Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

སོག་པོའི་རུ་ཁག་ཅིག་ལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་སློབ་གཉེར་བྱ་རྒྱུ་གལ་ཆེ་ཡིན་པ་བཀའ་སློབ་བསྩལ་འདུག

ཁ་སང་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་རུ་ཁག་ཅིག་ལ་གསེར་ཞལ་མཇལ་རྒྱུའི་བཀའ་དྲིན་བསྩལ་བ་དང་སྦྲགས། ནཱ་ལེནྡྲའི་ཆོས་བརྒྱུད་ལ་སློབ་གཉེར་བྱ་རྒྱུ་གལ་ཆེ་ཡིན་པ་བཀའ་སློབ་ལམ་སྟོན་མཛད་འདུགམགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་ནཱ་ལེནྡྲའི་ཆོས་བརྒྱུད་ལ་སློབ་གཉེར་གནང་རྒྱུ་གལ་ཆེན་ཡིན་སྟབས་༸རྗེ་རིན་པོ་ཆེས་དེར་སློབ་གཉེར་གནང་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོར་ངོས་འཛིན་གནང་ཡོད་པ་དང་། ལྷག་པར་དུ་༸མགོན་པོ་མཆོག་ནས་རྒྱ་གར་གྱི་ནང་དུ་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་ཆོས་ལ་སློབ་སྦྱོང་བྱ་དགོས་པ་བཀའ་གནང་གི་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག དེ་སྔ་སློབ་གྲྭ་ཁག་གི་ནང་དུ་ཆོས་དགེ་ཞེས་བརྗོད་བཞིན་པ་དེར་བསྒྱུར་བཅོས་མཛད་དེ་ལྟ་གྲུབ་དགེ་རྒན་ཞེས་བཏགས་གནང་མཛད་པ་ཡིན་ཞེས་བཀའ་བསྩལ་འདུག ད་དུང་༸གོང་ས་མཆོག་ནས་སྤྱིར་འཛམ་བུ་གླིང་འདིའི་ནང་གནས་སྡོད་བྱེད་མཁན་ཚང་མར་རང་ཉིད་ལ་ཆོས་བརྒྱུད་དང་དེར་སྨོན་ལམ་སྐྱོན་རྒྱུ་ཡོད་པ་ཞིག་ཡིན་ནའང་། ལྟ་གྲུབ་བསླབ་རྒྱུ་ནི་སྤྱིར་ནང་པ་དང་སྒོས་ནཱ་ལེནྡྲའི་ཆོས་བརྒྱུད་ལ་མ་གཏོགས་མེད་པ་ཞིག་ཡིན་པ་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་མཇལ་ཁར་བཅར་བའི་ནང་དེ་སྔ་གདན་ས་ཆེན་མོའི་ནང་སློབ་གཉེར་གནང་མྱོང་མཁན་གྱི་དགེ་འདུན་པ་ཞིག་ལ་དཔེ་བཞག་གནང་མཛད་དེ་ཁོང་ལྟ་བུ་མིག་དཔེར་འོས་པ་ཞིག་ཡིན་པ་དང་། དེ་སྔ་བོད་ཀྱི་གདན་ས་ཆེན་མོར་སོག་པོའི་དགེ་འདུན་པ་མང་དག་གིས་སློབ་གཉེར་གནང་བའི་ལོ་རྒྱུས་ཡོད་སྐོར་གསུངས་པ་དང་འབྲེལ། ༸གང་ཉིད་མཆོག་གི་གསེར་ཞལ་མཇལ་བར་བཅར་མཁན་ཚོར་ཆོས་ལ་སློབ་གཉེར་གནང་རྒྱུའི་དོ་སྣང་བྱོས་ཞེས་བཀའ་སློབ་ལམ་སྟོན་མཛད་འདུག

རྒྱ་གར་མང་ཚོགས་ཚོས་པ་ཀི་སི་ཏན་གྱི་གསར་འགོད་པས་༸གོང་ས་མཆོག་འཇིགས་སྐུལ་བ་Masood Azhar དང་མཚུངས་བསྡུར་བྱས་པར་སྐྱོན་བརྗོད་ནན་པོ་གནང་བ།

ཁ་ཉིན་ཟླ་ ༣ ཚེས་ ༡༣ ཉིན་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ནས་ལྷན་ཁང་དེའི་སྲིད་དོན་དམ་དྲག་བཀའ་ཆད་ཀྱི་གྲོས་འགོ་ཨང་ ༡༢༦༧ ལག་བསྟར་བརྒྱུད་ Pakistan ནང་ཡོད་པའི་དྲག་སྤྱོད་པ་ Masood Azhar ཞེས་པ་དེ་རྒྱལ་སྤྱིའི་དྲག་སྤྱོད་པ་ཞིག་ཏུ་ངོས་འཛིན་གྱིས་ཉེས་ཆད་ཁག་ཅིག་གཏང་རྒྱུ་བྱས་ཡོད་ཀྱང་། སྐབས་དེར་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་གཏན་འཇགས་ཚོགས་མི་རྒྱལ་ཁབ་རྒྱ་ནག་ནས་གྲོས་གཞི་དེ་ངོས་ལེན་མ་ཞུས་པར་དྲག་སྤྱོད་པ་ Masood Azhar ཞེས་པར་རྒྱབ་སྐོར་བྱས་ཡོད་པ་རེད། རྒྱ་ནག་གི་ Masood Azhar ལ་རྒྱབ་སྐྱོར་བྱེད་དོན་ལས་འཕྲོས་ནས་ཁ་སང་པ་ཀི་སི་ཏན་གྱི་གསར་འགོད་པ་རྒན་གྲས་ Hamid Mir ཡིས་འཕྲུལ་སྒྲ་ཐོག་རྒྱ་ནག་གིས་ Masood Azhar དང་འབྲེལ་བའི་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་གྲོས་གཞི་ལ་ངོ་ལན་ཞུས་མེད་པའི་རྒྱུ་མཚན་གསལ་པོ་རེད། རྒྱ་གར་གྱིས་རྒྱ་ནག་གི་དགྲ་བོ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་འཚོ་སྣོན་སྦྱོར་བཞིན་པས་རེད་ཅེས་དང་། ༸གོང་ས་མཆོག་དྲག་སྤྱོད་པ་ Masood Azhar དང་མཚུངས་བསྡུར་བྱས་ཡོད། ཁོང་གིས་མཚུངས་བསྡུར་བྱས་པའི་བརྗོད་བྱའི་ཐད་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་གསར་འགོད་པ། དེ་བཞིན་མང་ཚོགས་བཅས་ཀྱིས་སེམས་ཚོར་ཆེན་པོས་པ་ཀི་སི་ཏན་གྱི་གསར་འགོད་པ་ Hamid Mir ཡིས་འཛམ་གླིང་ཞི་བདེའི་དེད་དཔོན་ཞིག་འཇིགས་སྐུལ་བ་དང་མཚུངས་བསྡུར་བྱས་པ་དེས་པ་ཀི་སི་ཏན་རྒྱལ་ཁབ་ཀྱི་རང་མདོག་ངོ་མ་དེ་བཏོན་ཡོད་པ་མ་ཟད་གསར་འགོད་པ་ཞིག་ནས་དེ་ལྟར་བྱས་པ་དེ་འུ་ཐུག་ཐབས་ཟད་དང་། གོད་བྲོ་བའི་བྱེད་སྟངས་ཤིག་རེད་ཅེས་སྐྱོན་བརྗོད་དང་ཁ་རྡུང་ནན་པོ་བཏང་འདུག རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ Padma Bhushan བཞེས་མྱོང་མཁན་སྐུ་ཞབས་ David Frawley ལགས་ཀྱིས་རྒྱ་ནག་གིས་ཞི་བདེ་ལ་དགའ་བ་༸གོང་ས་མཆོག་དང་བོད་མིའི་ཐོག་དྲག་གནོན་དང་། དྲག་སྤྱོད་ལ་དགའ་བ་ Masood Azhar ལ་རྒྱབ་སྐྱོར་བྱེད་བཞིན་པ་དེ་ནི་རྒྱ་ནག་གི་བཅོས་མའི་ཐབས་བྱུས་ཤིག་རེད་ཅེས་གསུངས་འདུག དེ་བཞིན་ NDTV གསར་ཁང་གི་གསར་འགོད་པ་རྒན་པ་ Vikram Chandra ལགས་ཀྱིས་རང་ཉིད་ཀྱི་འཕྲུལ་སྒྲ་འམ་ Tweeter ཐོག་ང་ཚོ་རྒྱ་གར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཞུ་བཞིན་པ་དེར་སྤོབས་པ་ཆེན་པོ་ཡོད། པ་ཀི་སི་ཏན་གྱི་འཇིགས་སྐུལ་བ་ Masood Azhar ལ་རྒྱབ་སྐྱོར་བྱེད་བཞིན་དེ་ནི་རྒྱལ་སྤྱིའི་ཐོག་ངོ་ཚ་དགོས་པའི་གནས་གཤིས་ལས་མ་འདས་པ་སོགས་གསུངས་འདུག དེ་རིང་བཞུགས་སྒར་དུ་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པ་ཞིག་གིས་གནད་དོན་དེ་དང་འབྲེལ་ བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཀའ་འདྲི་ཞུས་པར་ཁོང་གིས་པ་ཀི་སི་ཏན་གྱི་གསར་འགོད་པས་མཚུངང་བསྡུར་བྱས་པ་དེ་ནི་དོན་མེད་བྱབ་ཆུང་གི་བྱ་སྤྱོད་ཅིག་རེད་ཅེས་གསུངས་ཡོད།

བཙན་བྱོལ་ནང་མི་ལོ་ ༦༠ འདས་ཟིན་ཀྱང་བཙན་བྱོལ་བ་མི་གོ་ཆོད་པ་ཞིག་བྱས་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་༸རྒྱལ་བའི་ཕོ་བྲང་དུ་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་རྒྱ་རིགས་སྐོར་ཞིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་བར་༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་ནས་ད་ཆ་ལོ་ངོ་ ༦༠ འགྲོ་བཞིན་ཡོད་པ་ལྟར་ཕྱོགས་གཅིག་ནས་ཐུགས་ཕམ་ཆེན་ཡོད་པ་དེ་ལྟར་ཡང་། ཕྱོགས་གཞན་ཞིག་ནས་རྒྱ་གར་འདི་མགོན་པོ་༸གང་ཉིད་མཆོག་གི་ཁྱིམ་ཚང་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་མ་ཟད། བཙན་བྱོལ་དུ་རྒྱལ་སྤྱིའི་མི་སྣ་འདྲ་མིན་དང་ལྷག་པར་དུ་ཚན་རིག་པ། ཆོས་ལུགས་ཀྱི་དབུ་ཁྲིད་འདྲ་མིན་དང་མཇལ་མོལ་བགྲོ་གླེང་རིམ་པ་གནང་བའི་བརྒྱུད་བཙན་བྱོལ་བའི་མི་གོ་ཆོད་པ་ཞིག་བྱས་ཡོད་ཅེས་བཀའ་བསྩལ་སོང་།དེ་རིང་གི་རྒྱ་རིགས་ཚོ་ཁག་དེའི་ནང་གཙོ་བོ་ Citizen power initiatives for China དང་། Sino Tibetan study group དེ་བཞིན་ federation for democratic China བཅས་རྒྱ་ནག་གི་ཚོགས་སྡེ་གསུམ་གྱི་སྐུ་ཚབ་མི་གྲངས་ ༦༠ ཙམ་ཡོད་པ་དང། ཁོང་རྣམས་ད་རེས་ཆེད་མངགས་བཞུགས་སྒར་དུ་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ སྲུང་བརྩི་གནང་བའི་གཞུང་འབྲེལ་མཛད་སྒོའི་ཐོག་ལྷན་ཞུགས་དང་འབྲེལ། བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མཚོན་ཕྱིར་ཆེད་ཕེབས་གནང་བ་ཞིག་རེད།༸གོང་ས་ཆེན་པོ་མཆོག་གིས་ཁོང་རྣམས་ལ་བཙན་བྱོལ་དུ་བོད་མི་འབུམ་གཅིག་ལྷག་ཙམ་ལས་མེད་ཀྱང་རང་ཉིད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་མི་མཉམ་རྒྱུན་འཛིན་གནང་བ་མ་ཟད། མང་གཙོའི་ལམ་ལ་བསྐྱོད་ནས་ཧྲ་ཏག་ཏག་ཡོད་སྐོར་བཀའ་ནན་བསྩལ་བ་དང་ཆབས་ཅིག་ཏུ་རྒྱ་ནག་ནང་ད་ལྟའང་མང་གཙོ་མེད་པ་བཀའ་སྩལ་ཡོད། ༸གོང་ས་མཆོག་གིས་ད་དུང་ཐེངས་འདིའི་དུས་ཚིགས་དང་བསྟུན་མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ལོ་ ༡༩༧༤ ནས་བཟུང་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པ་གཞིར་བཟུང་བོད་མིར་རང་བཙན་མ་ཡིན་པར་མིང་དོན་མཚུངས་པའི་རང་སྲིང་རང་སྐྱོང་གི་ཁེ་དབང་རྩོད་བཞིན་ཡོད་པ་བསྐྱར་ནན་མཛད་པ་དང་འབྲེལ། དེའང་བོད་རང་སྐྱོང་ལྗོངས་ཟེར་བ་ཙམ་མ་ཡིན་པར་བོད་མི་ས་ཡ་དྲུག་ལ་ཁྱབ་པའི་བོད་རིགས་གནས་ཡུལ་ས་ཁུལ་ཡོངས་ལ་གཅིག་མཚུངས་རྩོད་བཞིན་ཡོད་པ་བཀའ་བསྩལ་ཡོད།གཞི་རྩའི་དེ་རིང་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་པའི་གསུམ་བཅུའི་སྒེར་ལངས་ཐེངས་ ༦༠ གཞུང་འབྲེལ་མཛད་སྒོའི་ཐོག་རྒྱ་རིགས་ཚོགས་ཁག་གི་སྐུ་ཚབ་ཀྱི་ངོ་བོའི་ཐོག Citizen power initiatives for China ཚོགས་པའི་ཚོགས་གཙོ་རྒྱ་ནག་གི་མང་གཙོ་དོན་གཉེར་བ་སྐུ་ཞབས་ Yang Jianli ལགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་ནི་འཛམ་གླིང་ནང་གི་མི་མང་ཡོངས་དང་ལྷག་པར་དུ་རྒྱ་ནག་ནང་གི་མི་མང་ཚོས་ངོ་སྣོང་གནང་དགོས་པའི་གནད་དོན་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་བ་དང་འབྲེལ། བོད་མིའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་མ་ཟད་དེའི་ཐོག་སྔར་ལས་ལྷག་པའི་ནུས་པ་སྤུངས་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་ཁས་ལེན་ཡང་གནང་ཡོད་པ་རེད།

རྒྱ་ནག་གི་ནང་པ་ཚོར་ཞབས་འདེགས་ཞུ་རྒྱུ་དང་རྒྱ་ནག་ཏུ་བཟང་སྤྱོང་ཀྱི་རིན་ཐང་སྤེལ་རྒྱུར་ལྷག་བསམ་རྣམ་དག་ཡིན།

ཁ་སང་ཕྱི་ཟླ་ ༣ ཚེས་ ༧ ཉིན་ཨ་རིའི་དུས་དེབ་གྲགས་ཅན་ TIME ཡིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲི་ཞུས་པའི་བརྙན་པར་ཞིག་འདོན་སྤེལ་གནང་བའི་ནང་༸གོང་ས་མཆོག་གིས་མ་འོངས་པའི་ལོ་གཉིས་གསུམ་ནང་བོད་ཀྱི་གནད་དོན་ལ་འགྱུར་བ་ཞིག་འགྲོ་རྒྱུར་ཐུགས་རེ་གནང་བཞིན་ཡོད་པ་དང་། སྤྱིར་མགོན་པོ་༸གང་ཉིད་མཆོག་རྒྱ་ནག་གི་ནང་པ་ཚོར་ཞབས་འདེགས་ཞུ་རྒྱུ་དང་རྒྱ་ནག་ཏུ་བཟང་སྤྱོད་ཀྱི་རིན་ཐང་སྤེལ་རྒྱུར་ལྷག་བསམ་རྣམ་དག་ཡིན་ཞེས་བཀའ་བསྩལ་འདུགརྩ་བའི་ Time དུས་དེབ་ཀྱིས་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་ཧྲག་བསྡུས་དང་བཅས་ནོར་གླིང་ཕོ་བྲང་ནས་ཞལ་གྱེས་ཏེ་བཙན་བྱོལ་དུ་ཆིབས་བསྒྱུར་མཛད་སྐབས་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་པར་སྐབས་དེའི་དུས་དེབ་ཀྱི་མདུན་ཤོག་ཏུ་ཆེད་བཀོད་གནང་བའི་གནས་ཚུལ་རྒྱ་ཆེ་སྤེལ་ཡོད་པ་དང་། ད་ཆ་ལོ་ངོ་དྲུག་ཅུའི་རྗེས་སླར་ཡང་དགུང་གྲངས་ ༨༤ ལ་ཕེབས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དུས་དེབ་དེའི་མདུན་ཤོག་ཏུ་བཀོད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ལ་དམིགས་བསལ་བཅར་འདྲི་ཞུས་པའི་བརྙན་པར་དང་དཔྱད་རྩོམ་ཞིག་ཀྱང་འདོན་སྤེལ་གནང་འདུགདུས་དེབ་དེས་༸གོང་ས་མཆོག་ད་ཆ་དགུང་ལོ་བགྲེས་པོར་ཕེབས་པ་དང་བསྟུན་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་རྒྱ་གཞུང་གིས་དབང་ཤུགས་འོག་འཛམ་གླིང་སྤྱི་ལ་ཤུགས་རྐྱེན་ཇེ་ཆེར་འཕེལ་ནས་མགོན་པོ་༸གང་ཉིད་མཆོག་གི་མཛད་འཕྲིན་ལ་འགོག་རྐྱེན་དུ་མ་བཟོས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱལ་སྤྱིའི་དབུ་ཁྲིད་ཁག་དང་མཇལ་འཕྲད་བྱུང་མེད་སྐོར་བརྗོད་དེ་འདས་པའི་མི་ལོ་ ༦༠ ལྷག་གི་རིང་༸གོང་ས་མཆོག་འཛམ་གླིང་ཁྱོན་དུ་ནང་པའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད་ཀྱང་རྒྱ་གཞུང་གིས་འགྱུར་བ་གཏོང་ཐབས་བྱེད་བཞིན་ཡོད་པ་བརྗོད་འདུགདུས་དེབ་དེས་ཐེངས་འདིའི་བཅར་འདྲིའི་ཐོག་༸གོང་ས་མཆོག་ལ་བོད་རྒྱའི་འབྲེལ་ལམ་དང་༸སྐུའི་ཡང་སྲིད་ཀྱི་གནད་དོན། ནང་སེམས་ཀྱི་ཞི་བདེ། དེ་བཞིན་ཨ་རིའི་སྲིད་འཛིན་དང་གོ་ལའི་ཚ་དྲོད་འཕེལ་རྐྱེན་སོགས་བརྗོད་གཞི་འདྲ་མིན་ཁག་ཅིག་གི་ཐོག་བཅར་འདྲི་ཞུས་པ་ལྟར། ༸གོང་ས་མཆོག་གིས་བོད་ཀྱི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་ནས་ནང་ཆོས་དང་ལྷག་པར་དུ་བོད་ཀྱི་ས་ཁུལ་ཁག་ཅིག་ལ་གུ་ཡངས་ཀྱི་རྣམ་པ་མངོན་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་༸གོང་ས་མཆོག་༸སྐུ་སྒེར་གྱི་གོ་རྟོགས་ཟབ་ཏུ་འགྲོ་བཞིན་པ་མངོན་རྒྱུ་ཡོད་པ་དང་། མ་འོངས་པའི་ལོ་གཉིས་དང་གསུམ་གྱི་ནང་དུ་འགྱུར་བ་ངེས་ཅན་ཞིག་ཡོང་བར་ཐུགས་རེ་གནང་བཞིན་སྐོར་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ཀྱང་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་རྒྱ་རིགས་ནང་པ་ཚོར་ཞབས་འདེགས་ཞུ་རྒྱུའི་དགོངས་བཞེས་ཡོད་པ་དང་དེ་བཞིན་སླད་མར་རྒྱ་རིགས་སྤྱི་ཚོགས་ནང་བཟང་སྤྱོད་ཀྱི་རིན་ཐང་སྤེལ་རྒྱུའི་ལྷག་བསམ་རྣམ་དག་ཡིན་ཞེས་བཀའ་ལན་བསྩལ་འདུགགསར་ཁང་དེས་༸སྐུའི་ཡང་སྲིད་དང་འབྲེལ་བའི་ཐོག་བཅར་འདྲི་ཞུ་སྐབས་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་རྒྱ་ནག་གཞུང་ནས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཅིག་ངོས་འཛིན་བྱས་ཡོད་པ་དེ་ལྟར་ཡང་། བོད་རིགས་ཚོས་ངོས་ལེན་གནང་གི་མེད་པ་མ་ཟད་རྒྱ་ནག་གཞུང་འབྲེལ་དཔོན་རིགས་ཁག་ཅིག་ནས་ཀྱང་ཡང་སྲིད་རྫུན་མ་ཡིན་པ་བརྗོད་བཞིན་ཡོད་པ་ལྟར་རྒྱ་གཞུང་གིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཅིག་ངོས་འཛིན་བྱེད་སྲིད་ཀྱང་བོད་མི་རིགས་ཀྱིས་དེ་ངོས་ལེན་གནང་གི་མ་རེད་ཅེས་བཀའ་བསྩལ་ཡོད་པ་རེད།དེ་བཞིན་ནང་སེམས་ཀྱི་ཞི་བདེ་དང་འབྲེལ་ནས་༸གོང་ས་མཆོག་གིས་འཛམ་གླིང་འདིའི་ཐོག་གནས་པའི་མི་ཐེར་འབུམ་བདུན་པོ་ཚང་མས་བདེ་བ་འདོད་ཀྱི་ཡོད་པ་བཀའ་བསྩལ་བ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ནང་དུ་ཤེས་ཡོན་ལམ་ལུགས་དེས་རྒྱུ་ནོར་ལོངས་སྤྱོད་ལ་ཧ་ཅང་གི་བློ་ཐག་ཉེ་པོ་བཟོས་ཡོད་པ་མ་ཟད། སློབ་གསོ་དེའི་རྐྱེན་པས་སེམས་མི་བདེ་བ་དང་། སེམས་ཁྲལ། ཕྲག་དོག་སོགས་ཡོང་གི་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག ང་ཚོ་དུད་འགྲོ་གཞན་དང་མི་འདྲ་བའི་རྣམ་དཔྱོད་ཀྱི་ནུས་པ་དམིགས་བསལ་བ་ཞིག་ཡོད་སྟབས་དེར་བློ་སྦྱོང་དགོས་པ་དང་བློ་སྦྱོང་བ་དེས་མ་རུང་བའི་བློ་རྣམས་ཡོངས་སུ་ཞི་ཐབས་ལ་སྤྱོད་དགོས་གལ་ཡིན་པ་ལམ་སྟོན་མཛད་འདུགགསར་ཁང་དེས་མགོན་པོ་༸གང་ཉིད་མཆོག་ལ་ཨ་རིའི་སྲིད་འཛིན་ལས་ཐོག་ Donald trump དང་གོ་ལའི་ཚ་དྲོད་འཕེལ་རྐྱེན་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་པར་༸གོང་ས་མཆོག་གིས་སྲིད་འཛིན་ Trump མཆོག་ནས་ཆེས་ཐོག་མར་མང་ཚོགས་ལ་གཏམ་བཤད་གནང་སྐབས་༸གང་ཉིད་མཆོག་དེར་ཐུགས་ཅུང་ཙམ་བདེ་པོ་བྱུང་མེད་སྐོར་བཀའ་བསྩལ་བ་དང་སྦྲགས། ཨ་རི་ནི་འཛམ་གླིང་རྒྱལ་ཁབ་གཞན་ཀུན་གྱི་སྣེ་ཁྲིད་པ་ཞིག་ཆགས་ཡོད་སྟབས་འཛམ་གླིང་སྤྱིའི་འགན་བཞེས་དགོས་པར་བཀའ་བསྩལ་འདུགདེ་བཞིན་གོ་ལ་སྤྱིའི་ཚ་དྲོད་འཕེལ་རྐྱེན་གྱིས་འཛམ་གླིང་སྤྱི་ལ་དཀའ་ངལ་འཕྲད་བཞིན་པ་ནི་རང་ཉིད་ཀྱི་བཟོས་པ་ཞིག་ཡིན་པ་དང་། དེ་ཡང་ང་ཚོའི་རྒྱལ་ཁབ་དང་ཁོང་ཚོའི་རྒྱལ་ཁབ། ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས་ཞེས་རིམ་པ་གཉིས་པའི་བསམ་བློ་ལས་བྱུང་བ་ཞིག་ཡིན་སྟབས། གོ་ལ་སྤྱིའི་ཚ་དྲོད་འཕེལ་བའི་ངལ་བ་དེ་འཛམ་གླིང་གཅིག་གྱུར་གྱི་བློ་ཁོ་ནས་སེལ་ཐུབ་ངེས་ཡིན་ཞེས་བཀའ་ལན་བཀྲིན་ཆེ་བ་བསྩལ་འདུག

རྒྱ་ནག་གི་འགོ་ཁྲིད་ཚོས་བོད་མི་རྣམས་༸གོང་ས་མཆོག་ལ་དགའ་མོས་མེད་པ་བརྗོད་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ ༡༣ པའི་ཚོགས་དུས་གཉིས་པའི་ཐོག་བོད་ནང་གི་བོད་མི་རྣམས་དམར་ཤོག་གཞུང་ལ་དགའ་མོས་ཆེ་བ་ཡོད་པ་མ་གཏོགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་མོས་མེད་པར་ཨུ་ཚུགས་མཐར་སྐྱེལ་བྱས་འདུག ཁ་སང་ཨ་རིའི་ The Washington Post གསར་ཁང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ Wu Yingjie ཡིས་རྒྱལ་ས་པེ་ཅིང་དུ་འཚོགས་བཞིན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་བསྟུན། གསར་འགོད་པ་རྣམས་ལ་༸གོང་ལ་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་གྱར་བ་ནས་བཟུང་བོད་རིགས་མང་ཚོགས་ལ་ཕན་པའི་བྱ་བ་གཅིག་ཀྱང་བསྒྲུབ་མྱོང་མེད་སྟབས་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་ཕུན་སུམ་ཚོགས་པའི་ལོངས་སྤྱོད་བསྐྲུན་ཡོད་པར་བརྟེན་བོད་མི་དག་དམར་ཤོག་གཞུང་ལ་དགའ་མོས་ཆེན་པོ་ཡོད་སྐོར་བརྗོད་འདུག གཞན་ཡང་ Wu Yingjie ཡིས་བོད་རིགས་ཀྱི་འཐུས་ཚབ་བཀྲ་ཤིས་རྒྱལ་མཚན་ཟེར་བར་སྐུལ་སློང་གིས་ཚོགས་འདུའི་ཐོག་ཏུ་གཏམ་བཤད་བྱེད་བཅུག་ཡོད་པ་ལྟར་བཀྲ་ཤིས་རྒྱལ་མཚན་གྱིས་བོད་རིགས་ནང་ཁུལ་དུ་༸གོང་ས་ཏཱ་ལའི་བླ་མར་དགའ་དད་གུས་གསུམ་གནང་མཁན་མེད་ཚུལ་གྱི་འཁྱོག་བཤད་སྤེལ་འདུག་པ་མ་ཟད། Wu Yingjie ཡིས་བོད་ནང་སྐད་ཡིག་སློབ་སྦྱོང་གི་རང་དབང་ཡོད་པ་དང་། སྲིད་གཞུང་གིས་བོད་རིགས་དག་གིས་རྒྱ་ཡིག་ཐོག་རང་ཉིད་ཀྱི་ཕ་སྐད་སྦྱོང་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་པར་བརྗོད་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བོད་ནང་གི་སྐད་ཡིག་རང་དབང་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཨ་རིའི་དངོས་བྱུང་གི་གློག་བརྙན་ཞིག་གི་ནང་བཀའ་མོལ་གནང་རྗེས་ཁ་བྲལ་ངན་སྐུལ་གྱི་ཉེས་འཛུགས་འོག་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། རྒྱ་ནག་གཞུང་ནས་ཉེ་ལམ་བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་རྫོགས་ཕྱི་ཕྱོགས་ལ་སྒོ་མོ་རྒྱག་རྒྱུ་ཡོངས་གྲགས་བྱས་པའི་གནད་དོན་དང་འབྲེལ་ཏེ་ Wu Yingjie ཡིས་ཡུལ་སྐོར་སྤྲོ་འཆམ་པ་དག་བོད་དུ་གཏོང་རྒྱུར་བཀག་སྡོམ་བྱས་པ་ནི་བོད་དུ་ས་བབས་མཐོ་བའི་ཉེན་ཁ་ཡོད་རབས་དང་། མཚོ་ངོས་ལས་སྨིད་ ༤༥༠༠ ལྷག་ཡོད་པའི་བོད་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་དག་གི་བདེ་འཇགས་ལ་དོགས་ཟོན་དགོས་ལུགས་བརྗོད་ཡོད་པ་རེད། རྩ་བའི་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་སྒྲིག་བཤོམ་གནང་རྒྱུར་དམ་དྲག་དང་། རྒྱལ་གཅེས་ཆོས་གཅེས་སོགས་ཀྱི་ལས་འགུལ་བརྒྱུད་༸གོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པའི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་ཀྱང་། བོད་ནང་འདས་པའི་ལོ་འགའི་ནང་དགུང་ལོ་ ༨༣ ལ་ཕེབས་པའི་༸གོང་ས་མཆོག་ཕྱིར་བོད་དུ་ཕེབས་འཇུག་དགོས་པའི་ཞུ་འབོད་གནང་བའི་ཁྲོད་བོད་རིགས་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་གནང་ཡོད་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་བོད་ལྗོངས་ཆ་འཕྲིན་ཞེས་པའི་ཐོག་ཉེ་སྔོན་བོད་ལྗོངས་ཀྱི་དམར་ཤོག་དཔོན་རིགས་ཁག་སེ་ར་དགོན་དུ་སླེབས་ནས་གཏམ་བཤད་སྤེལ་ཏེ་རྒྱ་ཆེའི་གྲྭ་བཙུན་ཚོས་དད་ལྡན་མང་ཚོགས་ཚོར་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་སིམ་འཛུལ་དང་གཏོར་བཤིག་བྱ་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་ཧུར་ཐག་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་སྲིད་གཞུང་དང་སེམས་ནུས་གཅིག་སྒྲིལ་དང་བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བ་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།  མེས་རྒྱལ་གོང་བུ་གཅིག་གྱུར་བཅས་ཀྱི་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ངན་སྐུལ་བྱས་ཡོད་པ་ཡང་བཀོད་འདུག གཞི་རྩའི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཟླ་ ༣ ཚེས་ ༣ ཉིན་ནས་སྐབས་ ༡༣ པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་ ༢ པ་མགོ་འཛུགས་བྱས་ཡོད་པ་དང་ཆབས་ཅིག ཁ་ཉིན་ཕྱི་ཚེས་ ༥ ཉིན་ནས་སྐབས་ ༣ པའི་རྒྱལ་ཡོངས་སྲིད་གྲོས་་ཚོགས་འདུ་འགོ་འཛུགས་ཀྱིས་ཉིན་གྲངས་ ༡༥ རིང་འཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་ཐོག་བོད་རིགས་འཐུས་ཚབ་མི་སྣ་ཆེད་འབོད་ཀྱིས་བོད་དུ་བོད་མི་དག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་དད་གུས་གསུམ་ཞུ་ཡི་མེད་པའི་འཁྱོག་བཤད་སྤེལ་བཅུག་ཡོད་པ་རེད།

༸གོང་ས་མཆོག་གིས་གྲྭ་བཙུན་ ༥༠༠ ལྷག་ལ་དགེ་ཚུལ་སློང་གི་སྡོམ་པ་བསྩལ་བ།

ལོ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྔ་རྗེས་གང་རུང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་གཙོས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་དོན་གཉེར་བ་རྣམས་ལ་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་སྩོལ་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོ་ཆུ་ཚོད་ ༨ པ་མ་ཟིན་ཙམ་ནས་མགོན་པོ་༸གང་ཉིད་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གྲྭ་བཙུན་ ༥༠༠ ལྷག་ལ་དགེ་ཚུལ་སློང་གི་སྡོམ་པ་བསྩལ་སོང་། དེ་རིང་ཉིན་དང་པོའི་ཐོག་༸གོང་ས་མཆོག་གིས་རྒྱ་བལ་འབྲུག་གསུམ་གྱིས་གཙོས་པའི་ཧི་མཱ་ལ་ཡའི་ས་གནས་ཁག་དང་། བོད། སོག་པོ། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་གཅིག་སོགས་ནས་དགེ་ཚུལ་བསྒྲུབ་པར་ཕེབས་པའི་སྤྲུལ་སྐུ་དང་། གྲྭ་བཙུན་ ༧༥ ལ་ཐུགས་བརྩེ་བ་ཆེན་པོས་དགེ་ཚུལ་གྱི་སྡོམ་པ་བཀྲིན་བསྩལ་ཡོད་པ་རེད། དགེ་ཚུལ་གྱི་སྡོམ་པ་བསྩལ་གྲུབ་མཚམས་སུ་འདི་གར་ཕེབས་པའི་གྲྭ་བཙུན་ཁག་གཅིག་དང་། ལྷག་པར་དུ་དེ་སྔ་མི་སྐྱའི་འཚོ་བའི་ཁྲོད་ནས་ནང་ཆོས་ལ་དད་པ་དང་ངེས་ཤེས་རྙེད་ཐོག་རབ་ཏུ་བྱུང་བ་སེ་ལི་ཁུལ་བོད་ཁྱིམ་གྱི་སློབ་སྤྱི་རྒན་འབྲུག་ཚེ་རིང་ལགས། ས་རཱ་མཐོ་སློབ་ཀྱི་སློབ་ཟུར་འཇམ་དབྱངས་ཆོས་སྐྱིད་ལགས་གཉིས་ལ་དགེ་ཚུལ་གྱི་སྡོམ་པ་བསྩལ་རྗེས་མྱོང་ཚོར་ཇི་བྱུང་དང་འབྲེལ་འཀའ་འདྲི་ཁག་ཅིག་ཞུས་ཡོད། དེ་རིང་༸གོང་ས་མཆོག་ནས་དགེ་ཚུལ་གྱི་སྡོམ་པ་ཡོངས་སུ་བསྩལ་གྲུབ་ཡོད་པ་དང་། སང་ཉིན་ཕྱི་ཚེས་ ༧ ནས་མགོན་པོ་༸གང་ཉིན་མཆོག་གིས་དགེ་འདུན་པ་ ༥༠༠ ལྷག་ལ་དགེ་སློང་ངམ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་གནང་གི་ཡོད་པ་རེད། གཞི་རྩའི་དེ་རིང་༸གོང་ས་མཆོག་གིས་གྲྭ་བཙུན་རྣམས་ལ་དགེ་ཚུལ་སློང་གི་སྡོམ་པ་མ་བསྩལལ་བའི་གོང་དུ་ཉིན་གྲངས་ཁ་ཤས་ཀྱི་སྔོན་ལ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་༸རྒྱལ་བའི་གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་གྱི་འགན་འཛིན་ཡང་སྟེང་རིན་པོ་ཆེ་མཆོག་གིས་གྲྭ་བཙུན་རྣམས་ལ་སྡོམ་པ་སྤྱིའི་ངོ་སྤྲོད་དང་། སྡོམ་པ་དངོས་གཞི་ཞུ་ཚེ་ཀུན་སློང་འཁྱེར་ཕྱོགས་སོགས་ཀྱི་ཐོག་ལམ་སྟོན་གནང་ཡོད་པརེད། གསར་འགོད་པས་རིན་པོ་ཆེ་མཆོག་ལ་སྡོམ་པ་གཉིས་ཀྱི་གལ་གནད་དང་འབྲེལ་བཅར་འདྲི་ཞུས་པར་སྡོམ་པ་དེ་གཉིས་ནི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བའི་སྡོམ་པ་གལ་ཆེ་ཆགས་ཡོད་པ་མ་ཟད། སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་དེ་བསྙེན་རྫོགས་ཀྱི་སྡོམ་པ་ཚུལ་བཞིན་དུ་སྲུང་མཁན་གྱི་འདུལ་བ་འཛིན་པའི་དགེ་སློང་གནས་དང་མི་གནས་ལ་རག་ལུས་ཡོད་པ་གསུངས་ཡོད།

༸གོང་ས་མཆོག་གིས་སླད་མར་དྲྭ་རྒྱ་བརྒྱུད་བཀའ་ཆོས་འདི་ལྟར་བསྩལ་རྒྱུར་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་བསྩལ་བ།

དེ་རིང་སོག་པོའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་ཉིན་གཉིས་རིང་གི་བཀའ་ཆོས་མཇུག་སྒྲིལ་དང་འབྲེལ་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བར་སླད་མར་ཡང་དྲྭ་རྒྱའི་བརྒྱུད་བཀའ་ཆོས་སྩོལ་རྒྱུའི་གོ་སྐབས་འདི་ལྟར་བྱུང་བའི་ཐུགས་རེ་མཛད་་བཞིན་ཡོད་ཅེས་བཀའ་བསྩལ་སོང་།སོག་པོའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ནས་དེ་རིང་བར་ཉིན་གཉིས་ཀྱི་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སོག་པོའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་དང་དེ་བཞིན་སོག་ཡུལ་དུ་ཡོད་པའི་དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བར་དྲྭ་རྒྱ་བརྒྱུད་ནས་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་སྟོད་པ་དང་ལམ་རིམ་ཉམས་མགུར་གྱི་བཀའ་ཆོས་བཀྲིན་བསྩལ་ཡོད་པ་ལྟར། དེ་རིང་ཆོས་འབྲེལ་གྲུབ་མཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་དྲྭ་རྒྱ་བརྒྱུད་ནས་སོག་རིགས་དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བར་བཀའ་ཆོས་བསྩལ་རྒྱུའི་གོ་སྐབས་འདི་ལྟར་བྱུང་བ་སྐལ་པ་བཟང་པོ་ཞིག་ཏུ་བཀའ་གནང་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ལ་དྲྭ་རྒྱ་བརྒྱུད་བཀའ་ཆོས་སྩོལ་རྒྱུར་སྐུ་ལས་གང་ཡང་མེད་པ་མ་ཟད་ཆོས་ཞུ་བས་ཀྱང་འགྲོ་སོང་གང་ཡང་གཏོང་མི་དགོས་པ་ཡིན་སྟབས། མ་འོངས་པར་དུས་ནས་དུས་སུ་དྲྭ་རྒྱའི་ལས་རིམ་འདི་འདྲ་གོ་སྒྲིག་ཞུ་ཐུབ་ཚེ་དགེ་མཚན་ཅེས་བཀའ་བསྩལ་སོང་།དེ་རིང་༸གོས་ས་མཆོག་གིས་སོག་པོའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ལམ་རིམ་ཉམས་མགུར་གྱི་བཀའ་ཆོས་བཀྲིན་སྩོལ་སྐབས་ཐོག་མར་སྐྱབས་འགྲོ་དང་ལས་འབྲས་དེ་དག་ཉམས་ལེན་གནང་བར་དལ་འབྱོར་རྙེད་དཀའ་བའི་མི་ལུས་རིན་པོ་ཆེ་འདི་ཧ་ཅང་གི་རྩ་ཆེན་ཞིག་ཡིན་པ་ཤེས་དགོས་པའི་ཐོག་དོན་གོ་ཆོད་པ་ཞིག་བྱེད་དགོས་ཞེས་བཀའ་བསྩལ་བ་མ་ཟད། ༸གང་ཉིད་མཆོག་ད་ལྟ་དགུང་ལོ་མཐོ་པོར་ཕེབས་ཡོད་ཀྱང་དུས་རྟག་ཏུ་ནང་པའི་གཞུང་ཆེན་དག་ལ་གསན་བསམ་སྒོམ་གསུམ་མཛད་བཞིན་ཡོད་པ་བཀའ་བསྩལ་བ་དང་སྦྲགས། སོག་པོ་མི་མང་ཚོས་དེ་བཞིན་བསླབ་པ་སློབ་གཉེར་གནང་དགོས་གལ་ཡིན་པར་ལམ་སྟོན་བསྩལ་ཡོད།  ༸གོང་ས་མཆོག་གི་བཀའ་ཆོས་བསྩལ་གྲུབ་མཚམས་༸གང་ཉིད་མཆོག་གིས་ཆོས་ཞུ་བའི་བཀའ་འདྲི་ཞུས་པ་ཁག་གཅིག་ལ་བཀའ་ལན་བསྩལ་བར་ཕྱི་དངོས་པོ་ཡར་རྒྱས་ཁོ་ན་དང་འབྲེལ་བའི་ཤེས་ཡོན་ཐོག་འབད་བརྩོན་བྱས་ནས་མ་བསྡད་པར་ནང་སེམས་རྒྱུད་འདུལ་ཐབས་ཀྱི་ཤེས་ཡོན་ཐད་བརྩོན་གནང་དགོས་གལ་ཡིན་པ་སོགས་ཀྱི་ལམ་སྟོན་རྒྱ་ཆེ་བསྩལ་ཡོད་པ་དང་ཆབས་ཅིག ཆོས་ཁས་བླངས་མིན་ལ་ལྟོས་མེད་སེར་སྐྱ་ཕོ་མོ་ཡོངས་ནས་སློབ་གཉེར་གནང་གལ་ཡིན་པར་ལམ་སྟོན་མཛད་སོང་།རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་སོག་རིགས་ཚོར་དྲྭ་རྒྱ་བརྒྱུད་བཀའ་ཆོས་བསྩལ་བ་དེ་ཆེས་ཐོག་མ་ཆགས་ཡོད་པ་དང་། དེ་རིང་ཆོས་འབྲེལ་ཉིན་གཉིས་པའི་ཐོག་བཞུགས་སྒར་རང་དུ་སོག་རིགས་ཁྱོན་ ༡༦༠ ལྷག་ཆེད་བཅར་ཞུས་ཡོད་པ་མ་ཟད། སོག་ཡུལ་རང་དུ་མཐོ་རིམ་སློབ་མ་ ༡༠༠༠ ལྷག་ལྷན་འཛོམས་བྱུང་ཡོད་པ་རེད།

བོད་སོག་གཉིས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་འཕེལ་ཐོག་ཞབས་འདེགས་ཆེན་པོ་ཞུས་ཡོད།

སོག་པོའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༢ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཚོུད་ ༩ ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སོག་པོའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་དང་དེ་བཞིན་སོག་ཡུལ་དུ་ཡོད་པའི་དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བར་དྲྭ་རྒྱ་བརྒྱུད་ནས་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་ལམ་རིམ་ཉམས་མགུར་གྱི་བཀའ་ཆོས་དབུ་འཛུགས་བསྐྱངས་པ་དང་འབྲེལ། དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་དར་སྤེལ་ཐོག་བོད་མི་ཙམ་མ་ཟད་སོག་པོའི་མང་ཚོགས་ནས་ཞབས་འདེགས་ཆེན་པོ་ཞུས་ཡོད་པ་བཀའ་བསྩལ་སོང་།བཀའ་ཆོས་ཀྱི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་སོག་པོའི་ཇིང་གིར་རྒྱལ་པོ་དབར་བླ་སློབ་ཀྱི་འབྲེལ་བ་བཙུགས་པ་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་སོག་ཡུལ་དུ་དར་ཁྱབ་བྱུང་ཡོད་པ་དང་། ཁྱད་པར་དུ་ཐམས་ཅད་མཁྱེན་པ་༸རྒྱལ་བ་བསོད་ནམས་རྒྱ་མཚོའི་༸སྐུ་དུས་ནས་སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་སྒོས་འཇམ་མགོན་བླ་མའི་བསྟན་པ་རྒྱ་ཁྱབ་བྱུང་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། བོད་སོག་གཉིས་དབར་ཐོུང་མ་ཡིན་པའི་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ངོ་སྤྲོད་མཛད་ཡོད།༸གོང་ས་མཆོག་གིས་ད་དུང་སོག་ཡུལ་ནང་ཕྱིས་སུ་ཆབ་སྲིད་ཀྱི་དཀའ་ངལ་ཆེན་པོ་འཕྲད་པ་དེ་ལྟར་ཡང་སོག་པོའི་མང་ཚོགས་ཚོ་སངས་རྒྱས་པའི་ཆོས་ལ་བཅོས་མ་མ་ཡིན་པའི་ཆོས་དད་ཧ་ཅང་ཆེན་པོ་ཡོད་པ་ལྟར། རང་གི་སྲོག་ཀྱང་དོར་ནས་སངས་རྒྱས་ཀྱི་བསྟན་པ་རྒྱུན་འཛིན་གནང་ཡོད་སྐོར་བཀའ་བསྩལ་དང་འབྲེལ། སོག་ཡུལ་ལ་རང་དབང་བྱུང་རྗེས་ཕྱི་ལོ་ ༡༩༧༠ དོན་གྲངས་ནང་༸གོང་ས་མཆོག་ཡུལ་དེར་ཆིབས་བསྒྱུར་མཛད་སྐབས་༸གང་ཉིད་མཆོག་ཐུགས་སྐྱོ་སྣང་ཆེན་པོ་བྱུང་བའི་དུས་ཚིགས་བསྐྱར་དྲན་མཛད་ཡོད།༸གོང་ས་མཆོག་གིས་ད་ཆ་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་དུས་སུའང་བོད་སོག་དབར་བླ་སློབ་ཀྱི་འབྲེལ་བ་གཙོས་པའི་བྱེས་སུ་ཡོད་པའི་བོད་ཀྱི་དགོན་སྡེ་ཁག་ཏུ་སོག་པའི་རབ་བྱུང་བ་བརྒྱ་ཕྲག་མང་པོས་བོད་བརྒྱུད་ནང་བསྟན་ལ་བསླབ་པ་སློབ་གཉེར་གནང་བཞིན་ཡོད་སྐོར་བཀའ་བསྩལ་བ་དང་སྦྲགས། སྤྱིར་ཚན་རིག་དང་མཉམ་དུ་འགྲོ་ཐུབ་མཁན་ཆོས་གཅིག་པོ་དེ་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ཆགས་ཡོད་པ་དང། འདི་ལྟ་བུའི་ཆོས་བརྒྱུད་འདི་དར་སྤེལ་ཡོང་བར་བོད་སོག་གཉིས་ཀྱིས་ཞབས་འདེགས་ཆེན་པོ་བསྒྲུབས་ཡོད་པ་བཀའ་བསྩལ་ཡོད།༸གོང་ས་མཆོག་གིས་ལྷག་དོན་སོག་རིགས་ཚོས་དཔལ་ནཱ་ལེནྡཱ་ནས་བརྒྱུད་པའི་གཞུང་ཆེན་རྣམས་ལ་སློབ་གཉེར་གནང་དགོས་པ་མ་ཟད། ལྷག་དོན་དབུ་མ་དང་ཕར་ཕྱིན། དེ་བཞིན་ཚད་མ་རིག་པའི་རྣམ་གཞག་ཐོག་ལ་སློབ་གཉེར་གནང་དགོས་གལ་ཡིན་པའི་ལམ་སྟོན་དང་འབྲེལ། སོག་ཡུལ་གྱི་དད་ལྡན་པ་རྣམས་ལ་དེ་རིང་ཉིན་དང་པོའི་ཆོས་འབྲེལ་དུ་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་དངོས་གཞི་བསྐྱངས་ཡོད་པ་རེད།རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བསྩལ་བའི་ཆོས་འབྲེལ་འདི་སོག་རིགས་ཚོར་གནང་བའི་བཀའ་ཆོས་ཐེངས་བདུན་པ་དེ་ཆགས་ཀྱི་ཡོད་པ་དང་། ཆོས་འབྲེལ་འདིའི་ཐོག་བཞུགས་སྒར་རང་དུ་སོག་རིགས་ཁྱོན་ ༡༦༠ ལྷག་ཆེད་བཅར་ཞུས་ཡོད་པ་མ་ཟད་སོག་ཡུལ་རང་ནས་དད་ལྡན་ཆོས་ཞུ་བ་མང་ཚོགས་ ༤༠༠༠ ལྷག་ལྷན་འཛོམས་ཀྱིས་དྲྭ་རྒྱ་བརྒྱུད་ནས་བཀའ་ཆོས་ཞུས་ཡོད་པ་རེད།དེ་རིང་༸གོང་ས་མཆོག་གི་བཀའ་ཆོས་བསྩལ་གྲུབ་མཚམས་སུ་སོག་ཡུལ་ནས་མགོན་པོ་༸གང་ཉིད་མཆོག་དགུང་གྲངས་ ༡༡༣ བར་བཞུགས་རྒྱུའི་ཆེད་སློབ་ཕྲུག་ ༡༡༣ གྱིས་ཞབས་རིམ་གསོལ་འདེབས་ཀྱི་བསྟོད་དབྱངས་ཕུལ་ཡོད་པ་རེད།

༸གོང་ས་མཆོག་༸སྐུ་ལྷོད་ལྷོད་བཞུགས་དགོས་གལ་ཡིན་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞིས་བྱེས་རྒྱལ་རོང་ཐུན་མོང་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་གྲྭ་ཁག རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་པ་ཚོགས་པ། དེ་བཞིན་སྨན་པ་སྐལ་བཟང་དོན་ལྡན་ལགས་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་རེས་གཟའ་ལྷག་པ་༸སྐུའི་བླ་གཟའ་དང་སྟབས་བསྟུན་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་རེད།དེ་རིང་ཟླ་ ༢ ཚེས་ ༢༧  ཉིན་གྱི་སྔ་དྲོ་ཚོུད་ ༩ པ་མ་ཟིན་ཙམ་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་མཆོག་དང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ཁག་བཞིའི་སྣེ་ཁྲིད་པ་རྣམ་པས་སྤོས་སྣེ་སྔོན་བསུ་དང་། བོད་ཀྱི་ཟློས་གར་ཚོགས་པས་བཀྲ་ཤིས་ཀྱི་གླུ་དབྱངས་དང་བཅས་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཇལ་དར་ཕུལ་བ་དང་སྦྲགས་བརྟན་བཞུགས་ཀྱི་ཆོ་ག་ཁག་གསུང་འདོན་དང་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་སོང་།སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་མགོན་པོ་༸གང་ཉིད་མཆོག་ལ་དྭགས་སུ་ཆིབས་བསྒྱུར་མཛད་སྐབས་ལ་དྭགས་ཀྱི་མང་ཚོགས་ཚོར་༸གོང་ས་མཆོག་༸སྐུ་ལུས་ཤ་རུས་ལས་གྲུབ་པ་ཡིན་སྟབས་༸སྐུ་ཐང་ཆད་རྒྱུའི་མཛད་འཕྲིན་མང་དག་ཞིག་བསྐྱང་ཚེ་༸སྐུ་ཚེ་ཡུན་རིང་བཞུགས་རྒྱུར་འགོག་རྐྱེན་བཟོ་ངེས་ཡིན་པས་༸སྐུ་ལྷོད་ལྷོད་གནང་ནས་༸སྐུ་ཚེ་རིང་བ་བཞུགས་རྒྱུར་དགའ་བ་འདུག་གམ་བྲལ་འཚུབ་ཐོག་༸སྐུ་ཚེ་ཐུང་བ་བཞུགས་རྒྱུར་དགའ་བ་འདུག་ཞེས་བཀའ་བསྩལ་བ་ལུང་འདྲེན་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ད་ཆ་༸རྒྱལ་བ་སྐུ་འཕྲེང་རིམ་བྱོན་ནང་གི་༸སྐུ་ཚེ་རིང་ཤོས་བཞུགས་མཁན་༸རྒྱལ་བ་དགེ་འདུན་གྲུབ་པའི་དགུང་ལོའི་མཚམས་སུ་ཕེབས་ཡོད་སྟབས་མགོན་པོ་མཆོག་༸སྐུ་ལྷོད་ལྷོད་གནང་ནས་བཞུགས་དགོས་གལ་ཡིན་པར་བཀའ་བསྩལ་ཡོད།དེ་བཞིན་མགོན་པོ་༸གང་ཉིད་མཆོག་ནས་ཐེངས་འདིའི་བརྟན་བཞུགས་ཀྱི་ཆོ་ག་དང་བཅས་པ་ཡག་པོ་བྱུང་ཡོད་པ་མ་ཟད། གཙོ་བོ་ཕྱོགས་གཉིས་དབར་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་པས་བླ་མའི་༸སྐུ་ཚེ་ཡུན་དུ་བརྟན་པར་འབྲེལ་བ་ཏན་ཏན་ཡོད་ཅེས་བཀའ་བསྩལ་ཡོད། མགོན་པོ་༸གང་ཉིད་མཆོག་ནས་བོད་མི་རིགས་ཀྱི་སེམས་ཤུགས་དང་སྙིང་སྟོབས། དེ་བཞིན་བོད་ཆོལ་གསུམ་ཆིག་སྒྲིག་ཐོག་གནས་ཐུབ་པ་ནི་གཙོ་བོ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་མ་ཟད། ད་ཆ་རིག་གཞུང་དེ་དག་འཛམ་གླིང་སྤྱི་ལ་གང་ཙམ་ཕན་ཐོགས་ཞུ་བཞིན་ཡོད་པ་སོགས་བཀའ་བསྩལ་དང་འབྲེལ་ནས་བོད་མི་ཚོས་ད་བར་གཅེས་འཛིན་གནང་བའི་ཐུན་མོང་མ་ཡིན་པའི་དཔལ་ནཱ་ལེནྡཱའི་རིག་གནས་སྤྱི་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་ཁོ་ནའི་ཐོག་ཆ་ཚང་བ་ཡོད་པའི་སེམས་ཁམས་རིག་པའི་རྣམ་གཞག་དང་། ཚད་མའི་རྣམ་གཞག་དེ་དག་ལ་དོ་སྣང་ཡོད་པའི་ཡུལ་མི་ཚོར་སློབ་གཉེར་གནང་རྒྱུའི་གོ་སྐབས་སྐྲུན་རྒྱུ་དང་། ཁྱད་པར་དུ་རྒྱ་གར་བས་གཙོས་པའི་ཤར་ཕྱོགས་ནང་པའི་ཡུལ་གྲུ་དེ་དག་ནང་རིག་གནས་དེ་བསྐྱར་གསོ་ཡོང་ཐབས་གནང་དགོས་པར་ལམ་སྟོན་ཡང་མཛད་ཡོད།གཞན་ཡང་ད་རེས་བརྟན་བཞུགས་བསྟར་འབུལ་ཞུ་མཁན་ཁོངས་སུ་ཡོད་པ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་གྲྭ་ཁགནས་བརྟན་ཞུགས་ཀྱི་གོ་སྐབས་དང་བསྟུན། ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་གྲྭ་ཁག་གི་འགོ་ལས་ཡོངས་ནས་སློབ་མ་ཀུན་ལ་ཉེ་རིང་མེད་པར་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་དང་མཐུན་པ་གདབ་ཤོག་གཉིས་ལྡན་གྱི་བོད་མི་ཤ་སྟག་གསོ་སྐྱོང་གནང་རྒྱུ་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་སློབ་སྟོན་ཚགས་ཚུད་གནང་རྒྱུའི་ཁས་ལེན་དམ་བཅའ་ཞུས་ཡོད་པ་རེད།མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་སློབ་གྲྭ་ཁག་གི་ཆོས་དགེ་ཚོ་ལ་ལྟ་གྲུབ་དགེ་རྒན་ཞེས་མིང་བཏགས་དོན་བཞིན་སློབ་མ་ཚོར་སྨོན་ལམ་རྒྱག་རྒྱུ་ཙམ་མིན་པར་སངས་རྒྱས་ཀྱི་ལྟ་གྲུབ་དང་ཚད་མའི་སྐོར་སོགས་སློབ་ཁྲིད་གནང་རྒྱུར་ཆེད་དམིགས་གནང་བ་ཞིག་ཡིན་པར་བཀའ་ནན་བསྩལ་ཡོད།

Latest news