད་བར་རང་སྐྱོང་གི་ཁྲིམས་ལུགས་ཤིག་བཟོ་ཐུབ་མེད་པའི་དུས་སྐབས་འདིར། རང་སྐྱོང་གི་ཁྲིམས་ལུགས་ལག་བསྟར་བྱེད་ཐུབ་ཡག་ཡོད་མ་རེད་ཅེས་དང། ལྷག་པར་དུ་རྒྱ་ནག་ནང་གི་བློ་གཟུ་བོར་གནས་པའི་ཉམས་ཞིབ་པ་ཚོས་བོད་ནང་གི་རང་སྐྱོང་གི་ཐོབ་ཐང་དེ་རྒྱ་ནག་གི་སྤྱི་སྟངས་མངའ་སྡེ་ལས་ཆུང་བ་ཡོད་པ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་ཀྱི་འདུག ཁོང་གིས་མུ་མཐུད་གསུངས་པར་རྒྱ་ནག་གཞུང་ནས་ཤིང་ཅང་དང་སོག་པོ། གཞན་ཡང་མང་གཙོ་དོན་གཉེར་ཅན་གྱི་ཐོག་ལ་རྒྱབ་ཤ་དཀར་པོ་དེ་ལྟར་བཏོན་གྱི་མེད་ནའང། བོད་སྐོར་ཉུང་མཐར་ལོ་གཅིག་ལ་རྒྱབ་ཤ་དཀར་པོ་ཚར་གཅིག་བཏོན་དགོས་དོན་གཙོ་བོ་ནི། གཞིས་ལུས་བོད་མིའི་སྙིང་སྟོབས་དང་ཕྱི་ཕྱོགས་བོད་མིའི་སྒྲིག་འཛུགས་ཀྱི་ནུས་སྟོབས་ཁ་གཏད་གཅོག་ཆེད་ཀྱི་ཡ་ལེན་མ་བྱེད་ཀ་མེད་ཅིག་ཏུ་ངོས་འཛིན་གནང་གི་འདུག ཁ་སང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལས་ཁང་ནས་བོད་སྐོར་རྒྱབ་ཤ་དཀར་པོ་འདོན་སྤེལ་བྱས་པ་དེའི་ཐོག་ནས། བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་ཚོགས་མི་ནོར་བུ་དོན་འགྲུབ་ཀྱིས་པཎ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་སྐོར་ལ་ལན་འདེབས་བྱས་པའི་ཁྲོད། པཎ་ཆེན་རིན་པོ་ཆེ་རྒྱུན་གཏན་གྱི་འཚོ་བ་སྐྱེལ་ཞིང་བདེ་ཐང་ངང་འཚར་ལོངས་བྱེད་་བཞིན་ཡོད་པས། ཁོང་བསུན་པོ་ཆགས་འདོད་བྱེད་ཀྱི་མི་འདུག་བཅས་བཤད་པ་སྦྲགས། ནོར་བུ་དོན་འགྲུབ་ཀྱིས་ཏཱ་ལའི་བླ་མས་པཎ་བླ་མའི་ཡང་སྲིད་ངོས་འཛིན་བྱས་པ་དེ་ནི་ལོ་རྒྱུས་ལ་སྣང་མེད་དང་ཆོས་ཕྱོགས་ཀྱི་ལམ་ལུགས་སྲོལ་ལ་རྩིས་མེད་བཏང་པ་ཞིག་ཏུ་འགྲེལ་བརྗོད་བྱས་འདུག རྩ་བའི་རྒྱ་ནག་གཞུང་ནས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་ནས་ད་བར་ལོ་ངོ་༢༠སོང་ཡོད་པ་འདིའི་ཁྲོད། གཞུང་གི་འགོ་ཁྲིད་ཚོས་རིན་པོ་བདེ་ཐང་ངང་ཡོད་སྐོར་བཤད་པ་ཙམ་ལས་མང་ཚོགས་ཀྱི་མིག་ལམ་དུ་བསྟན་མེད་པ་རེད། གཞི་རྩའི་རྒྱ་ནག་གཞུང་ནས་ཕྱི་ལོ་༡༩༩༢ནས་ད་བར་བོད་སྐོར་འཁོད་པའི་རྒྱབ་ཤ་དཀར་པོ་ཐེངས་༡༢་འདོན་སྤེལ་བརྒྱུད། བོད་ལྗོངས་ཀྱི་སྤྱི་ཚོགས་རྙིང་པ་མུན་ནག་དང་རྗེས་ལུས་དེ་བཞིན་རྒྱ་ནག་གུང་བྲན་ཏང་གི་ཡར་ཐོན་ཅན་གྱི་སྤྲོ་སྣང་ལྡན་པའི་བོད་ལྗོངས་གསར་པ་ཞིག་ཏུ་སྐྲུན་བཞིན་པའི་གནས་ཚུལ་བརྒྱུད་བསྒྲགས་དང། ལྷག་པར་དུ་བརྒྱུད་ལམ་འདིའི་ཐོག་ནས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་དུ་ངོས་འཛིན་གྱིས་མཚན་སྨས་ཞུ་ས་དང་༸གང་ཉིད་ཀྱི་ལམ་སྟོན་གནང་པའི་གཉིས་སྨན་དབུ་ལམ་ལ་སྐྱོན་བརྗོད་སྔ་རྗེས་བྱེད་ས་ཤིག་ཡིན་པ་རེད།

བོད་ཀྱི་བུ་མེད་ལྷན་ཚོགས་ཀྱི་ངོས་ནས་མང་ཚོགས་ཚོར་མང་གཙོ་དང་འོས་བསྡུའི་སྐོར་ཟབ་སྦྱོང་སྤྲོད་པ།

ཁ་སང་ཟླ་ ༩ ཕྱི་ཚེས་ ༦ ཉིན་བོད་ཀྱི་བུ་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་དངོས་གཞི་ལས་རིམ་བསླེབ་ལ་ཉེ་བ་དང་བསྟུན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་བསམ་ཡས་གླིང་དུ་ས་གནས་བུ་མེད་ ༢༠ ལྷག་ལ་འོས་བསྡུ་དང་འབྲེལ་བའི་གོ་རྟོགས་རྒྱ་མི་ཆུང་བ་ཞིག་སྤེལ་བཞིན་ཡོད་འདུག རྩ་བའི་གོ་རྟོགས་ཀྱི་ཟབ་སྦྱོང་དེ་བོད་ཀྱི་བུ་མེད་གཅིག་པུ་མིན་པར་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཚོར་མང་གཙོའི་ཁེ་ཕན་དང་འོས་བསྡུའི་རིན་ཐང་སྐོར་གོ་རྟོགས་སྤེལ་བཞིན་ཡོད་པ་རེད།  

བཞུགས་སྒར་དུ་རྒྱལ་གཅེས་པ་བཀྲིས་སྐྱིད་ལགས་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གནང་པ།

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་སངས་ཆུ་རྫོང་བསང་ཁོག་ཡུལ་ཚོའི་དངུལ་རྭ་སྡེ་བའི་ནང་དུ་བཀྲིས་སྐྱིད་ལགས་ཀྱི་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བཞུགས་སྒར་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་གནང་སོང། དེ་རིང་ཟླ་ ༩ ཕྱི་ཚེས་ ༤ ཉིན་རྒྱབ་ཚོུད་ ༤།༠༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག ལས་ཁུངས་ཁག་ལས་མཚམས་བཞག་སྟེ་ཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་ཕྱྭར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་མཆོག་ཚོགས་མགོན་དུ་དབུ་གཞུགས་ཐོག་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་པའི་སྲི་ཞུ་བ་དང་དྷ་ས་བཅའ་བཞུགས་བོད་མི་སེར་སྐྱ་མང་ཚོགས་ལྷན་འཛོམས་ཐོག་སྨོན་ལམ་གསུང་དོན་གནང་ནས་རྒྱལ་གཅེས་པ་བཀྲིས་ལགས་དམ་པ་དེ་ཉིད་གཙོས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་བོད་མི་སྐུ་སྲོག་ཤོར་བ་དང། ད་ལྟ་རྒྱ་གཞུང་གི་མནར་སྤྱོད་འོག་བཙོན་ཁང་སོགས་ཀྱི་ནང་སྡུག་སྦྱོང་མྱང་དང་མྱོང་བཞིན་པ་ཡོད་པ་དེ་དག་ལ་རྗེས་དྲན་གྱི གདུང་སེམས་མཉམ་བསྐྱེད་ཞུས་སོང། སྐབས་དེར་སྲིད་སྐྱོང་ལས་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་བཀའ་ཤག་ཚབ་ཞུས་ནས་བཀྲིས་སྐྱིད་ལགས་དམ་དེ་ཉིད་གཙོས་པའི་ཉེ་འབྲེལ་ནང་མི་ཡོངས་ལ་གདུངས་སེམས་མཉམ་བསྐྱེད་ཞུས་པ་དང་སྦྲགས། དམ་དེ་སླར་བོད་གངས་ཅན་ལྗོངས་ལ་མི་ལུས་ཐོབ་པའི་བསྔོ་སྨོན་ཞུས་པ་མ་ཟད། རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་གཅེས་པ་དེ་དག་གིས་ཞུམ་མེད་བློས་བཏང་གནང་བ་ཡིད་ལ་དྲན་དགོས་པ་གསུངས་སོང། རྩ་བའི་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་སངས་ཆུ་རྫོང་བསང་ཁོག་ཡུལ་ཚོའི་དངུལ་རྭ་སྡེ་བའི་ནང་དུ་རང་ལུས་མེར་སྲེག་བཏང་མཁན། ཕྲུག་གུ་ལྔའི་ཨ་མ་བཀྲིས་སྐྱིད་ལགས་ཀྱི་བཟའ་ཟླའི་མིང་ལ་སངས་རྒྱས་སྐྱབས་དང་ཁོང་གཉིས་ལ་བུ་བཞི་དང་བོུ་གཅིག་བཅས་ཡོད་པ་ལས་བརྩོན་འགྲུས་རྒྱ་མཚོ་དང་། སངས་རྒྱས་རྒྱ་མཚོ། སྐལ་བཟང་རྒྱ་མཚོ་གསུམ་ནི་གྲྭ་པ་ཡིན་པ་དང། གཞན་ཡོན་ཏན་རྒྱ་མཚོ་དང་བུ་མོ་ཀུན་བཟང་སྐྱིད་བཅས་ཡིན་འདུག ཁོང་དེ་སྔ་རྒྱ་གར་ནང་ཕྱི་ལོ་ ༢༠༡༢ ལོའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་མཚོན་པའི་ཐེངས་གཉིས་ཕེབས་མྱོང་ཡོད་པ་ཞིག་རེད་འདུག  

བྷེལ་འཇམ་གྲོས་ཚོགས་འཐུས་མི་ལྕམ་ Sutter Petra ལགས་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་འདུག

བྷེལ་ཇམ་ (Belgium) གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ Sutter Petra མཆོག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་དང་འབྲེལ། དེ་རིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷན་མཇལ་གྲུབ་བསྟུན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཀྱང་མཇལ་འཕྲད་གནང་འདུག དེ་རེང་ཟླ་བ་༩ པའི་ཚེས་༤ ཉིན་སྔ་ཐོག་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་གྲུབ་བསྟུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆེད་ཕེབས་ཀྱིས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པར་ཐུགས་འཕྲད་གནང་སྟེ་ཕན་ཚུན་བཀའ་སྡུར་སོགས་གནང་འདུག སྐབས་དེར་གྲོས་ཚོགས་འཐུས་མི་ལྕམ་ Sutter Petra ལགས་ཀྱིས་བོད་མིའི་ཆབ་སྲིད་དང་མང་གཙོའི་འཕེལ་རིམ་རྣམས་ཡར་རྒྱས་ཚད་མཐོ་པོ་ཕྱིན་ཡོད་པར་བསྔགས་བརྗོད་དང་སྦྲགས་བཙན་བྱོལ་བོད་མིའི་གྲོས་ཚོགས་འཐུས་མི་འདེམས་ཕྱོགས་དེ་རྒྱལ་ཁབ་གཞན་དང་མི་འདྲ་བའི་དམིགས་གསལ་གྱི་ཁྱད་ཆོས་ཞིག་ལྡན་པར་གསུངས་སོང་བ་མ་ཟད། ཁོང་ཕྱིར་རང་ཡུལ་དུ་ཕེབས་སྐབས་བོད་མིའི་གཤིས་སྤྱོད་བཟང་པོའི་ཁྱད་ཆོས་དེ་དག་རང་གི་མི་རིགས་ཚོའི་རྒྱུན་ལྡན་གྱི་ཀུན་སྤྱོད་ལ་ཕན་ཕྱིར་ཕྱག་རྟགས་ལྟ་བུ་བསྣམ་རྒྱུ་ཡིན་སྐོར་སོགས་གསུངས་སོང་། རྩ་བའི་གྲོས་ཚོགས་འཐུས་མི་ལྕམ་ Sutter Petra ལགས་ཀྱི་ཐེངས་འདིའི་འཚམས་གཟིགས་ཁྲོད། གཙོ་བོ་བོད་མིའི་སྒྲིག་འཛུགས་གཙོས་ལྷན་ཁང་ཁག་ཏུ་འཚམས་གཟིགས་ཙམ་མ་ཡིན་པར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གཞུང་བདེ་ལེགས་སྨན་ཁང་དང། བོད་ཀྱི་སྨན་རྩིས་ཁང་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ལ་གཟིགས་སྐོར་གནང་རྒྱུ་རེད་འདུག

Latest news