Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་སྲིད་བློན་མོ་དི་མཆོག་ལ་འཚམས་འདྲི་མཛད་པ།

ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་གར་དབུས་འོས་བསྡུ་ལྷན་ཁང་ནས་རྒྱ་གར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ཁྲོད། སྲིད་བློན་མོ་དི་མཆོག་གིས་སྣེ་ཁྲིད་པའི་ཆབ་སྲིད་ཚོགས་པ་ BJP ལ་རྒྱལ་ཁ་ཤུགས་ཆེ་ཐོབ་པར་བརྟེན་སྲིད་བློན་མོ་དི་མཆོག་སླར་ཡང་ལོ་ལྔའི་རིང་རྒྱ་གར་གྱི་སྲིད་བློན་གནང་གཏན་ཁེལ་བ་དང་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་འཚམས་འདྲི་མཛད་འདུག འཚམས་འདྲི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཐོག་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་འདི་ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་སྣེ་ཁྲིད་མཁན་གྱི་རྒྱལ་ཁབ་གཙོ་གྲས་ཤིག་ཆགས་པར་ཐུགས་ལ་དགྱེས་སྤོབས་ཆེན་པོ་བྱུང་ཞེས་དང་། ལྷག་པར་དུ་རྒྱ་གར་འདི་གནའ་བོའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པ་དར་ཡུལ་ཞིག་ཡིན་པ་མ་ཟད་བྱམས་པ་དང་སྙིང་རྗེ་གཞི་རྩར་འཛིན་པའི་འཚེ་བ་མེད་པའི་ལྟ་སྤྱོད་ཉམས་ལེན་གནང་བཞིན་ཡོད་པ་དེ་ནི་རྒྱལ་ཁབ་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་ཁྱད་པར་བ་ཞིག་རེད་ཅེས་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་ནས་འགྲོ་བ་མི་གཅིག་གྱུར་དང་ཆོས་ལུགས་ཕན་ཚུན་འཆམ་མཐུན་གྱི་འདུ་ཤེས་གོང་མཐོར་གཏོང་རྒྱུའི་མཛད་འགན་ཐོག་རྒྱ་གར་གྱི་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་བློའི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་ལེགས་བཤད་དེ་དག་ད་ཆ་རྒྱ་གར་ནང་བསྐྱར་གསོ་ཡོང་ཐབས་མཛད་བཞིན་ཡོད་པ་དང་། དེར་རྒྱ་གར་བ་སྤྱི་དང་ལྷག་པར་དུ་གཞོན་སྐྱེས་ཁྲོད་ནས་དགའ་མོས་དང་རྒྱབ་སྐྱོར་ཆེན་པོ་ཐོབ་བཞིན་པ་དེས་མགོན་པོ་༸གང་ཉིད་མཆོག་ནས་རེ་བ་བཟང་པོ་ཞིག་གཟིགས་སྐོར་བཀའ་བསྩལ་བ་དང་སྦྲགས། དེང་སྐབས་རྒྱ་གར་འདི་བཞིན་འཛམ་གླིང་ཁྱོན་ཡོངས་སུ་གནའ་དེང་གཉིས་ཀྱི་ཤེས་ཡོན་ཟུང་འབྲེལ་ཐོག་ནས་འགྲོ་བ་མིའི་སེམས་ནང་དོན་དམ་གྱི་ཞི་བདེ་སྐྲུན་རྒྱུ་སླད་རེ་བ་རྒྱག་ས་གཅིག་པོ་དེ་ཡིན་པར་བཀའ་བསྩལ་འདུག དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རབས་བཅུ་བཞི་པའི་ནང་བོད་ཀྱི་མཁས་པ་ཞིག་གིས་ཁ་བ་གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་མ་དར་བར་དུ་སྨག་རུམ་མུན་པས་འཐིབ་ཀྱི་རེད་ཅེས་གསུངས་པ་ལུང་འདྲེན་གྱིས་བོད་མི་ཚོས་རྒྱ་གར་འཕགས་ཡུལ་འདི་ཉིད་ནང་ཆོས་ཀྱི་འབྱུང་གནས་སུ་ངོས་འཛིན་ཞུས་ཏེ་གུས་བརྩི་ཧ་ཅང་ཞུ་བཞིན་ཡོད་དང་། དུས་རབས་བརྒྱད་པའི་ནང་བོད་དུ་དཔལ་ནཱ་ལེནྡཱའི་ལེགས་བཤད་དར་འཕེལ་བྱུང་བར་བརྟེན་བོད་ཀྱི་རིག་གནས་ཡར་རྒྱས་ཐོག་ཕན་རླབས་ཤུགས་ཆེ་བྱུང་ཡོད་པར་བཀའ་བསྩལ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགའ་བསུའི་འཚམས་འདྲི་དང་འབྲེལ་ཟླ་བ་སྔོན་མའི་ནང་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་དུ་འབྱོར་ནས་ལོ་ངོ་ ༦༠ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་དང་། རྒྱ་གར་གཞུང་མང་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་བར་བོད་མི་ཚོས་བཙན་བྱོལ་ནང་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་གནང་ཡོད་པ་སོགས་བཀའ་འགྲེལ་དང་སྦྲགས། རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་དང་། སྲིད་བློན་མོ་དི་མཆོག་གི་འབྱུང་འགྱུར་ལས་དོན་རྣམས་བྱ་བ་ལམ་ལྷོངས་ཡོང་བ་དང་།  ལས་དོན་ཁྲོད་ཀྱི་ངལ་བ་ལས་རྣམ་པར་རྒྱལ་ཏེ་རྒྱ་གར་མི་མང་གི་བསམ་དོན་འགྲུབ་པའི་ཐུགས་སྨོན་མཛད་འདུག གཞི་རྩའི་རྒྱ་གར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་ཟླ་ ༤ ཚེས་ ༡༡ ནས་ཟླ་ ༥ ཚེས་ ༡༩ བར་གནང་ཡོད་པ་དང་། འོས་བསྡུའི་ཁྲོད་སྲིད་བློན་མོ་དི་མཆོག་གིས་སྣེ་ཁྲིད་པའི་ཆབ་སྲིད་ཚོགས་པ་ BJP དང་དེའི་མཐུན་ཕྱོགས་ཆབ་སྲིད་ཚོགས་པ་བཅས་ལ་གྲོས་ཚོགས་འོག་མའི་གདན་གྲངས་ ༥༤༢ ཡོད་པ་ལས་གདན་གྲངས་ ༣༥༣ ཐོབ་སྟེ་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་དང་། སྲོད་བློན་མོ་དི་མཆོག་ནས་ཟླ་ ༥ ཚེས་ ༢༨ དང་ ༢༩ གང་རུང་ཞིག་ཏུ་སྐབས་གཉིས་པའི་སྲིད་བློན་གྱི་དམ་འབུལ་བཞེས་རྒྱུ་རེད་འདུག

༸གོང་ས་མཆོག་གིས་ཞི་ཅིན་ཕིང་དང་མཇལ་འཕྲད་མཛད་རྒྱུའི་ཞུ་སྐུལ་གནང་ཡང་རྒྱ་ནག་ཕྱོགས་ནས་ཡ་ལན་གང་ཡང་བྱུང་མེད།

ཉེ་ཆར་ཟླ་ ༥ ཚེས་ ༡༥ ཉིན་རྒྱ་གར་གྱི་ NDTV གསར་ཁང་གི་དྲྭ་གནས་ཐོག་གསར་ཁང་གི་རྩོམ་སྒྲིག་འགན་འཛིན་ Sonia Singh ལགས་ཀྱིས་རྩོམ་བྲིས་གནང་བའི་དཔེ་དེབ་གསར་པ་ Defining India: Through Their Eyes ཞེས་པ་ལས་ཟུར་འདོན་གྱིས་གནས་ཚུལ་སྤེལ་བའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་ Sonia Singh ལགས་ཀྱི་བཅར་འདྲིའི་ལས་རིམ་ཞིག་གི་ཐོག་ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དུ་གཞུང་འབྲེལ་འཚམས་གཟིགས་ཕེབས་སྐབས་སྲིད་འཛིན་ཞི་ཅིན་ཕིང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་རྒྱ་གར་ནང་མཇལ་འཕྲད་ཞུ་རྒྱུར་མོས་མཐུན་གནང་ཡོད་ཀྱང་། རྒྱ་གར་གཞུང་གིས་དེར་དོགས་ཟོན་གནང་སྟབས་ཕྱོགས་གཉིས་དབར་གྱི་མཇལ་འཕྲད་གནང་ཐུབ་མེད་ཅེས་བཀའ་ལན་བསྩལ་སྐོར་གསན་ཚུལ་ཐོན་བཀོད་ཡོད་པ་རེད།གནས་ཚུལ་དེ་དང་འབྲེལ་ཁ་སང་རྒྱལ་སྤྱིའི་གསར་ཁང་ཆེ་གྲས་ The Guardian ཞེས་པའི་དྲྭ་གནས་ཐོག་གསར་ཁང་གི་ལྷོ་ཨེ་ཤ་ཡ་མངའ་ཁུལ་གྱི་གསར་འགོད་པ་ Michael Safi ལགས་དང་རྒྱ་ནག་སྡེ་ཚན་གྱི་གསར་འགོད་པ་ Lily Kuo ལགས་གཉིས་ཀྱིས་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་ནང་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་དབུས་གཞུང་ལ་བོད་ཀྱི་གནད་དོན་ཐོག་སློབ་སྟོན་ཞུ་མཁན་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་སྐུ་ཞབས་ Amitabh Mathur ལགས་ནས་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་རྒྱ་གར་ནང་མཇལ་འཕྲད་གནང་འདོད་ཡོད་སྐོར་གྱི་གནས་ཚུལ་གང་འཚམ་ཞིག་གོ་ཐོས་བྱུང་ཡང་། ཕྱོགས་གཉིས་དབར་གྱི་མཇལ་འཕྲད་དེ་མོས་མཐུན་བྱུང་ཡོད་མེད་དང་དེར་རྒྱ་གར་གཞུང་ནས་ཐེ་བྱུས་གནང་ཡོད་མེད་ཀྱི་ཐད་ལ་ཤེས་རྟོགས་གང་ཡང་མ་བྱུང་ཞེས་གསུངས་པ་དང་ཆབས་ཅིག གལ་སྲིད་རྒྱ་གར་གཞུང་ནས་སྐབས་དེའི་མཇལ་འཕྲད་ལ་དགག་པ་གནང་བའི་དབང་དུ་བཏང་ཚེ་རྒྱ་གར་གཞུང་གིས་དགོས་པ་རྒྱུ་མཚན་ཞིག་ལ་གཟིགས་ནས་༸གོང་ས་མཆོག་དང་ཞི་ཅིན་ཕིང་རྣམ་གཉིས་ཀྱི་མཇལ་འཕྲད་ལ་དགག་པ་གནང་ཡོད་སྲིད་པ་རེད་ཅེས་གསུངས་ཡོད་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་གནང་རྒྱུའི་སྐོར་གྱི་གནས་ཚུལ་དེ་ནི་གཞི་རྩ་མེད་པ་ཞིག་རེད་ཅེས་ལན་འདེབས་བྱས་ཡོད།དེ་རིང་རླུང་འཕྲིན་ཁང་ནས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་སུ་ཞལ་པར་བརྒྱུད་འབྲེལ་བ་ཞུས་པར་བཅར་འདྲི་དང་བཞེས་གནང་མེད་ཀྱང་། ཕྱི་ཚེས་ ༢༠ ཉིན་ Sonia Singh ལགས་ཀྱི་དཔེ་དེབ་ལས་ཁྲོད་པའི་གནས་ཚུལ་ལ་བསལ་བཤད་གནང་བའི་ཕྱག་ཡིག་ཞིག་གསར་ཁང་ལ་གནང་སོན་བྱུང་སོང་། གསལ་བཤད་ཀྱི་ཕྱག་ཡིག་ནང་ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དུ་གཞུང་འབྲེལ་འཚམས་གཟིགས་ཕེབས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་འཕྲད་མཛད་རྒྱུའི་ཞུ་སྐུལ་གནང་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་དེར་ཡ་ལན་གང་ཡང་གནང་མེད་སྟབས་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དེ་རྒྱ་གར་གཞུང་གིས་དོགས་ཟོན་གནང་སྟབས་བྱུང་ཐུབ་མེད་པ་རེད་ཅེས་གསུངས་པ་དེ་གཞི་རྩ་མེད་པ་ཞིག་རེད་ཅེས་བཀའ་ལན་བསྩལ་འདུག སྐབས་དེའི་ཞུ་སྐུལ་དེ་ཕྱི་ལོ་ ༡༩༩༡ ལོར་རྒྱ་ནག་གི་སྲིད་འཛིན་ Jiang Zemin སྐབས་སུ་རྒྱ་ནག་གི་སྲིད་བློན་ Li Peng རྒྱ་གར་ལ་འཚམས་གཟིགས་ཕེབས་སྐབས་མཇལ་འཕྲད་གནང་རྒྱུའི་ཞུ་སྐུལ་གྱི་ཐུགས་རེ་གནང་བང་གཅིག་མཚུངས་ཡིན་ཞེས་བཀའ་ཕེབས་ཡོད་པ་རེད།

བལ་ཡུལ་ནང་རིས་མེད་དགོན་སྡེ་ཁག་གིས་༸སྐུ་ཕྱཱའི་ཞབས་རིམ་གསོག་སྒྲུབ་གནང་བ།

འདི་ལོ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་དགུང་ཀེག་ཁེལ་ཡོད་སྟབས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ཐོག་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་དང་དགུང་ཀེག་གི་མཚན་མ་ཐམས་ཅད་ཞི་ནས་བསྟན་པ་དང་འགྲོ་བའི་དོན་དུ་༸སྐུ་ཚེ་ཡུན་དུ་བརྟན་ཕྱིར་ཞབས་རིམ་རྒྱ་ཆེ་གསོག་སྒྲུབ་གནང་དང་གནང་བཞིན་ཡོད་པ་ལྟར། བལ་ཡུལ་ཀོ་པན་དགོན་པས་གཙོ་འགན་བཞེས་ཐོག་བལ་ཡུལ་དུ་ཡོད་པའི་རིས་མེད་དགོན་སྡེ་ཁག་གི་ངོས་ནས་ཀྱང་ཁ་སང་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་བལ་ཡུལ་ཀོ་པན་བཙུན་མའི་དགོན་པར་གུ་རུའི་འབུམ་ཚོགས་ཀྱི་སྒོ་ནས་དམིགས་བསལ་ཞབས་རིམ་རྒྱ་ཆེ་གསོག་སྒྲུབ་གནང་འདུག དེའང་ཀོ་པན་དགོན་པའི་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས་བཀའ་འབྲེལ་ལྟར་ཛ་དྲག་ངང་ཚོགས་ཡོད་པ་རེད་འདུག༸གོང་ས་མཆོག་གི་༸སྐུ་ཕྱཱའི་ཞབས་རིམ་དེའི་ཐད་བལ་ཡུལ་དགེ་ལུགས་དགོན་ཁག་བཅུ་དང་རྙིང་མའི་དགོན་པ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དགོན་པ། འཇམ་མགོན་ཀོང་སྤྲུལ་བཀའ་བརྒྱུད་དགོན་པ་བཅས་ཀྱི་སྐུ་ཚབ་དང་དགེ་འདུན་པ་ཐོུང་ནས་ཞབས་རིམ་སྒྲུབ་གནང་ཡོད་པ་མ་ཟད། ཞབས་རིམ་གསོག་སྒྲུབ་དེའི་སྐབས་སུ་གྲྭ་བཙུན་ཞལ་གྲངས་ ༨༠༠ ལྷག་ནས་མཉམ་ཞུགས་གནང་འདུགདེ་དང་ཕྱོགས་མཚུངས་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས་གུ་རུ་རིན་པོ་ཆེའི་གོས་སྐུ་ཆེན་པོ་ཞིག་གསར་བཞེངས་དང་འབྲེལ་ཀོ་པན་གྲྭ་བཙུན་ཐོུང་ནས་ལོ་ལྟར་ཀོ་པན་བཙུན་དགོན་དུ་བོད་བསྟན་སྲིད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱཱའི་ཞབས་རིམ་ཆེད་དུ་གུ་རུའི་འབུམ་ཚོགས་ཤིག་ལོ་ལྟར་ཚོགས་སྲོལ་ཡོད་པ་དང་ད་བར་ལོ་ངོ་གསུམ་ཙམ་སོང་ཡོད་པ་རེད། བལ་ཡུལ་དོན་གཅོད་ལས་ཁུངས་ནས་འགན་ཁུར་འོག་ལོ་ལྟར་བལ་ཡུལ་ཞེ་ཆེན་དགོན་པའི་ནང་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་དང་མང་ཚོགས་བཅས་སྟོང་ཕྲག་བརྒལ་བ་མཉམ་ཞུགས་ཀྱིས་དུས་ཡུན་བདུན་ཕྲག་གཅིག་ཙམ་གྱི་རིང་བོད་བསྟན་སྲིད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་བླ་ཆེན་རྣམས་ཀྱི་༸སྐུ་ཚེ་མཛད་འཕྲིན་ཕྱིར་དུ་གུ་རུའི་འབུམ་ཚོགས་ཤིག་ཀྱང་བོད་ཟླ་ལྔ་པའི་ནང་ཚོགས་སྲོལ་ཡོད་པ་རེད།

རྒྱ་གར་གཞུང་གིས་དགོས་པ་རྒྱུ་མཚན་ཞིག་ལ་གཟིགས་ནས་༸གོང་ས་མཆོག་དང་ཞི་ཅིན་ཕིང་རྣམ་གཉིས་ཀྱི་མཇལ་འཕྲད་ལ་དགག་པ་གནང་ཡོད་སྲིད་པ་རེད།

ཉེ་ཆར་ཟླ་ ༥ ཚེས་ ༡༥ ཉིན་རྒྱ་གར་གྱི་ NDTV གསར་ཁང་གི་དྲྭ་གནས་ཐོག་གསར་ཁང་གི་རྩོམ་སྒྲིག་འགན་འཛིན་ Sonia Singh ལགས་ཀྱིས་རྩོམ་བྲིས་གནང་བའི་དཔེ་དེབ་གསར་པ་ Defining India: Through Their Eyes ཞེས་པ་ལས་ཟུར་འདོན་གྱིས་གནས་ཚུལ་སྤེལ་བའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་ Sonia Singh ལགས་ཀྱི་བཅར་འདྲིའི་ལས་རིམ་ཞིག་གི་ཐོག་རྒྱ་གར་གྱི་སྲིད་བློན་རྣམ་པ། རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་དང་དེའི་བར་གྱི་བོད་བཅས་ཀྱི་ཐོག་བཀའ་ལན་མཛད་པའི་ཁྲོད་དུ་ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དུ་གཞུང་འབྲེལ་འཚམས་གཟིགས་ཕེབས་སྐབས་སྲིད་འཛིན་ཞི་ཅིན་ཕིང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་རྒྱ་གར་ནང་མཇལ་འཕྲད་ཞུ་རྒྱུར་མོས་མཐུན་གནང་ཡོད་ཀྱང་། རྒྱ་གར་གཞུང་གིས་དེར་དོགས་ཟོན་གནང་སྟབས་ཕྱོགས་གཉིས་དབར་གྱི་མཇལ་འཕྲད་གནང་ཐུབ་མེད་ཅེས་བཀའ་ལན་བསྩལ་སྐོར་བཀོད་ཡོད་པ་རེད། གནས་ཚུལ་དེ་དང་འབྲེལ་ཁ་སང་རྒྱལ་སྤྱིའི་གསར་ཁང་ཆེ་གྲས་ The Guardian ཞེས་པའི་དྲྭ་གནས་ཐོག་གསར་ཁང་གི་ལྷོ་ཨེ་ཤ་ཡ་མངའ་ཁུལ་གྱི་གསར་འགོད་པ་ Michael Safi ལགས་དང་རྒྱ་ནག་སྡེ་ཚན་གྱི་གསར་འགོད་པ་ Lily Kuo ལགས་གཉིས་ཀྱིས་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་ནང་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་དབུས་གཞུང་ལ་བོད་ཀྱི་གནད་དོན་ཐོག་སློབ་སྟོན་ཞུ་མཁན་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་སྐུ་ཞབས་ Amitabh Mathur ལགས་ནས་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་རྒྱ་གར་ནང་མཇལ་འཕྲད་གནང་འདོད་ཡོད་སྐོར་གྱི་གནས་ཚུལ་གང་འཚམ་ཞིག་གོ་ཐོས་བྱུང་ཡང་། ཕྱོགས་གཉིས་དབར་གྱི་མཇལ་འཕྲད་དེ་མོས་མཐུན་བྱུང་ཡོད་མེད་དང་དེར་རྒྱ་གར་གཞུང་ནས་ཐེ་བྱུས་གནང་ཡོད་མེད་ཀྱི་ཐད་ལ་ཤེས་རྟོགས་གང་ཡང་མ་བྱུང་ཞེས་གསུངས་པ་དང་ཆབས་ཅིག གལ་སྲིད་རྒྱ་གར་གཞུང་ནས་སྐབས་དེའི་མཇལ་འཕྲད་ལ་དགག་པ་གནང་བའི་དབང་དུ་བཏང་ཚེ་རྒྱ་གར་གཞུང་གིས་དགོས་པ་རྒྱུ་མཚན་ཞིག་ལ་གཟིགས་ནས་༸གོང་ས་མཆོག་དང་ཞི་ཅིན་ཕིང་རྣམ་གཉིས་ཀྱི་མཇལ་འཕྲད་ལ་དགག་པ་གནང་ཡོད་སྲིད་པ་རེད་ཅེས་གསུངས་འདུག ཁོང་གིས་ད་དུང་ཕྱི་ལོ་ ༢༠༡༤ ལོར་སྲིད་བློན་ Narendra Modi མཆོག་གིས་དབུ་ཁྲིད་པའི་རྒྱ་གར་གཞུང་དེ་ཡང་གཞུང་འཛིན་གསར་པ་ཞིག་ཡིན་པ་མ་ཟད། སྲིད་འཛིན་ཞི་ཅིན་ཕིང་ཡང་རྒྱ་གར་ནང་ལ་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་ཕེབས་ཀྱི་ཡོད་སྟབས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ལ་དོ་ཕོག་མི་འགྲོ་བའི་སླད་དུ་རྒྱ་གར་གྱིས་དགག་པ་གནང་བ་ཞིག་ཡིན་སྲིད་པ་དང་། སྐབས་དེར་རྒྱ་ནག་ཕྱོགས་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་མོས་མཐུན་གནང་བ་དེ་ནི་རྒྱ་ནག་གི་སྔོན་ཚུད་ནས་རྒྱ་གར་གཞུང་ནས་མཇལ་འཕྲད་དེར་དགག་པ་གནང་རྒྱུ་ཡིན་པ་ཤེས་པའི་ཐོག་ནས་མོས་མཐུན་གནང་བ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་བསྒྲུབ་ཐབས་སུ་རྒྱ་གར་གཞུང་དང་བོད་མིའི་དབུ་ཁྲིད་དབར་གྱི་འབྲེལ་བ་ལ་དོ་ཕོག་གཏོང་རྒྱུར་དམིགས་ཡོད་སྲིད་པ་རེད་ཅེས་ཀྱང་གསུངས་འདུག དེ་བཞིན་ཨ་རིའི་ Columbia གཙུག་ལག་སློབ་གཉེར་ཁང་གི་བོད་གནས་མཁས་དབང་སྐུ་ཞབས་ Robbie Barnett ལགས་ནས་སྤྱི་ཡོངས་ནས་རྒྱ་ནག་གྱི་མགོ་འཁྲིད་ཁྲོད་ལ་༸གོང་ས་མཆོག་དང་མཇལ་འཕྲད་གནང་འདོད་ཀྱི་རྣམ་པ་དང་བཀའ་མོལ་གང་ཡང་མཐོང་ཐོས་མ་བྱུང་ཡང་། གལ་སྲིད་གསར་འགོད་པ་ Sonia Singh ལགས་ཀྱིས་ལུང་འདྲེན་གནང་བའི་བཀའ་མོལ་དེ་ངོ་མ་ཡིན་ཚེ་བོད་རྒྱའི་གནད་དོན་ཐད་ཀྱི་འགྱུར་བ་ཆེན་པོ་ཞིག་ཡིན་པ་དང་དེ་ཡང་གཙོ་བོ་ད་བར་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། གོ་སྐབས་ནམ་བྱུང་ཐོག་༸གོང་ས་མཆོག་ལ་མཚན་དམད་ཞུ་བཞིན་པའི་ལས་དོན་བཅས་ལ་འགྱུར་བ་ངེས་ཅན་ཞིག་ཐེབས་རྒྱུ་རེད་ཅེས་གསུངས་འདུག༸གོང་ས་མཆོག་གིས་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་འཕྲད་སྐོར་གསུངས་པ་དེ་ནི་བོད་རྒྱའི་དབར་གྱི་འབྲེལ་མོལ་གྱི་བརྒྱུད་རིམ་ཆད་བཞིན་ཡོད་ཀྱང་རེ་བ་ཅིག་ད་ལྟའང་ཟད་མེད་པའི་རྣམ་པ་མངོན་གསལ་གནང་ཕྱིར་གསུངས་ཡོད་པ་ཞིག་ཡིན་སྲིད་པར་གསུངས་ཡོད།གཞི་རྩའི་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་གནང་རྒྱུའི་སྐོར་གྱི་གནས་ཚུལ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་ Sonia Singh ལགས་ཀྱི་བཅར་འདྲིར་བཀའ་ལན་བསྩལ་བའི་ཆ་ཤས་ཤིག་ཞིག་ཡིན་པ་དང་། གནད་དོན་དེའི་ཐད་ད་ལྟའི་ཆར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བཤད་གང་ཡང་གནང་མེད་ཀྱང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ The Guardian གསར་ཁང་གི་བཅར་འདྲིར་ལན་འདེབས་བྱས་པར་དབུ་འཁྲིད་རྣམ་གཉིས་མཇལ་འཕྲད་གནང་རྒྱུའི་སྐོར་གྱི་གནས་ཚུལ་དེ་ནི་གཞི་རྩ་མེད་པའི་གནས་ཚུལ་ཞིག་རེད་ཅེས་ཁས་ལེན་གནང་མེད་པ་རེད། འོན་ཀྱང་གསར་འགོད་པ་ Sonia Singh ལགས་ཀྱིས་སྐབས་དེར་༸གོང་ས་མཆོག་གི་བཀའ་ལན་དེ་ལྟར་མཛད་ཡོད་པ་མ་ཟད། ད་རེས་ཁོང་གི་དཔེ་དེབ་ནང་བཀོད་པའི་བཀའ་ལན་གྱི་ཆ་ཤས་དེ་༸གོང་ས་མཆོག་གི་༸སྐུ་སྒེར་ཡིག་ཚང་ནས་བཀའ་ཁྲོལ་ཡོད་པའི་ཐོག་ནས་ཆེད་བཀོད་གནང་བ་ཞིག་ཡིན་ཞེས་གསུངས་འདུག དེ་བཞིན་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་འཕྲད་སྐོར་གྱི་གནས་ཚུལ་དང་འབྲེལ། འཇར་མན་གནས་ཞུགས་རྒྱ་ནག་གི་བོད་དང་ཤིན་ཅང་གཙོ་གྱུར་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་དཔྱད་ཞིབ་གནང་མཁན་སྐུ་ཞབས་ Adrian Zenz ལགས་ནས་སྲིད་འཛིན་ཞི་ཅིན་ཕིང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་མོས་མཐུན་གནང་ཡོད་ཚེ་དེ་ནི་གཙོ་བོ་རྒྱ་ནག་རང་ཉིད་ལ་༸གོང་ས་མཆོག་གི་མཚན་མཐོང་བརྒྱུད་རྒྱལ་སྤྱིའི་ཐོག་ལ་འཇམ་པོའི་སྟོབས་ཤུགས་ཐོབ་ཐབས་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༣ ལོའི་ལོ་མཇུག་ཙམ་དུ་སྲིད་འཛིན་ཞི་ཅིན་ཕིང་གིས་ཡོངས་བསྒྲགས་གནང་བའི་རྒྱུད་ཅིག་ལམ་གཅིག་གི་སྲིད་བྱུས་དེར་མང་ཚོགས་ནས་སེམས་གསོའི་རྒྱབ་སྐྱོར་ཐོབ་ཐབས་ཀྱི་དགེ་མཚན་སོགས་ལ་ཆེད་དམིགས་གནང་བ་ཞིག་རེད་ཅེས་གསུངས་འདུགསྔར་ལོ་རྒྱ་གར་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་ས་ལྡི་ལིར་གོ་སྒྲིག་ཞུས་པའི་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་གཞུང་གྱི་གནད་ཡོད་མི་ན་མཉམ་ཞུགས་གནང་མི་ཆོག་པའི་བཀའ་རྒྱ་གནང་བ་སོགས་ལུང་འདྲེན་དང་འབྲེལ་ཏེ་སྤྱིར་རྒྱ་གར་གཞུང་ནས་༸གོང་ས་མཆོག་དང་བོད་མིར་བསྐྱབ་བཅོལ་གནང་ཡོད་ཀྱང་། བོད་ཀྱི་གནད་དོན་ཐོག་འཛེམ་ཟོན་མེད་པར་གསུང་ཕོད་མཁན་ཞིག་མིན་པ་མ་ཟད་བོད་དང་རྒྱ་ནག་གཉིས་ལས་རྒྱ་ནག་དེ་གནད་ཆེ་བར་འཛིན་མཁན་ཞིག་རེད་ཅེས་གསུངས་འདུག གཞི་རྩའི་གསར་འགོད་པ་ Sonia Singh ལགས་ཀྱིས་རྩོམ་བྲིས་གནང་བའི་དཔེ་དེབ་གསར་པ་ Defining India ཞེས་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ནེཧརུ་ནས་གཙོས་པའི་གཞུང་རིམ་པས་བོད་མིར་གཟིགས་རྟོག་གནང་སྐོར་བཀའ་ལན་མཛད་པ་སོགས་ཀྱང་བཀོད་ཡོད་པ་རེད།

ཝི་ཏི་ནམ་དད་ལྡན་ ༡༣༠ ལྷག་ལ་ནང་ཆོས་དང་འགྲོ་བ་མིའི་རིན་ཐང་སྐོར་ལ་བཀའ་སློབ་བསྩལ་བ།  

དེ་རིང་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་དུ་ཝི་ཏི་ནམ་ནས་ཆེད་བཅར་ཞུས་པའི་ཚོང་པ་དང་སྒྱུ་རྩལ་བ། ཤེས་ཡོན་ཅན་སོགས་དད་ལྡན་མི་སྣ་ ༡༣༠ ལྷག་ལ་ནང་ཆོས་དང་དད་འགྲོ་བ་མིའི་རིན་ཐང་སྐོར་ལ་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུས་པར་བཀའ་ལན་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བསྐྱེད་དམ་བཅའ་གསུམ་ལས་ཆོས་ལུགས་མཐུན་འབྲེལ་དང་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་མཛད་ཐབས་སྐོར་ངོ་སྤྲོད་མཛད་པ་དང་ཆབས་ཅིག དེང་སྐབས་འཛམ་གླིང་ཐོག་ཡོད་པའི་འགྲོ་བ་མི་རྣམས་ལ་འཕྲད་བཞིན་པའི་སྡུག་བསྔལ་མང་པོ་ཞིག་སེམས་ཀྱི་འགྲོ་སྟངས་ཡག་པོ་མ་ཤེས་པའི་དབང་གིས་ཡོང་གི་ཡོད་པ་དང་། ལྷག་པར་དུ་དུས་རབས་ ༢༡ འདིའི་ནང་འཕྲད་བཞིན་པའི་བཀའ་རྙོག་མང་ཆེ་བ་འགྲོ་བ་མིས་བཟོས་པ་ཞིག་ཡིན་སྟབས། ཆོས་དད་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མི་རྣམས་ཨ་མས་བྱམས་བརྩེས་བསྐྱངས་པའི་ཐོག་ནས་འཚར་ལོངས་བྱུང་བ་འབའ་ཞིག་ཡིན་པས་རང་ཆས་སུ་ཡོད་པའི་བྱམས་བརྩེའི་བསམ་པ་དེ་གོང་མཐོར་གཏོང་དགོས་པ་དང་། ཁྱད་པར་དུ་དུས་རབས་ ༢༡ པ་འདི་བྱམས་བརྩེ་དང་ལྡན་པའི་དུས་རབས་ཤིག་ཏུ་བསྐྲུན་དགོས་པར་བཀའ་ནན་བསྩལ་འདུགརླུང་འཕྲིན་ཁང་གིས་བཀའ་སློབ་ཀྱི་ལས་རིམ་ཐོག་༸སྐུའི་གསུང་སྒྱུར་གནང་མཁན་བཙུན་མ་བསྟན་འཛིན་དབྱངས་ཅན་ལགས་སུ་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་གཙོ་བོ་གང་བསྩལ་སྐོར་བཅར་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་ནས་གཙོ་བོ་ཝི་ཏི་ནམ་དེ་ནང་པའི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་སྟབས། གཞོན་སྐྱེས་ཚོས་ནང་ཆོས་ལ་དམིགས་བསལ་གྱིས་དོ་སྣང་གནང་ཐོག་སློབ་གཉེར་གནང་བ་ཙམ་མིན་པར་ཤེས་ཡོན་གྱི་ལམ་ལུགས་ནང་ནང་ཆོས་ཀྱི་སློབ་ཚན་གཏན་འབེབས་གནང་དགོས་པའི་སྐུལ་ལྩག་མཛད་ཡོད་པ་གསུངས་སོང་།བཀའ་སློབ་ཀྱི་མཛད་རིམ་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པ་ལྕམ་ HUYNH THAI ལགས་ཀྱིས་ད་རེས་ཝི་ཏི་ནམ་དད་ལྡན་ཆོས་ཞུ་བ་རྣམས་ལ་སླར་༸གོང་ས་མཆོག་གི་དྲུང་ནས་ནང་ཆོས་སྐོར་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་ལྷག་དོན་༸གང་ཉིད་མཆོག་གིས་དེ་རིང་བཀའ་སློབ་བསྩལ་བ་འདིའི་ཐོག་ནས་རང་ཉིད་ཀྱི་མི་ཚེ་དོན་ལྡན་བསྐྱེལ་བར་ཕན་ཐོགས་ཆེན་པོ་བྱུང་ཞེས་གསུངས་ཡོད།

སུད་ཌེན་ནང་འཚོགས་གཏན་ཁེལ་བའི་རྒྱལ་ཚོགས་ཀྱི་ལས་རིམ་ཞིག་ཕྱིར་འཐེན།

ཉེ་ཆར་ Sweden གྱི་རྒྱལ་ས་ Stockholm ནང་འཚོགས་གཏན་ཁེལ་བའི་ Stand Up for Human Rights ཞེས་པའི་རྒྱལ་ཚོགས་ཀྱི་ལས་རིམ་ཞིག་གི་ཐོག་པར་རིས་འགྲེམས་སྟོན་གནང་འདུག་པ་དང་། ནོ་སྦེལ་ཞི་བདེའི་དེད་དཔོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཆེན་ Ai Wei Wei ལགས་རྣམ་གཉིས་ཀྱི་སྐུ་པར་འགྲེམས་སྟོན་གནང་འཆར་ཡོད་སྟབས། ས་གནས་རྒྱ་ནག་གཞུང་ཚབ་ཁང་གིས་སྐྱོན་བརྗོན་བྱས་ཡོད་རྐྱེན་རྒྱལ་ཚོགས་ཀྱི་ལས་རིམ་དེ་ཚོགས་ལ་ཉེ་བའི་ཆུ་ཚོད་གཉིས་ཀྱི་སྔོན་ལ་ཕྱིར་འཐེན་གནང་བའི་གནས་ཚུལ་ཐོན་འདུགཉེ་ཆར་ཕྱི་ཚེས་ ༡༧ ཉིན་ SVT Nyheter ཞེས་པའི་ Sweden རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་ལམ་གྱི་དྲྭ་གནས་ཐོག་བདུན་ཕྲག་སྔོན་མའི་རེས་གཟའ་ཟླ་བའི་ཉིན་ Stockholm ནང་ UNDP ཞེས་པའི་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་ལས་གཞི་ཚན་པས་གོ་སྒྲིག་འོག་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ལོངས་ཤོག་ཞེས་པའི་མིང་བྱང་འོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོ་ཞིག་འཚོགས་གཏན་ཁེལ་ཡོད་པ་དང། མཛད་སྒོའི་ལས་རིམ་ཁྲོད་ལམ་ལྷོང་ལྡན་པའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་བ་མཚོན་ཆེད་དུ་པར་རིས་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་དང། དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ Ai Wei Wei ལགས་རྣམ་གཉིས་ཀྱིས་གཙོས་པའི་འཛམ་གླིང་མི་སྣ་ ༩༠ ཡི་ཚོན་ཁྲ་མེད་པའི་པར་རིས་བཤམ་སྟོན་གནང་གཏན་ཁེལ་ཡོད་པ་རེད། འོན་ཏང་མཛད་སྒོ་མ་ཚོགས་པའི་ཆུ་ཚོད་གཉིས་ཙམ་གྱི་སྔོན་ཚུད་ནས་ཚོགས་བཅར་བ་ཡོངས་ལ་མཛད་སྒོ་དེ་ཕྱིར་འཐེན་གནང་རྒྱུའི་བརྡ་འཕྲིན་གནང་ཡོད་ འདུག གནས་ཚུལ་ཡོང་ཁག་གཉིས་ཀྱིས་ Swedish བརྙན་འཕྲིན་བརྒྱུད་ལམ་ལ་བརྗོད་པར་གཞིགས་ན་ Sweden ས་གནས་རྒྱ་ནག་གཞུང་ཚབ་ཁང་གི་མི་སྣས་འགྲེམ་སྟོན་ནང་༸གོང་ས་མཆོག་དང་ Ai Wei Wei ལགས་རྣམ་གཉིས་ཀྱི་༸སྐུ་པར་སྒྲིག་གཤོམ་ལ་སྐྱོན་བརྗོད་བྱས་རྐྱེན་མཛད་སྒོ་དེ་ཕྱིར་འཐེན་གནང་ཡིན་པར་གསུངས་འདུག དེ་བཞིན་མཛད་སྒོ་གོ་སྒྲིག་གནང་མཁན་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་ལས་གཞི་ཚན་པའི་ Nordic ས་ཁུལ་གྱི་ངེས་སྟོན་པ་ལྕམ་ Camilla Bruckner ལགས་ཀྱིས་འགྲེམས་སྟོན་ཐོག་པར་རིས་འདེམས་ཕྱོགས་ཐད་ལ་གསལ་ཁ་མེད་རྐྱེན་དང། པར་རིས་སྒྱུ་རྩལ་བ་དེ་དག་གི་རང་དབང་སྲུང་སྐྱོབ་ཆེད་དུ་མཛད་སྒོ་དེ་ཕྱིར་འཐེན་གནང་ཡིན་པ་དང། དེའི་ཐོག་དགོངས་ཚུལ་གནང་མཁན་མང་པོ་བྱུང་ཡོད་ཀྱང། ཁོང་རྣམས་ཀྱི་ངོས་ནས་མཛད་སྒོ་བརྒྱུད་འགྲོ་བ་མིའི་ཐོབ་ཐང་གི་བརྡ་ལན་གྱི་གནད་འགག་ལ་དོ་ཕོག་མི་འགྲོ་བའི་ཆེད་དུ་དེ་ལྟར་གནང་ཡིན་སྐོར་གསུངས་འདུག འོན་ཀྱང་ཁོང་གིས་མཛད་སྒོ་དེ་ཕྱིར་འཐེན་གནང་རྒྱུའི་རྒྱབ་ཏུ་རྒྱ་གཞུང་གི་མི་སྣ་ཡོད་མེད་སྐོར་འགྲེལ་བརྗོད་གང་ཡང་གནང་མི་འདུག དེ་བཞིན་པར་རིས་སྒྱུ་རྩལ་བ་ Albert Wiking དང་ Oscar Edlund གཉིས་ཀྱིས་གླེང་མོལ་གྱི་ལས་རིམ་ཐོག་ཁོང་གཉིས་ཀྱི་པར་རིས་འགྲེམས་སྟོན་དེ་ཕྱི་ལོ་ ༢༠༡༦ ལོ་ནས་དབུ་འཛུགས་གནང་བ་ལྟར་ད་བར་ སུད་ཌེན་གྱི་ས་གནས་འདྲ་མིན་བརྒྱད་ནང་གཟིགས་འབུལ་ཞུས་ཡོད་པ་དང། འགྲེམས་སྟོན་ཐོག་པར་གང་དང་གང་གཟིགས་འབུལ་དགོས་མིན་གྱི་ཐག་གཅོད་གནང་རྒྱུའི་ཐོབ་ཐང་དེ་ཁོང་རྣམ་གཉིས་ལ་ཡོད་པ་མ་གཏོགས་གཞན་སུ་ལའང་མེད་ཅེས་གསུངས་འདུག

  ༸གོང་ས་མཆོག་གིས་ཨོ་གླིང་གི་སྲིད་བློན་སྐུ་ཞབས་ Scott Morrison མཆོག་ལ་འཚམས་འཕྲིན་བསྩལ་བ།

ཁ་ཉིན་ཚེས་ ༡༨ ཉིན་ཨོ་གླིང་དུ་རྒྱལ་ཡོངས་ཀྱི་འོས་བསྡུ་གནང་ནས་ Liberal Coalition party ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་ཡོད་སྟབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་གླིང་གི་སྲིད་བློན་སྐུ་ཞབས་ Scott Morrison མཆོག་ལ་དགའ་བསུའི་འཚམས་འཕྲིན་བསྩལ་འདུག་པ་དང་། དེའི་ནང་མགོན་པོ་༸གང་ཉིད་མཆོག་ལོ་ངོ་བཅུ་ཕྲག་བཞིའི་རིང་ཨོ་གླིང་གི་ས་ཕྱོགས་གང་སར་ཆིབས་བསྒྱུར་བསྐྱངས་པའི་ཁྲོད་ཨོ་གླིང་མི་མང་གི་གུ་ཡངས་དང་མཛའ་བརྩེས་༸གོང་ས་མཆོག་ལ་ཐུགས་འགུལ་ཐེབས་ཡོད་པར་བཀའ་བསྩལ་འདུག ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་ཐོག་འགྲོ་བ་མི་རྣམས་གཅིག་གྱུར་གྱི་འདུ་ཤེས་དང་ཆོས་ལུགས་མཐུན་སྒྲིལ་གྱི་རིན་ཐང་གོང་སྤེལ་མཛད་ཀྱི་ཡོད་སྟབས་ཨོ་གླིང་མི་མང་གི་ངོས་ནས་༸གང་ཉིད་མཆོག་གི་མཛད་འཆར་ལ་དགའ་མགུ་དང་སྤྲོ་སེམས་མངོན་པར་གནང་བ་དེས་ཐུགས་བསྐྱེད་གསར་པ་ཞིག་འཁྲུངས་ཡོད་པར་བཀའ་བསྩལ་འདུགདེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཨོ་གླིང་མི་མང་གིས་དུས་རྒྱུན་ནས་ད་ལྟའི་བོད་མིའི་གནས་སྟངས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བཞིན་པར་བཀྲིན་ཆེ་ཞེས་བཀའ་བསྩལ་བ་དང་སྦྲགས། སྲིད་བློན་མཆོག་ནས་ཕྱག་ལས་ཇི་གནང་ཐམས་ཅད་ལམ་ལྷོངས་ཡོང་བ་དང་ཨོ་གླིང་གི་མི་མང་གི་མངོན་འདོད་རྣམས་བསྒྲུབ་ཐུབ་པའི་ཐུགས་སྨོན་བཅས་མཛད་འདུག དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་ཨོ་གླིང་གི་རྒྱལ་ཡོངས་འོས་བསྡུའི་ཁྲོད་སྲིད་བློན་སྐུ་ཞབས་ Scott Morrison མཆོག་གིས་དབུ་ཁྲིད་པའི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པར་འཚམས་འཕྲིན་གནང་བ་མ་ཟད། ཨོ་གླིང་མི་མང་དང་སྲིད་གཞུང་གིས་ཆབ་སྲིད་བཙོན་ཟུར་མཚོན་པའི་བོད་མི་ ༣༢༠༠ ཙམ་སྐྱབས་བཅོལ་དུ་བཞེས་ཡོད་པ་དེ་ནི་མིག་དཔེར་འོས་པའི་རྒྱབ་སྐྱོར་ཆེ་ཤོས་ཤིག་ཡིན་པར་གསུངས་ཏེ་ཨོ་གླིང་མི་མང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུས་འདུག  སླད་མར་སྲིད་གཞུང་གསར་པའི་ངོས་ནས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་དེ་སྔ་བཞིན་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་འདུག

༸གོང་ས་མཆོག་ཨུ་རུ་སུར་ཆིབས་བསྒྱུར་མཛད་རྒྱུར་བཀག་སྡོམ་མེད།  

ཨུ་རུ་སུའི་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ Vladimir Putin མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨུ་རུ་སུར་ཆིབས་བསྒྱུར་མཛད་པར་བཀག་སྡོམ་མེད་ཅེས་གསུངས་འདུག ཁ་ཉིན་ཕྱི་ཚེས་ ༡༦ བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ཚེ་རེས་གཟའ་ཕུར་བུ་ཉིན་སྲིད་འཛིན་མཆོག་ནས་ All-Russia People's Front ཞེས་པའི་ཆབ་སྲིད་ཚོགས་པའི་ལས་འགུལ་བ་དང་མཇལ་འཕྲད་གནང་སྐབས་ཚོགས་མི་ཞིག་གིས་སླད་མར་ཨུ་རུ་སུ་ནང་༸གོང་ས་མཆོག་གདན་འདྲེན་ཞུ་འཆར་ཡོད་མེད་བཀའ་འདྲི་ཞུས་པར་སྲིད་འཛིན་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ཨུ་རུ་སུར་ཆིབས་བསྒྱུར་བསྐྱང་པར་བཀག་སྡོམ་གང་ཡང་མེད་པ་དང་། སྤྱིར་བཏང་ཨུ་རུ་སུ་ནང་ནང་པ་དེ་ཙམ་མེད་པ་ཀྱང་ཨུ་རུ་སུ་གཞུང་གི་ངོས་ནས་ཡི་ཤུ་དང་འཇིའུ། ཁ་ཆེ་སོགས་ཆོས་ལུགས་འདྲ་མིན་ལ་དབྱེ་འབྱེད་གང་ཡང་གནང་གི་མེད་ཅེས་གསུངས་འདུགཁོང་གིས་ད་དུང་འཛམ་བུ་གླིང་ནང་ནང་པ་མང་པོ་ཡོད་པའི་རྒྱལ་ཁབ་ཁག་གཅིག་ཡོད་ཀྱང་རྒྱལ་ཁབ་དེ་དག་དང་༸གོང་ས་མཆོག་དབར་གྱི་འབྲེལ་ལམ་དེ་ཙམ་ཡག་པོ་མེད་པ་དང་འབྲེལ། ང་ཚོས་སླད་མར་༸གོང་ས་མཆོག་ཨུ་རུ་སུ་ནང་གདན་འདྲེན་ཞུ་བར་དགོངས་བཞེས་གནང་ངེས་ཡིན་ཞེས་གསུངས་འདུག རྩ་བའི་སྔ་ལོར་ཨུ་རུ་སུའི་ཁྱབ་ཁོངས་ཀལ་མུག་སྤྱི་མཐུན་རྒྱལ་ཁབ་ནས་རུ་སུའི་གཞུང་ལ་མགོན་པོ་༸གང་ཉིད་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་རྒྱུའི་ཆོག་མཆན་རིམ་པ་ཞུས་ཡོད་ཀྱང་། རུ་སུ་དང་རྒྱ་ནག་གཉིས་ཀྱི་ཆབ་སྲིད་ཀྱི་གནད་དོན་ལ་བརྟེན་ནས་མགོན་པོ་༸གང་ཉིད་མཆོག་ཁུལ་དེར་འདས་པའི་ལོ་ངོ་ ༡༥ ནང་གདན་འདྲེན་ཞུ་ཐུབ་མེད་པ་རེད། སྤྱིར་ཨུ་རུ་སུ་ཁྱབ་ཁོངས་ནང་ Kalmykia དང་། Tuva དེ་བཞིན་ Buriyat སྤྱི་མཐུན་རྒྱལ་ཁབ་ནང་བོད་བརྒྱུད་ནང་བསྟན་གཅིག་འགྱུར་ཉམས་ལེན་གནང་གི་ཡོད་པ་ལྟར། ཉེ་ལམ་བཞུགས་སྒར་དུ་ཚེས་ ༡༠ ནས་ ༡༢ བར་ཨུ་རུ་སུའི་ནང་པས་༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གང་ཉིད་མཆོག་གིས་ཁུལ་དེའི་མང་ཚོགས་ ༡༠༠༠ བརྒལ་བར་རྒྱུད་བླ་མ་དང་ལམ་གཙོ་རྣམ་གསུམ། དེ་བཞིན་བྱང་སེམས་སྡོམ་པ་འབོག་ཆོག་བསྩལ་ཡོད་པ་རེད། ༸གོང་ས་མཆོག་དགུང་ལོའི་བབས་དང་༸སྐུའི་འཕྲོད་བཞེས་ལ་བརྟེན་ནས་མང་ཚོགས་ནས་མཛད་འཆར་ཉུང་འཕྲི་གནང་དགོས་པའི་དགོངས་འཆར་ཡང་ཡང་ཕུལ་བ་བཞིན་རུ་སུའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ཀྱང་ཉེ་ལམ་ཨུ་རུ་སུའི་ནང་པ་ཚོའི་སླད་བཀའ་ཆོས་བསྩལ་གནང་ཡོང་བའི་སྐྱབས་འཇུག་གསོལ་འདེབས་ཞུ་རྒྱུ་ད་རེས་འདི་མཐའ་མ་ཡིན་ཞེས་གསུངས་ཡོད།

༸གོང་མཆོག་གིས་དགུང་ལོ་ ༡༡༠ ལྷག་༸སྐུ་འཚོ་བཞུགས་ཐུབ་པའི་ཐུགས་སྨོན་མཛད་བཞིན་ཡོད་པ་བཀའ་བསྩལ་བ།

དེ་རིང་བོད་ཚེས་ ༡༤ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་རྐང་འགན་བཞེས་ཐོག་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་གཞིས་བྱེས་ལྷ་མི་ཡོངས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཆོས་ཚན་ཁོངས་བཞུགས་ཚེ་དཔག་མེད་དྭགས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།  སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ལ་སྔོན་གྱི་ལྷ་དང་བླ་མས་བཀའ་ལུང་བསྩལ་དོན་ལྟར་༸སྐུའི་འཕྲོད་བཞེས་ཡག་པོ་བྱུང་ཚེ་དགུང་གྲངས་ ༡༡༠ བར་༸སྐུ་འཚོ་ཐུབ་རྒྱུར་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་བསྩལ་སོང་།དེ་རིང་ཟླ་ ༥ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཚོུད་  ༨ ཡོལཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག  བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་བཅས་ཀྱིས་སྤོས་སྣེ་དང་བོད་ཀྱི་ཟློས་གར་ཚོགས་པས་བཀྲ་ཤིས་གླུ་དབྱངས་འབུལ་ཐོག་སེར་སྦྲེང་བཅས་ཀྱིས་མངོན་བསུས་ཏེ་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་བདེ་བར་འཁོད་མཚམས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་མཇལ་དར་ཕུལ་བ་དང་སྦྲགས་བརྟན་བཞུགས་ཀྱི་ཆོ་ག་ཁག་གསུང་འདོན་གནང་བ་དང་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཡོད།བརྟན་བཞུགས་ཀྱི་ཆོ་ག་ཁག་གསུང་འདོན་གྲུབ་མཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་བར་སྐབས་༸སྐུའི་སྙུང་གཞི་བཞེས་སྐབས་དེར་བོད་གཞིས་བྱེས་གཉིས་ཙམ་དུ་མ་ཟད། འཛམ་གླིང་གང་ས་ནས་མགོན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ལ་སེམས་འཁྲལ་བྱས་ནས་སྨོན་ལམ་དང་ཞབས་བརྟན་གསོག་སྒྲུབ་གནང་མཁན་མང་པོ་བྱུང་སོང་། རྒྱ་ནག་ནང་ནས་ཀྱང་མང་པོ་བྱུང་། དད་དམ་གཡོ་བ་མེད་པའི་ཐོག་ནས་སྨོན་ལམ་བརྒྱབ་པ་དེས་གཏན་གཏན་ནུས་པ་ངེས་ཅན་ཞིག་ཐོན་ཡོད་སྟབས་ཚང་མར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་སོང་།   ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸རྒྱལ་བ་དགེ་འདུན་གྲུབ་པས་སེམས་ཅན་སྡུག་བསྔག་གིས་མནར་བར་ཕན་ཐོགས་གནང་ས་ཞིག་ཡོད་ན། དེར་འཁྲུངས་པ་མ་གཏོགས་དག་ཞིང་ལ་འཁྲུངས་པའི་དགོངས་པ་མེད་ཅེས་གསུངས་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་དུས་རྟག་ཏུ་ཐུགས་སྨོན་དེ་ལྟར་མཛད་བཞིན་ཡོད་པ་དང་། ཉིན་གཅིག་གཟིམ་ལམ་དུ་མགོན་པོ་༸གང་ཉིད་མཆོག་རྐྱལ་བརྒྱབ་ནས་གཙང་ཆུ་ཞིག་རྒལ་བའི་སྐབས་༸སྐུ་རྒྱབ་ཏུ་༸དཔལ་ལྡན་ལྷ་མོ་བཞོན་ནས་དཔལ་ལྡན་ལྷ་མོས་ཁྱེད་རང་ལོ་ ༡༡༠ བར་འཚོ་ཐུབ་རྒྱུ་རེད་ཅེས་གསུང་པ་ཐུགས་དྲན་གསོ་གནང་མཛད་དེ་ད་ལྟའི་ཆར་མགོན་པོ་མཆོག་༸རྒྱལ་བ་དགེ་འདུན་གྲུབ་པའི་སྐུའི་ཚེ་ཚད་དང་མཉམ་པ་དགུང་གྲངས་ ༨༤ ཟིན་ཡོད་ཀྱང། ༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ཡག་པོ་བྱུང་ཚེ་དགུང་གྲངས་ ༡༡༠ བར་༸སྐུ་འཚོ་བཞུགས་ཐུབ་རྒྱུར་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་བསྩལ་ཡོད།ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཞེད་ཆེན་པོ་གསུམ་ལས་མགོན་པོ་༸གང་ཉིད་མཆོག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་ཀུན་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཕན་པ་སྒྲུབ་བཞིན་ཡོད་པ་དང་། ཆོས་ལུགས་མཐུན་སྒྲིལ་ཐོག་ནས་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་མི་འདྲ་བ་རྣམས་ལ་ལྟ་གྲུབ་མི་འདྲ་ཡོད་ཀྱང་མཐར་ཐུག་གི་དགོས་དམིགས་གཙོ་བོ་སེམས་རྒྱུད་འདུལ་རྒྱུ་གཅིག་མཚུངས་ཡིན་སྟབས། ཆོས་ལུགས་མཐུན་སྒྲིལ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། རིང་མིན་རྒྱལ་ས་ལྡི་ལིར་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་ལྷན་ཚོགས་ཤིག་ཀྱང་འཚོགས་འཆར་ཡོད་པ་བཀའ་བསྩལ་སོང་།ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་བསྟན་སྲིད་སྤྱིའི་ཐོག་བཙན་བྱོལ་དུ་མ་ཕེབས་གོང་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཐུགས་ཁུར་བཞེས་ཡོད་པ་དང་། བཙན་བྱོལ་ནང་ཕེབས་རྗེས་འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་པ་འདི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད་པ་སོགས་དྲན་སྐུལ་མཛད་ཡོད།གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་གཞིས་བྱེས་ལྷ་མི་ཟུང་འབྲེལ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་ལྟར། འདིའི་ཐོག་འཁོན་རིགས་༸དཔལ་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་དབུས་པའི་འཇམ་མགོན་རྒྱལ་བའི་༸རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས། ཏཱའི་སི་ཏུ་རིན་པོ་ཆེ་མཆོག སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག སྔ་འགྱུར་རྙིང་མའི་༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་བཅས་ཆེད་ཕེབས་གནང་འདུག་པ་མ་ཟད། བོད་མི་གནས་ཡུལ་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་སྲི་ཞུ་བ། མང་ཚོགས་བཅས་སྟོང་ཕྲག་ལྷག་ཕེབས་འདུག

Latest news