Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་ཀྱི་ས་ཁུལ་མང་པོའི་ནང་སྤྲུན་སྐུ་བསྟན་འཛིན་བདེ་ལེགས་མཆོག་གྱི་ཞེ་དགུའི་མཆོད་འབུལ་གནང་པ།

ཉེ་ལམ་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་དགོངས་པ་རྫོགས་ནས་ཞག་ཞེ་དགུ་འཁོར་བའི་དུས་ཚིགས་དང་བསྟུན། བོད་ཁམས་ལི་ཐང་དང་། ནག་ཆུ། དེ་བཞིན་འབའ་ཐང་སོགས་བོད་ཀྱི་ས་ཁུལ་མང་པོར་མཆོད་འབུལ་སྨོན་ལམ་གནང་འདུག རྣམ་ཀུན་བོད་ཟླ་དྲུག་པའི་ནང་ལོ་ལྟར་ཁམས་ལི་ཐང་གཙོས་པའི་བོད་ཀྱི་ས་ཁུལ་མང་པོའི་ནང་མང་ཚོགས་འདུ་འཛོམས་གནང་སྟེ། རྟ་རྒྱུག་དང་རྐང་བྲོ་གླུ་གཞས་སོགས་གཟིགས་འབུལ་གྱིས་སྤྲོ་སྣང་ལྡན་པའི་དུས་ཆེན་སྲུང་བརྩི་ཞུ་སྲོལ་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་སྤྲུལ་སྐུ་བསྟན་འཛིན་བསྟན་འཛིན་བདེ་ལེགས་མཆོག་གླུ་བུར་དུ་རྒྱ་གཞུང་གི་བཙོན་ཁང་ནང་སྐུ་བཀྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མི་རྣམས་ཀྱིས་དགའ་སྟོན་དེ་དག་མཚམས་འཇོག་གནང་སྟེ་དམ་པ་ཁོང་གི་ཆེད་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་གུས་འདུད་ཞུས་པ་མ་ཟད། ལྷག་པར་ཞག་ཞེ་དགུ་ཉིན་ཁམས་འབའ་ཐང་དང་ཉག་ཆུ་ཁུལ་གྱི་དགོན་སྡེ་ཁ་ཤས་ནང་རིན་པོ་ཆེའི་སྐུ་པར་སྒྲིག་གཤོམ་གནང་སྟེ་མཆོད་འབུལ་རྒྱ་ཆེ་གནང་འདུག དེ་བཞིན་རིན་པོ་ཆེའི་དགོན་པ་ཁམས་ན་ལེནྡྲ་ཐེག་ཆེན་བྱང་ཆུབ་ཆོས་གླིང་ནང་དུའང་སེར་སྐྱ་མང་ཚོགས་ཀྱིས་མངོན་པར་གསལ་བའི་ཆོས་ཕྱོགས་ཀྱི་ཞུ་སྒོ་བསྔོ་སྨོན་གནང་འདུག ཤེས་རྟོགས་བྱུང་བར་གཞིགས་ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་ཁང་ནང་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་རྒྱའི་བཙོན་ཁང་དུ་སྐུ་བཀྲོངས་པའི་མགནས་ཚུལ་ཐོན་པ་ནས་བཟུང་། ད་བར་རྒྱ་གཞུང་གིས་རིན་པོ་ཆེའི་སྤུན་ཉེ་འབྲེལ་ཚོར་འདྲི་རྩད་ཀྱི་ལམ་ནས་དེ་འབྲེལ་གནད་དོན་ཕྱི་ཕྱོགས་སུ་བཤད་མི་ཆོག་པའི་བཙན་བཀའ་བསྟུད་མར་གཏོང་ བཞིན་པ་མ་ཟད། ལྷག་པར་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་དགོན་པ་ཨོ་ཐོག་ནང་གི་གྲྭ་པ་དང་དེའི་ཉེ་འཁོར་གྱི་བོད་མི་ཚོ་ས་གནས་དེའི་ནང་ཕར་འགྲོ་ཚུར་འོང་བྱས་པར་ངེས་པར་དུ་ས་གནས་སྲིད་གཞུང་གི་ཆོག་མཆན་དགོས་པ་སོགས་བོད་མི་ཚོར་སུན་གཙིར་སྔར་ལྷག་བཟོ་མུས་ཡིན་འདུག དེང་ཆར་ཁུལ་དེའི་བོད་མི་རྣམས་ཀྱི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ཡོངས་ལ་ དམ་དྲག་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་འདུག  

ཡུ་རོབ་རྒྱལ་སྤྱིའི་དཔར་རིས་འགྲེམས་སྟོན་ཐོག་བོད་པའི་སྒྱུ་རྩལ་བ་སྐོར་ཞིག་མཉམ་ཞུགས་གནང་པ།

 ཡུ་རོབ་རྒྱལ་སྤྱིའི་དཔར་རིས་འགྲེམས་སྟོན་ཐོག་བོད་པའི་སྒྱུ་རྩལ་བ་ ༡༤༠ མཉམ་ཞུགས་གནང་ནས་བོད་དོན་དང་འབྲེལ་བའི་དཔར་རིས་ཁག་ཅིག་སྒྲིག་གཤོམ་གནང་ཐུབ་པ་བྱུང་འདུག  ཟླ་འདིའི་ཕྱི་ཚེས་ ༡ ནས་ཨི་ཊ་ལི་ (Italy) གྲོང་ཁྱེར་ venise ནང་ཚོགས་བཞིན་པའི་ Olympics of contemporary art exhibitions ཞེས་པ་རྒྱལ་སྤྱིའི་དཔར་རིས་འགྲེམས་སྟོན་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་བཞི་བཅུ་ལྷག་ནས་སྒྱུ་རྩལ་བ་ ༦༩༠༠ ལྷག་མཉམ་ཞུགས་གནང་པའི་ཁྲོད་བོད་མི་སྒྱུ་རྩལ་བ་ ༡༤༠ ཙམ་ལྷན་ཞུགས་གནང་འདུག་པ་མ་ཟད། ཁོང་རྣམས་ནས་བོད་ནང་གི་ད་ལྟའི་གནས་སྟངས་གསལ་བའི་དཔར་རིས་ཁག་ཅིག་འགྲེམས་སྟོན་གནང་འདུག དེ་ནི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་པའི་སྒྱུ་རྩལ་བ་རྣམས་ནས་ཟུང་འབྲེལ་ཐོག་གཞི་རྒྱ་ཆེ་བའི་བོད་དོན་དཔར་རིས་འགྲེམས་སྟོན་གནང་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད་འདུག གཞི་རྩའི་ཨི་ཊ་ལི་གྲོང་ཁྱེར་ Venice ནང་ཚོགས་བཞིན་པའི་རྒྱལ་སྤྱིའི་དཔར་རིས་འགྲེམས་སྟོན་འདི་བཞིན་རྒྱལ་སྤྱིའི་ཁྲོད་དར་ཁྱབ་ཆེ་བའི་ United Colors of Benetton ཞེས་པའི་བཟོ་གྲྭས་གོ་སྒྲིག་འོག་ལོ་ངོ་གཉིས་རེའི་མཚམས་སུ་ཐེངས་རེ་ཚོགས་ཀྱི་ཡོད་པ་དང་། ཐེངས་འདིའི་འགྲེམས་སྟོན་ནང་བོད་པའི་སྒྱུ་རྩལ་བ་ ༡༤༠ གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་བཞི་བཅུ་ལྷག་ནས་རྒྱུ་རྩལ་བ་ ༦༩༠༠ ལྷག་མཉམ་ཞུགས་གནང་ཡོད་པ་མ་ཟད་། འགྲེམས་སྟོན་དེ་བཞིན་ཟླ་བ་འདིའི་ཕྱི་ཚེས་གཅིག་ནས་དབུ་འཛུགས་གནང་ནས་ཟླ་བ་གཉིས་རིང་ཚོགས་ཀྱི་ཡོད་འདུག      

རྒྱ་གཞུང་གིས་ཉེ་བའི་ལོ་རྒྱུས་ནང་རང་གི་མི་སེར་ཐོག་སྤེལ་བའི་མནར་སྤྱོད་ཀྱི་དོན་རྐྱེན་ཁག་ལ་ད་བར་འགན་འཁུར་བླངས་མེད་པར་སྐྱོན་བརྗོད་བྱས་པ།

རྒྱ་ནག་རྒྱལ་ས་པེ་ཅིང་དུ་དེ་རིང་ཕྱི་ཟླ་ ༩ ཚེས་ ༣ ཉིན་འཛམ་གླིང་དམག་ཆེན་གཉིས་པ་མཚམས་བཞག་ནས་ལོ་ངོ་ ༧༠ འཁོར་བའི་ཉིན་མོ་སྲུང་བརྩི་བྱེད་བཞིན་པའི་ཁར། རྒྱ་གཞུང་ནས་དུས་ཚིགས་དེའི་སྐབས་དེ་སྔོན་ཉི་ཧོང་གིས་རྒྱ་ནག་ནང་བཙན་འཛུལ་བྱས་ནས་སྡུག་སྦྱོང་མནར་སྤྱོད་བཏང་བ་རྣམས་རྗེས་དྲན་ཞུ་བ་དང། ཉི་ཧོང་ལ་གནད་དོན་དེ་དག་ཐོག་འགན་འཁུར་དགོས་པའི་འགྲེལ་བརྗོད་ཤུགས་ཆེན་བྱེད་པ་དང་སྦྲགས། དམག་ཆེན་གཉིས་པའི་རྗེས་ནས་ད་བར་རྒྱ་ནག་གི་མགོ་ཁྲིད་རིམ་པ་ཚོས་རང་གི་མི་སེར་ཐོག་སྤེལ་བའི་མི་སྤྱོད་ལས་འདས་པའི་སྡུག་རྩུབ་དང་མནར་སྤྱོད་ཀྱི་བྱ་སྤྱོད་དེ་དག་ལ་འགན་འཁུར་རྩ་བ་ནས་བླངས་མེད་པར་སྐྱོན་བརྗོད་བྱེད་འདུག ཁ་སང་ཟླ་ ༩ ཕྱི་ཚེས་ ༢ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲ་གནས་ཐོག ཚོགས་པ་དེས་རྒྱ་ནག་ངེས་སྟོན་པ་ལྕམ་སྐུ་ Sophie Richardson ལགས་ཀྱིས་རྩ་བའི་དེ་སྔོན་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་ནས་རྒྱ་ནག་ནང་སྡུག་རྩུབ་ཀྱི་བྱ་སྤྱོད་ཤུགས་ཆེ་སྤེལ་ཡོད་པ་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་ཀྱང། ཉི་ཧོང་ནས་བྱ་སྤྱོད་དེ་དག་འགན་འཁུར་བླངས་ཡོད་པ་ཞིག་ལ་སྡུག་རྩུབ་མྱོང་མཁན་རྒྱལ་ཁབ་ཚོའི་མི་དམངས་ནས་འདོད་བློ་ཁེངས་མེད་པས་སྐྱོན་བརྗོད་བརྗོད་བྱེད་བཞིན་པ་དེ་ཡང་རྒྱུ་མཚན་ལྡན་པ་ཞིག་ཡིན་པར་གསུངས་པ་དང། རྒྱ་ནག་ལྟ་བུ་ལ་ཆ་མཚོན་ན་རྒྱ་ནག་རང་གི་ཉེ་བའི་ལོ་རྒྱུས་ནང་རྒྱ་ནག་མགོ་ཁྲིད་ཚོས་རང་གི་མི་སེར་ཐོག་སྤེལ་བའི་སྡུག་རྩུབ་དང་མནར་སྤྱོད་ཀྱི་བྱ་སྤྱོད་ཁག་ལ་འགན་འཁུར་བླངས་རྒྱུ་ཕར་ཞོག དེ་བས་ཀྱང་མགོ་ཁྲིད་དེ་དག་ལ་ཆེ་བསྟོད་དང་བསྔགས་བརྗོད་བྱེད་བཞིན་པ་མ་ཟད། མེ་སེར་རྣམས་ལ་སྔར་ལྷག་དྲག་གནོན་གྱི་བྱ་སྤྱོད་སྤེལ་བ་དེས་རྒྱ་ནག་གིས་ཉི་ཧོང་ལ་སྐྱོན་བརྗོད་བྱེད་བཞིན་པ་དེ་ནུས་མེད་བཟོས་ཀྱི་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག ལྕམ་སྐུ་ Sophie ལགས་ནས་ཐོག་མ་ Mao Zedong གི་རྒྱ་ནག་མགོ་ཁྲིད་བྱེད་པའི་སྐབས་རྒྱ་ནག་མདུན་སྐྱོད་ཆེན་མོའི་ལས་འཆར་འོག་མི་སེར་ས་ཡ་མང་པོ་སྡུག་སྦྱོང་ཚད་ལས་འགལ་བ་མྱོང་ཡོད་པ་དང། ཡ་ང་བའི་གནས་སྟངས་འོག་རྐྱེན་འདས་སུ་ཕྱིན་པའི་གནད་དོན་ཐད་འགན་འཁུར་རྒྱུ་ལས་ཁོ་པར་ད་དུང་རྒྱ་ནག་གི་མགོ་ཁྲིད་ཆེན་མོ་ཞེས་ཆེ་བསྟོད་དང་མཐོང་ཆེན་བྱེད་བཞིན་ཡོད་པ་དང། དེ་བཞིན་ཕྱི་ལོ་ ༡༩༨༩ ལོའི་རྒྱ་ནག་གནམ་སྡེ་སྒོར་མོ་ཆེ་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་དེའི་དབང་གིས་གནད་དོན་ཇི་བྱུང་ཐད་ད་བར་དོན་དམ་ཐོག་ནས་རྟོག་ཞིབ་དང་འགན་ཁུར་རྩ་བ་ནས་བྱས་མེད་པ་མ་ཟད། རྟོག་ཞིབ་དགོས་པའི་ཞུ་གཏུགས་རྒྱག་མཁན་སློབ་ཕྲུག་ཚོའི་ཕ་མ་རྣམས་ལ་སུན་གཙེར་སོགས་བྱེད་པའི་གནས་ཚུལ་ཐོན་ཡོད། དེ་བཞིན་ཉེ་བའི་ཆར་ཕྱི་ལོ་ ༢༠༠༨ ལོར་ས་འགུལ་དོན་རྐྱེན་འོག་རྐྱེན་འདས་སུ་ཕྱིན་པ་དང་འདི་ལོ་ནང་ཉེ་ཆར་ Tianjin དུ་རྫས་རིགས་བཟོ་གྲྭར་འབར་རྫས་གས་འཐོར་འོག་མི་མང་དག་ཞིག་རྐྱེན་ལམ་དུ་ཤོར་བ་བཅས་ཀྱི་གནད་དོན་ལུང་འདྲེན་གྱིས་རྒྱ་ནག་ནས་གཞན་ལ་འགན་འཁུར་དགོས་པའི་སྐྱོན་བརྗོད་བྱ་རྒྱུ་འོས་འཚམས་མིན་པ་དང་མ་ཟད་ རྒྱ་གཞུང་ནས་དང་པོ་རང་གི་བྱ་སྤྱོད་ཁག་ལ་འགན་འཁུར་བླངས་ནས་དྲང་ལྡན་དང། ཁྲིམས་ཀྱི་དབང་བསྒྱུར། མང་ཚོགས་ཀྱི་བསམ་ ཚུལ་ལ་གུས་བརྩི་ཞུ་རྒྱུ་གལ་ཆེ་སྐོར་སོགས་གསུངས་ཡོད་པ་རེད་འདུག

༸གོང་ས་མཆོག་ནས་བཞུགས་སྒར་དུ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཚོར་བཀའ་ཆོས་བསྩལ་རྒྱུ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དྷ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆེད་དུ་བྱ་བའི་འདུལ་བྱ་ཨི་ཤ་ཡའི་ནང་པའི་དད་ལྡན་ཚོ་གཙོས་པའི་ཕྱི་ནང་གི་ཆོས་ཞུ་བ་ཚོར། ཟླ་འདིའི་ཕྱི་ཚེས་ ༧ ནས་ ༡༠ བཅས་ཉིན་བཞིའི་རིང་གསུང་ཆོས་བཀྲིན་བསྩལ་རྒྱུ་རེད་འདུག ད་ལན་གྱི་བཀའ་ཆོས་དེ་ལྷོ་ཤར་ཨེ་ཤེ་ཡའི་ནང་གི་ནང་པའི་དད་ལྡན་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ནས་དད་ལྡན་ཆོས་ཞུ་བ་མང་ཚོགས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་བཅུ་པ་ནས་འཕྲོ་སྐྱོང་གི་ཆོས་འབྲེལ་དང་། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ། དབུ་མའི་ཤིང་རྟ་གསོལ་བྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ། དེ་བཞིན་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་བཀའ་དྲིན་ཆེ་བ་བསྩལ་གནང་མཛད་རྒྱུ་ཡིན་འདུག    

བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༥ སྲུང་བརྩི་ཞུས་པ།

དེ་རིང་ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༡༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཤན་ཏ་ཀུ་མཱར་ (Shri Shanta Kumar) མཆོག་གིས་དབུ་བཞུགས་ཐོག་དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་བློན་ཆེན་ལྕམ་མེ་ནི་ཀ་གཱན་དྷི་ (Maneka Gandhi) མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། མི་དམངས་དང་སློབ་ཕྲུག དེ་བཞིན་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཐོག་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༥ པ་སྲུང་བརྩིའི་ཞུས་ཡོད། མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་ལ་བརྟེན་ནས་བོད་མིའི་མང་གཙོའི་ལམ་ལུགས་སྲོལ་གཏོད་མཛད་ནས་རིམ་བཞིན་ཡར་རྒྱས་གོང་འཕེལ་བྱུང་ཞིང་། བོད་མིའི་མང་གཙོའི་ལམ་སྲོལ་འདི་ནི་མི་མང་གིས་འཐབ་རྩོད་ལ་བརྟེན་ནས་བྱུང་བ་ཞིག་མ་ཡིན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་དོན་ལ་དགོངས་ཏེ་གསོལ་སྩལ་གནང་བ་ཞིག་ཡིན་པས་རང་ཅག་རྣམས་ནས་རྒྱུན་དུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་མཛད་འཕྲིན་རླབས་པོ་ཆེ་ཞིག་ཡིན་པ་གསུངས་གནང་ཡོད་པ་རེད། ལྷག་དོན་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་དམ་སྲིད་སྐྱོང་ལ་༸གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་བ་ནས་བཟུང་རྒྱ་ཆེའི་མི་མང་གིས་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་བློ་གཏད་དང་རྒྱབ་སྐྱོར་གནང་བ་བཅས་ལ་བརྟེན་ནས་ད་བར་ལྷིང་འཇགས་པོའི་ངང་འགྲོ་བཞིན་ཡོད་པ་མ་ཟད། བཙན་བྱོལ་ནང་ང་ཚོས་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་ལག་བསྟར་བྱེད་བཞིན་པ་འདིས་ནང་ཆོས་དང་མང་གཙོའི་ལྟ་གྲུབ་གཉིས་མཉམ་གནས་ཐུབ་པ་གསལ་བཏོན་བྱས་ཡོད་སྐོར་གསུངས་སོང། དེ་བཞིན་ཁོང་གིས་རིང་མིན་མང་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་གནང་ལ་ཉེ་བ་དང་བསྟུན་ནས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་གཉན་འཕྲང་ཆེ་བ་དང་། བཙན་བྱོལ་བོད་མིའི་གནས་བབ། རང་ཅག་རྣམས་ཀྱི་བསྒྲུབ་བྱ་ཇི་ཡིན་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསམ་ཞིབ་ཀྱིས་བོད་མིའི་མངོན་འདོད་བསྒྲུབ་པར་བྱེད་མཁན་འགོ་ཁྲིད་འོས་བསྡུ་བྱ་རྒྱུའི་ཐོབ་ཐང་དང་འགན་འཁུར་གཉིས་ཀ་མི་མང་ལ་ཡོད། དེས་ན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་བཞུགས་མཁན་དང་རྒྱབ་སྐྱོར་གནང་མཁན་ཀུན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཀྱི་ཁྱད་རྣམས་མ་དོར་བའི་སྒོ་ནས་གཏམ་བཤད་དང་བསྒྲགས་གཏམ་སོགས་གནང་དགོས་ཞེས་གལ་ཆེ་ནན་ཏན་གྱི་འབོད་བསྐུལ་ཞུ་གནང་སོང། ད་དུང་ཁོང་གིས་ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་ངོ་སྤྲོད་དང་སྦྲགས་ཏེ་རང་ལུས་མེར་སྲེག་གནང་མཁན་བོད་མི་ ༡༤༢ བྱུང་བ་རྣམས་ཀྱི་འཆི་ཁའི་རེ་འདུན་དང་། གཞིས་བཞུགས་བོད་མིའི་མངོན་འདོད་ད་ལྟ་ཡང་འགྲུབ་རྒྱུ་ཡིན་སྐོར་སོགས་གསུངས་སོང། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བཅས་སུ་ཆིབས་བསྒྱུར་སྐབས་རྒྱ་གར་གྱི་རང་དབང་མང་གཙོའི་ཆབ་སྲིད་ཀྱི་ལམ་ལུགས་ལ་ཐུགས་ཡིད་ཕྲོགས་ཏེ་བོད་ལྗོངས་འདི་ཡང་དེང་རབས་རང་དབང་མང་གཙོའི་འགྲོ་ལུགས་ཀྱི་ལམ་བཟང་དང་མཐུན་པའི་སྤྱི་ཚོགས་ཤིག་ཏུ་ལེགས་བཅོས་མཛད་འགོ་བརྩམས་པ་ནས་བཟུང་བཙན་བྱོལ་ཕེབས་མ་ཐག་བོད་ཕྱི་ནང་གཉིས་ཀྱི་ངོ་ཚབ་ཡོངས་སུ་མཚོན་པའི་བོད་མི་མང་སྤྱི་འཐུས་འོས་བསྡུས་གནང་སྲོལ་གཙོས་ད་བར་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་མར་གསོལ་རས་སྩལ་གནང་མཛད་པ་ཞིག་ཡིན་པ་གསུངས་སོང། ད་དུང་མུ་མཐུད་གསུངས་དོན་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་དབུ་འཁྲིད་སྲིད་སྐྱོང་དང། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་རྣམས་ཀྱི་འོས་བསྡུ་ཆེན་མོ་གཉིས་སླེབས་ལ་ཉེ་བའི་སྐབས་འདིརམང་ཚོགས་ཚོས་འོས་བསྡུའི་དེབ་སྐྱེལ་དང་། དངོས་སུ་མཉམ་ཞུགས་ངེས་པར་གནང་དགོས་ཤིན་ཏུ་གལ་ཆེ་བས་གཞན་གྱི་བརྒྱུད་སྐུལ་དང། ཟེར་རྗེས་ཙམ་གྱི་རྗེས་སུ་མི་འབྲང་པར་སོ་སོའི་རྣམ་དཔྱོད་ཀྱི་རང་དབང་གི་ཐོག་ནས་འོས་འཕེན་དགོས་པའི་འབོད་སྐུལ་ནན་པོ་གནང་སོང། ད་ཕན་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་བོད་མི་སེར་སྐྱ་ཕོ་མོ་གྲངས་ ༡༤༢ བྱུང་ཡོད་པ་དང་། ལོ་འདི་ཁོ་ནར་མི་གྲངས་ ༧ བྱུང་ཡོད་པ་འདིས་བོད་ནང་བོད་མི་ཚོར་རང་དབང་མེད་པ་གསལ་པོར་མཚོན་གྱི་ཡོད། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་གཙོས་མང་གཙོ་དང་། རང་དབང་། དྲང་བདེན་བཅས་གཙིགས་ཆེར་འཛིན་པའི་རྒྱལ་ཁབ་ཚང་མས་རྒྱ་དམར་གྱི་བྱ་སྤྱོད་ངན་པ་འདི་རིགས་འཕྲལ་མར་མཚམས་འཇོག་དགོས་པའི་གནོན་ཤུགས་ནན་ཏན་སྤྲོད་གནང་ཡོང་བའི་འབོད་སྐུལ་ཡང་ཞུ་གནང་སོང། སྐུ་མགྲོན་གཙོ་བོ་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་དང་དམིགས་བསལ་རྒྱ་གར་གཞུང་གི་བྱིས་པ་དང་བེུད་ནུས་སྟོབས་གོང་འཕེལ་གྱི་བློན་ཆེན་ལྕམ་སྐུ་མེ་ནི་ཀ་གཱན་དྷི་མཆོག གཞན་ཡང་རྒྱ་གར་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་གི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་འཐུས་མི་བཞི་བཅས་ཕེབས་ཡོད་རྣམས་ནས་དེ་རིང་མཛད་སྒོར་ཕེབས་ཐུབ་པ་ནི་དགའ་ཚོར་ཆེན་པོ་ཡོད་པ་དང་ཁྱད་པར་དུ་གོ་སྐབས་འདིའི་བརྒྱུད་༸གོང་ས་མཆོག་གི་མཇལ་ཁ་དང་བྱིན་རླབས་ཐོབ་པར་དགའ་ཚོར་དཔག་མེད་བྱུང་ཡོད་པ་སོགས་གསུངས་པ་མ་ཟད། སྐུ་མགྲོན་གཙོ་བོ་སྐུ་ཞབས་ཤན་ཏཀུ་མཱར་མཆོག་གིས་༸གོང་ས་མཆོག་ལ་ཆེ་བསྟོད་དང་སྦྲགས་གང་ཉིད་ནི་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རླབས་ཆེན་ཞིག་དང་འཛམ་གླིང་མང་ཚོགས་ནས་གང་ཉིད་ལ་དགའ་མོས་ཧ་ཅང་ཆེན་པོ་ཞུ་ཡུལ་ཡིན་པ་རེད། བོད་མི་རྣམས་ནས་༸གོང་ས་ཏཱ་ལའི་བླ་མའི་བཀའ་དགོངས་བཞིན་བསྒྲུབ་ནས་བོད་དོན་འཐབ་རྩོད་མུ་མཐུད་གནང་དགོས་གལ་དང། ལྷག་པར་དུ་བོད་མི་འཐབ་རྩོད་ལ་ང་ཚོ་རྒྱ་གར་གཞུང་མ་གཉིས་དང་གྲོས་ཚོགས་ནས་རྒྱབ་སྐྱོར་ཞུ་རྒྱུའི་ཞལ་བཞེས་སོགས་གནང་སོང། གཞན་ཡང་དེ་རིང་མཛད་སྒོའི་ཐོག་གཏན་ཉིན་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་སྡེ་ཚན་ཁག་གསུམ་ནས་རྒྱུགས་སྤྲོད་ནང་ཨང་རིམ་རྩིས་ཕུད་སོན་མཁན་སློབ་མ་ཁག་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་བསྟོད་བྱ་དགའ་དང། གཏན་ཉིན་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་སྤྲོད་ནང་བརྒྱ་ཆ་ ༩༥ ཡན་སོན་པར་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་དང། དེ་བཞིན་འདི་ལོ་འབུམ་རམས་པ་སློབ་ཐོན་སློབ་མ་གཉིས་ལ་གཟེངས་བསྟོད་བྱ་དགའ་གནང་བ་མ་ཟད། དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པའི་ལས་གཞིའི་འོག་ཁྱད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་སོགས་གནང་ཡོད་པ་རེད།

ཨ་རི་གཞུང་གིས་རྒྱ་གཞུང་ནས་བོད་ཐོག་དམ་དྲག་གི་སྲིད་བྱུས་འཛིན་བཞིན་པར་བསམ་ནན་བཏང་དགོས་པ།

ཉེ་ཆར་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་མཁན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་དམིགས་བསལ་གཞུང་ཚབ་པ་སྐུ་ཞབས་ David Saperstein ལགས་ཀྱིས་རྒྱ་གཞུང་ནས་བོད་མིའི་ཆོས་དད་རང་དབང་ཐོག་དམ་དྲག་གི་སྲིད་བྱུས་སྤེལ་བཞིན་པར་བསམ་བློ་ནན་གཏན་བཏང་དགོས་པ་གསུངས་ཡོད་པ་རེད། ཁ་སང་ཟླ་ ༨ ཚེས་ ༣༡ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྐུ་ཞབས་ David Saperstein ལགས་ཉེ་ཆར་ཕྱི་ཟླ་ ༨ པའི་ཚེས་ ༢༠ ནས་ ༢༨ བར་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་ཡོད་པ་རེད། སྐབས་དེར་རྒྱ་ནག་གཞུང་འབྲེལ་མི་སྣ་དང་མཇལ་འཕྲད་ཁྲོད་རྒྱ་ནག་ནང་ཆོས་ལུགས་ཚོགས་པ་ཇེ་མང་དུ་འགྲོ་བཞིན་པ་དང། དེ་དག་གི་སྤྱི་ཚོགས་ཡར་རྒྱས་ཆེད་ཕན་ཐོགས་ཆེན་པོ་ཡོད་པས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་པར་བསྔགས་བརྗོད་གནང་འདུག ཨ་རི་གཞུང་གི་ངོས་ནས་རྒྱ་ནག་ནང་ཆོས་དད་རང་དབང་གི་གནས་སྟངས་ཞན་པོ་ཡོད་པར་ཐུགས་འཚབ་ཡོད་པ ཁག་ལུང་འདྲེན་དང་སྦྲགས་ཏེ་རྒྱ་ནག་གཞུང་གིས་ Zhejiang གྲོང་ཁྱེར་དུ་ཡི་ཤུའི་ལྷ་ཁང་གི་སྐུ་རུ་ཁ་ཕབ་པ་དང། ལྷ་ཁང་གཏོར་བཤིག་བཏང་བ་སོགས་ཀྱི་གནད་དོན་འཕྲལ་དུ་མཚམས་འཇོག་དགོས་པ་དང། བོད་དང་ Xinjiang ནང་བོད་མི་དང་ཡུ་གུར་བ་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཕྱོགས་ཐོག་ལ་དམ་དྲག་བྱས་སྟབས། ཕན་ལས་གནོད་ཆེ་བ་བཟོ་མཁན་གྱི་སྲིད་བྱུས་རྣམས་ལ་བསྐྱར་ཞིབ་ཀྱིས་བསམ་བློ་ནན་གཏན་བཏང་དགོས་པ་འགྲེལ་བརྗོད་གནང་འདུག ད་དུང་ཁོང་གིས་ཉེ་ཆར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་ཁྲིམས་རྩོད་པ་དང། ཆོས་ལུགས་ཀྱི་དབུ་འཁྲིད་མང་དག་ཅིག་འཛིན་བཟུང་བཀག་ཉར་བྱེད་པར་ཨ་རི་གཞུང་ནས་བློ་ཕམ་ཆེན་པོ་ཡོད་སྐོར་གསུངས་པ་མ་ཟད། ཐེངས་དེའི་འཚམས་གཟིགས་ཁྲོད་སྐུ་ཞབས་ David Saberstein ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་། Shijiazhuang དང། Shanghai དང། Hangzhou དེ་བཞིན་ HongKong བཅས་ཀྱི་ནང་ཕེབས་ནས་ས་གནས་དེ་དག་གི་རྒྱ་ནག་གཞུང་འབྲེལ་མི་སྣ་དང། ཆོས་ལུགས་དབུ་འཁྲིད། སྤྱི་དམངས་འཐུས་མི་བཅས་ཀྱི་ལྷན་དུ་མཇལ་འཕྲད་གནང་ཐོག་ཆོས་དད་རང་དབང་ཐོག་ལ་གྲོས་བསྡུར་ལྷུག་པོ་གནང་འདུག

༸གོང་ས་མཆོག་བཞུགས་སྒར་དུ་ཚུར་ཆིབས་སྒྱུར་བསྐྱངས་པ།

 བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནཱ་སིག་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན། བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ་མཛད་སོང། དེ་རིང་ཟླ་ ༩ ཕྱི་ཚེས་ ༡ ཉིན་དགུང་ཚོུད་ ༡༢།༣༠ ཐོག་མགོན་པོ་༸གང་ཉིད་མཆོག་ཆིབས་སྒྱུར་སྐབས་བཞུགས་སྒར་ཕེབས་ལམ་གྱི་གཡས་གཡོན་དུ་ས་གནས་བོད་མི་ཚོས་ལག་ཏུ་དཀར་གཙང་གི་མཇལ་དར་དང་དྲི་ཞིམ་གྱི་དུག་སྤོས་དང་བཅས་དགའ་དད་སྤྲོ་གསུམ་གྱི་ངང་ནས་མགོན་པོ་མཆོག་ལ་ཕེབས་བསུ་ཞུས་སོང། གཞི་རྩའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མ་ཧཱརཱཤྚ་མངའ་སྡེའི་ནཱ་སིག་ཀུཾབྷ་དུས་ཆེན་ཐོག་ཆིབས་བསྒྱུར་བསྐྱང་སླད་ཟླ་ ༨ ཕྱི་ཚེས་ ༢༩ ཉིན་བཞུགས་སྒར་ནས་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༣༠ ཉིན་ནཱ་སིག་ཁུལ་གྱི་རྩ་ཆེན་གྲོང་སྡེ་ Trimbakeshwar ནང་དུ་ཞབས་སོར་འཁོད་ཡོད་པ་རེད།  ༸གང་ཉིད་ནས་ཁུལ་དེར་རྟེན་གཞི་བྱས་པའི་ནག་པོའི་བུའི་བསྟི་གནས་ (Karshni Ashram) ནང་དུ་ཆིབས་སྒྱུར་མཛད་ནས་ནཱ་སིག་ (Nashik)  ཀུཾབྷ་དུས་སྟོན་ཐོག་ཆེད་ཕེབས་གནང་བའི་ཆོས་ལུགས་ཁག་གི་བླ་ཆེན་རྣམས་དང་ལྷན་མཇལ་གྱིས་ནང་པའི་ལྟ་གྲུབ་དང་ཧིན་དུའི་ལྟ་གྲུབ་དབར་བཀའ་བསྡུར་མཛད་པ་དང།  གསར་འགོད་ལྷན་ཚོགས་ཐོག་བཀའ་འདྲི་ཞུས་པར་བཀའ་ལན་དུ་མགོན་པོ་༸གང་ཉིད་མཆོག་དེ་རིང་ནཱ་སིག་ཀུམ་བྷ་དུས་སྟོན་ཐོག་ཕེབས་དོན་གཙོ་བོ་ནི་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པ་དང་མཇལ་འཕྲད་གནང་སྟེ་འཛམ་བུ་གླིང་འདིའི་ཐོག་ཞི་བདེ་རྒྱ་ཁྱབ་གནང་སླད་ཆེད་ཕེབས་གནང་སྐོར་གསུངས་འདུག ཉིན་དེའི་ཕྱི་དྲོ་མགོན་པ་༸གང་ཉིད་མཆོག་ནས་ཁུལ་དེར་རྟེན་གཞི་བྱས་པའི་ལོ་ངོ་ ༣༥༠ ལྷག་གི་སྔོན་ནས་ཡོད་པའི་ཧིན་དུའི་བསྟི་གནས་ཤིག་ཏུ་ཆིབས་སྒྱུར་གྱིས་མཆོད་ཡོན་གྱི་ཆོས་འབྲེལ་ཐོག་དབུ་བཞུགས་མཛད་ཡོད་པ་རེད། ཁ་སང་ཟླ་ ༨ ཚེས་ ༣༡ ཉིན་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀུམ་བྷ་དུས་སྟོན་ཐོག་དབུ་བཞུགས་མཛད་པ་དང་། དེ་རྗེས་ཚོུད་ ༡༠།༠༠ ནས་ ༡།༠༠ ཧིན་དུའི་ཆོས་དཔོན་གྲགས་ཅན་ཁག་ཅིག་དང་རྒྱ་གར་ལྷོ་ཕྱོགས་ནས་ཕེབས་པའི་བོད་བརྒྱུད་ནང་བསྟན་དགེ་འདུན་པ་ ༥༠ སྐོར་ཞིག་ལྷན་དུ་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གྱི་བགྲོ་གླེང་ཐོག་དབུ་བཞུགས་གནང་སྟེ་བཀའ་སློབ་སྩལ་བ་བཅས་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་དེ་རིང་དྷ་སར་བཞུགས་སྒར་དུ་ཚུར་ཆིབས་སྒྱུར་བསྐྱངས་སོང།ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་ ༩ ཕྱི་ཚེས་ ༧ ནས་ ༡༠ བཅས་ཉིན་བཞི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་ཨེ་ཤེ་ཡའི་ནང་པའི་དད་ལྡན་ཚོས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར།  མང་ཚོགས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དང་། སློབ་དཔོན་ཀ་མ ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ། དཔོལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ། དེ་བཞིན་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་བཀའ་དྲིན་སྩལ་གནང་མཛད་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ནས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་མིན་ཞེས་ཡིག་ཆ་དཀར་པོར་ལན་འདེབས།

དེ་རིང་ཕྱི་ཟླ་༩ཚེས་༡སྟེ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་༥༠འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་བའི་སྐབས་འདིར། བོད་མིའི་སྒྲིག་འཛུགས་ནས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་མིན། འོན་ཀྱང་དབུ་མའི་ལམ་ནི་བོད་རྒྱའི་གནད་དོན་སེལ་བའི་ཐབས་ལམ་ཡག་ཤོས་དེ་རེད་ཅེས་གསུངས་གནང་ཡོད། དེ་ཡང་དེ་རིང་སྔ་དྲོ་ཚོུད་༩:༣༠ ཐོག་འདི་ག་བཞུགས་སྒར་ཕྱི་དྲིལ་ལས་ཁུངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་དྲིལ་བསྒྲགས་དྲུང་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་གཅིག་ལྕོགས་བཀྲིས་ཕུན་ཚོགས་ལགས་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་བཅས་ལྷན་འཛོམས་ཐོག་ཡོངས་ཁྱབ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ། རྒྱ་གཞུང་གི་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་པའི་ཉིན་མོ་སྲུང་བརྩི་ཞུ་བའི་དུས་སྐབས་དང་བསྟུན། འདི་ལོའི་ཕྱི་ཟླ་༤ཚེས་༡༥ཉིན་བཏོན་པའི་ཡིག་ཆ་དཀར་པོར་ལན་འདེབས་གནང་ཡོད་པ་རེད། རྩ་བའི་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལས་ཁང་ནས་འདི་ལོའི་ཕྱི་ཟླ་༤པའི་ཚེས་༡༥ཉིན། བོད་ལྗོངས་འཕེལ་རྒྱས་ཀྱི་ལམ་བུ་ནི་ལོ་རྒྱུས་ཀྱི་གདམ་ཀ་ཡིན་ཞེས་བོད་རང་སྐྱོང་ལྗོངས་ཀྱི་གནད་དོན་ཐོག་གི་ཡིག་ཆ་དཀར་པོ་ཞིག་བཏོན་པ་དང་ཆབས་ཅིག ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་དང་༸གོང་ས་མཆོག་གི་ཡང་སྲིད་ཀྱི་འགན་དབང་དང་བདག་དབང་རྒྱ་གཞུང་ལ་ཡོད་སྐོར། དེ་བཞིན་དབུ་མའི་ལམ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་ཞིང་། བོད་རྒྱ་འབྲེལ་མོལ་ཡོངས་རྫོགས་ལ་བོད་མིའི་ཕྱོགས་ནས་ལྷག་བསམ་འདང་མེད་པའི་སྐྱོན་བརྗོད་སོགས་བྱེད་ཡོད་སྟབས། དེ་རིང་གི་དུས་སྐབས་འདིའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ནས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་མིན་པ་དང། ༸གོང་ས་མཆོག་གི་ཡང་སྲིད་ཀྱི་འགན་དབང་༸གང་ཉིད་མཆོག་ལ་མ་གཏོགས་གཞན་སུ་གཅིག་ལའང་མེད་པ། དབུ་མའི་ལམ་ནི་རྒྱ་བོད་གཉིས་ཀར་སྨན་པའི་སྲིད་བྱུས་ཡིན་པ་དང། འཛུགས་སྐྲུན་ཡར་རྒྱས་ཀྱི་དོན་དངོས་ཁེ་ཕན་བོད་མིར་ཐོབ་ཀྱི་མེད་པ་བཅས་དོན་ཚན་བཞིིའི་ཐོག་ནས་ཡིག་ཆ་དཀར་པོར་ལན་འདེབས་གནང་ཡོད་པ་རེད།

༸གོང་ས་མཆོག་ནས་ཀུམ་བྷ་དུས་སྟོན་ཐོག་ཧིན་དུའི་ཆོས་དཔོན་ཁག་ཅིག་དང་ལྷན་མཇལ་གནང་འདུག

ཟླ་ ༨ ཕྱི་ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Maharashtra མངའ་སྡེའི་ན་སིག་རྫོང་གི་རྩ་ཆེ་གྲོང་སྡེ་ Trimbakeshwar ནང་ཞབས་སོར་བདེ་བར་འཁོད་པ་དང་འབྲེལ་ཁུལ་དེའི་ནང་རྟེན་གཞི་བྱས་པའི་ Karshni Ashram ནང་ཆེད་ཕེབས་གནང་ཡོད་པ་རེད། དེ་རིང་ཟླ་ ༨ ཚེས་ ༣༡ ཉིན་ Swami .K.G. Maharaj མཆོག་གཙོས་ཀུཾབྷ་དུས་སྟོན་ཐོག་ཆེད་ཕེབས་གནང་བའི་ཆོས་ལུགས་ཁག་གི་བླ་ཆེན་རྣམས་དང་ལྷན་མཇལ་གནང་འདུག སྐབས་དེར་མགོན་པོ་མཆོག་ནས་རྒྱ་གར་གྱི་ཡང་དག་པའི་མང་གཙོའི་ལམ་ལུགས་ལ་ཆེ་བསྟོད་མཛད་འདུག་པ་དང། ༸གང་ཉིད་ཆོག་ནས་རྒྱ་གར་ནང་ཞི་བདེ་ལྷིང་འཇགས་ཡོད་པའི་རྒྱུ་མཚན་གཙོ་བོ་ནི་རྒྱལ་ཁྱབ་དེའི་མང་གཙོའི་ལམ་ལུགས་དང་དེའི་རིན་ཐང་ཁག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་།ལྷག་དོན་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་བསྡུར་ན་རྒྱ་གར་ནང་ཆོས་ལུགས་དང་རིགས་རུས་མི་གཅིག་པའི་མི་མང་རྣམས་ཞི་བདེ་དང་མཐུན་འགྲིག་ལྡན་པའི་ངང་གནས་ཐུབ་པ་དེ་མང་གཙོའི་དགེ་མཚན་ཞིག་ཡིན་པར་གསུངས་འདུག ༸གོང་ས་མཆོག་ནས་ Guru Sharananand དང། Swami Parmanand དེ་བཞིན་ Swami Gyananand རྣམ་པ་ཚོ་དབུས་པའི་བླ་ཆེན་ཁག་གི་ལྷན་དུ་ཧིན་དུ་དང་ནང་པའི་ཆོས་ལུགས་ཀྱི་ལྟ་གྲུབ་ཐོག་བཀའ་བསྡུར་མཛད་འདུག་པ་དང་། ཕྱི་དྲོ་ཁུལ་དེར་རྟེན་གཞི་བྱས་པའི་ལོ་ངོ་ ༣༥༠ ལྷག་གི་སྔོན་ནས་ཡོད་པའི་ཧིན་དུའི་བསྟ་གནས་ཤིག་ཏུ་ཆིབས་སྒྱུར་གྱིས་མཆོད་ཡོན་གྱི་ཆོས་འབྲེལ་ཐོག་དབུ་བཞུགས་མཛད་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་དེ་རིང་ན་སིག་ཀུམ་བྷ་དུས་སྟོན་ཐོག་ཕེབས་དོན་གཙོ་བོ་ནི་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པ་དང་མཇལ་འཕྲད་གནང་སྟེ་འཛམ་བུ་གླིང་འདིའི་ཐོག་ཞི་བདེ་རྒྱ་ཁྱབ་གནང་སླད་ཆེད་ཕེབས་གནང་སྐོར་གསུངས་པ་དང། ལྷན་ཅིག་མགོན་པོ་མཆོག་ནས་རྣམ་ཀུན་རྒྱ་གར་དེ་བཞིན་ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་ཡང་དག་ཞིག་ཡིན་པར་ཆེ་བསྟོད་གནང་གི་ཡོད་པའི་བཀའ་སྩལ་འདུག དེ་རིང་ཟླ་ ༨ ཚེས་ ༣༡ ཉིན་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀུམ་བྷ་དུས་སྟོན་ཐོག་དབུ་བཞུགས་མཛད་པ་དང་། དེ་རྗེས་ཚོུད་ ༡༠།༠༠ ནས་ ༡།༠༠ ཧིན་དུའི་ཆོས་དཔོན་གྲགས་ཅན་ཁག་ཅིག་དང་རྒྱ་གར་ལྷོ་ཕྱོགས་ནས་ཕེབས་པའི་བོད་བརྒྱུད་ནང་བསྟན་དགེ་འདུན་པ་ ༥༠ སྐོར་ཞིག་ལྷན་དུ་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གྱི་བགྲོ་གླེང་ཐོག་དབུ་བཞུགས་གནང་སྟེ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་འདུག མཛད་འཆར་ལྷར་ན་དེ་རིང་ཕྱི་དྲོ་མགོན་པོ་༸གང་ཉིད་མཆོག་ Mumbai ནས་མཁའ་ལམ་བརྒྱུད་བཞུགས་སྒར་དྷ་སར་ཆེབས་ཁ་བསྒྱུར་གནང་རྒྱུ་རེད་འདུག རྩ་བའི་༸གོང་ས་མཆོག་ནས་ཀུམ་བྷ་དུས་ཆེན་ཐོག་ལ་ཆིབས་སྒྱུར་གནང་བ་དེ་ཐེངས་གསུམ་པ་དེ་ཆགས་ཡོད་པ་དང། འདི་ལོ་ན་སིག་ནང་གྱི་ཀུམ་བྷ་དུས་ཆེན་ཐོག་ཆིབས་སྒྱུར་བསྐྱངས་པ་ཆེས་ཐོག་མ་དེ་ཆགས་ཡོད་རེད་འདུག

Latest news