Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་ལྡི་ལི་ནང་གི་མཛད་འཕྲིན་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན། དེ་རིང་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལར་༸ཞབས་སོར་བདེ་བར་འཁོད་སྐབས་བཞུགས་སྒར་ཕེབས་ལམ་གྱི་གཡས་གཡོན་དུ་ས་གནས་བོད་མི་གཙོས་རྒྱ་གར་གྱི་ཡུལ་མི་ཚོས་ལག་ཏུ་དཀར་གཙང་གི་མཇལ་དར་དང་དྲི་ཞིམ་གྱི་དུག་སྤོས་དང་བཅས་བསྣམས་ཏེ་དགའ་དད་སྤྲོ་གསུམ་གྱི་ངང་ནས་མགོན་པོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་སོང། གཞི་རྩའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༡༢ ཕྱི་ཚེས་ ༨ ཉིན་བཞུགས་སྒར་ནས་ཕེབས་ཐོན་གནང་སྟེ་མཛད་འཆར་ཐོག་མར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སྲིད་འཛིན་གྱི་ཕོ་བྲང་ Rashtrapati Bhawan ནང་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་ Pranab Mukherjee མཆོག་དང་མཇལ་མོལ་མཛད་པ་མ་ཟད། སྲིད་འཛིན་མཆོག་དང་ལྷན་རྒྱས་ཕྲུ་གུའི་བདེ་དོན་དང་འབྲེལ་བའི་ལྷན་ཚོགས་ཤིག་གི་དབུ་འབྱེད་དང་མཇུག་སྡོམ་གྱི་མཛད་སྒོར་དབུ་བཞུགས་མཛད་ཡོད་པ་དང་འདི་བཞིན་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་སོགས་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་མཛད་ཡོད། ཕྱི་ཚེས་ ༡༣ ཉིན་མགོན་མཆོག་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་མེ་སོར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་མཛད་སྒོར་དབུ་བཞུགས་གནང་པ་དང་ཏཱ་ལའི་བླ་མ་མཐོ་སློབ་ཁང་དབུ་འབྱེད་རབ་གནས་བཀྲིན་ཆེ་བ་བསྐྱངས་པ། སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ནང་གི་ཁྲིམས་ཀྱི་སློབ་གཉེར་ཁང་གི་དགེ་ལས་སློབ་མ་ཚོར་བཀའ་སློབ་བསྩལ་ཡོད། དེ་རྗེས་ཚེས་ ༡༦ ནས་ ༢༠ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་བྱེས་ཀྱི་གདན་ས་འབྲས་སྤུངས་སུ་འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་ངོ་ ༦༠༠ འཁོར་བའི་མཛད་སྒོ་དང་བཙུན་དགོན་དྲུག་གི་ཆེས་ཐོག་མའི་དགེ་བཤེས་མ་ཐོན་མཁན་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་གསོལ་བསྩལ་མཛད་སྒོ། མོན་གྷོ་གཏན་སློབ་དབུ་བརྙེས་ཏེ་ལོ་ངོ་ ༥༠ ཐམ་པ་འཁོར་བའི་དུས་དྲན་མཛད་སྒོ། དེ་བཞིན་ཚན་རིག་བགྲོ་གླེང་བཅས་ཁག་སོ་སོའི་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་བསྩལ་སོགས་ཀྱི་མཛད་འཕྲིན་སྣ་མང་བསྐྱངས་གནང་མཛད་ཡོད། དེ་བཞིན་༸གོང་ས་མཆོག་གིས་ཟླ་བ་སྔོན་མའི་ཚེས་ ༢༨ ཉིན་བྷི་ཧར་མངའ་སྡེའི་རྒྱལ་ས་པཊ་ནཱར་ཆིབས་བསྒྱུར་གྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་ལྷན་མཇལ་མོལ་གནང་ཡོད་པ་དང། དེ་ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། ཕྱི་ལོ་གསར་བཞད་ཟླ་ ༡ ཚེས་ ༢ ཉིན་དབུ་འཛུགས་ཀྱིས་ཚེས་ ༡༤ བར་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་འབུམ་གཉིས་ལྷག་ལ་དཔལ་དུས་ཀྱི་འཁོར་དབང་ཆེན་ཐེངས་ ༣༤ བཀྲིན་བསྩལ་བ་གཙོས་ཁུལ་དེའི་ནང་མཛད་འཕྲིན་སྣ་མང་བསྐྱངས་གྲུབ་རྗེས་ཟླ་འདིའི་ཚེས་ ༡༦ ཉིན་མགོན་པོ་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་༸ཞལ་བསྒྱུར་གནང་མཛད་པ་དང་། ཁུལ་དེར་རྒྱ་གར་རྒྱལ་ཡོངས་བེུད་ཚོང་པ་ཚོགས་པའི་འཐུས་མི་བུད་མེད་ ༢༠༠ ལྷག་ལ་ནུས་སྟོབས་གོང་འཕེལ་གཏོང་བའི་ནུས་པའི་སྐོར་ལམ་སྟོན་བསྩལ་བ་མ་ཟད། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Mother’s International School དང་བོད་ཁྱིམ་སྡོད་ཁང་དུ་བོད་ཕྲུག་སློབ་མ་བཅས་ཁག་སོ་སོར་བཀའ་སློབ་བསྩལ་བ་བཅས་ཀྱིས་གཙོས་ད་བར་ཁྱོན་ཟླ་བ་གཅིག་དང་ཕྱེད་ལྷག་གི་རིང་རྒྱ་གར་གྱི་མངའ་སྡེ་གསུམ་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་རིང་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།

ཨ་རུ་ནཱ་ཅལ་གཞུང་གིས་༸གོང་ས་མཆོག་གི་ཆིབས་བསྒྱུར་ཐད་སྟ་གོན་གནང་བཞིན་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་རིང་མིན་ཟླ་ ༣ པའི་ནང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེར་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་ལྟར། ད་ཆ་མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་རྟ་དབང་ཁུལ་དུ་ཆིབས་བསྒྱུར་གནང་རྒྱུ་ཐད་ཚ་ཚ་འུར་འུར་ངང་སྟ་གོན་གནང་བཞིན་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ཚེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། མགོན་པོ་༸གང་ཉིད་མཆོག་རིང་མིན་ཟླ་ ༣ པའི་ནང་ཨ་རུ་ནཱ་ཅལ་མངའ་སྡེར་བདུན་ཕྲག་གཉིས་རིང་ཆིབས་བསྒྱུར་གྱིས་མོན་རྟ་དབང་དང་རྒྱལ་ས་ཨི་ཏྲ་ན་གར། དེ་བཞིན་ཨ་རུ་ནཱ་ཅལ་མངའ་སྡེའི་ཤར་ཕྱོགས་རྫོང་སྡེ་ཁག་བཅས་ཀྱི་ནང་ལ་མཛད་འཆར་ཁག་ཅིག་བསྐྱང་གཏན་འཁེལ་ཡོད་སྟབས། ཁ་སང་ཟླ་ ༡ ཚེས་ ༢༢ ཉིན་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་རྟ་དབང་ནང་ཡོད་པའི་ཡིད་དགའ་ཆོས་འཛིན་དགོན་པར་ཆེད་ཕེབས་ཀྱིས་༸གང་ཉིད་མཆོག་གི་ཆིབས་བསྒྱུར་སྟ་གོན་དང་འབྲེལ་བའི་ལས་ གཞི་ཁག་གི་ཐོག་ལ་གཟིགས་ཞིབ་གནང་པ་དང་འབྲེལ་དེར་དགོས་གལ་གྱི་དགོངས་འཆར་རིགས་ཕུལ་འདུག་པ་མ་ཟད། དེ་རྗེས་སུ་ཁུལ་དེར་མགོན་པོ་༸གང་ཉིད་མཆོག་གི་དབུ་འབྱེད་གནང་ཡུལ་ High Altitude རྩེད་ཐང་གི་ Rostrum སྡིངས་ཆ་གསར་པར་ཞིབ་འཇུག་ཆེད་བསྐྱོད་འདུག སྐབས་དེར་པདྨ་མཁའ་འགྲོ་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དེའི་ནང་ལ་གཞུང་གིས་འཆར་ལོ་ནས་ཁུལ་དེའི་ནང་གཞུང་གི་གཙུག་ལག་སློབ་གཉེར་ཁང་ཞིག་ཆེད་འཛུགས་གནང་གཏན་འཁེལ་ཡོད་ཀྱང་། ལས་གཞི་སྤྱི་ཡོངས་ལེགས་གྲུབ་ཟིན་པར་དུས་ཡུན་གང་ཙམ་འགོར་ངེས་ཡིན་པས་ལས་གཞི་དེ་མགོ་འཛུགས་དང་འབྲེལ་ཏེ་རྟ་དབང་ནང་ཡོད་པའི་གཞུང་གི་ HQ primary school  འམ་ཞི་རིམ་སློབ་གྲྭ་དང་དེ་བཞིན་ High Altitude  རྩེད་ཐང་གི་ཐོག་རྩེགས་མཐའ་མ་གཉིས་པོ་གཙུག་ལག་སློབ་ཁང་དེའི་འཕྲལ་གསལ་གྱི་བསྟི་གནས་ཤིག་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པར་དགོངས་འཆར་ཕུལ་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལན་ཨ་རུ་ནཱ་ཅལ་མངའ་སྡེར་ཆིབས་བསྒྱུར་བསྐྱང་རྒྱུའི་མཛད་འཆར་ཐོས་མ་ཐག་རྒྱ་ནག་གཞུང་གིས་རྒྱུན་ལྡན་ལྟར་སྐྱོན་བརྗོད་བྱས་པ་མ་ཟད། མགོན་པོ་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་རྒྱུར་དགག་པ་ཡོད་ཅེས་བརྗོད་པ་དང་ཆིབས་ཅིག རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་ཆེ་རུ་མི་གཏོང་བའི་རེ་བ་ཡོད་སྐོར་བརྗོད་ཡོད་པ་རེད། རྒྱ་གར་དབུས་གཞུང་གིས་རྒྱ་ནག་གཞུང་ནས་སྐྱོན་བརྗོད་བྱས་པར་ལྟོས་མེད་ཀྱིས་༸གོང་ས་མཆོག་ཨ་རུ་ནཱ་ཅལ་ནང་ཆིབས་བསྒྱུར་མཛད་པར་ཆོག་མཆན་ཕུལ་བ་དང་། ལྷག་དོན་རྒྱ་གར་དབུས་གཞུང་དང་ཡུལ་དེའི་ཕྱོགས་འགལ་སྲིད་དོན་ཚོགས་པ་གཉིས་ཀྱིས་ཨ་རུ་ནཱ་ཅལ་མངའ་སྡེ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནིི་རྒྱ་གར་གཞུང་གི་ཆེས་བཀུར་འོས་པའི་སྐུ་མགྲོན་ཞིག་ཡིན་སྟབས།  ༸གོང་ས་མཆོག་རྒྱ་གར་གྱི་ས་ཕྱོགས་གང་དུ་ཆིབས་བསྒྱུར་མཛད་ཀྱང་ཐོབ་ཐང་ཡོངས་རྫོགས་མགོན་པོ་༸གང་ཉིད་མཆོག་ལ་ཡོད་པ་ལས་རྒྱ་ནག་ལ་དབང་མེད་ཅེས་ལན་འདེབས་གནང་ཡོད་པ་རེད། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཁུངས་ཀྱིས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་བོད་ལ་དུས་འགྱུར་བྱུང་སྐབས་བོད་ནས་རྒྱ་གར་ལ་བྲོས་བྱོལ་ཕེབས་སྐབས་རྟ་དབང་བརྒྱུད་ནས་ཕེབས་ཡོད་པར་བརྟེན་ཨ་རུ་ནཱ་ཅལ་མངའ་སྡེ་དང་༸གོང་ས་མཆོག་གི་དབར་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་ཅེས་རྒྱ་གཞུང་ལ་ནན་བརྗོད་གནང་ཡོད་པ་རེད། གཞི་རྩའི་༸གོང་ས་མཆོག་ཟླ་ ༣ པའི་ནང་ཨ་རུ་ནཱ་ཅལ་མངའ་སྡེར་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་ནི་ཁུལ་དེར་ཆིབས་བསྒྱུར་བསྐྱང་ཐེངས་ ༢ ཆགས་ཀྱི་ཡོད་པ་དང་། དེ་སྔ་ ༢༠༠༩ ལོར་ད་ལྟའི་སྤྱི་ཁྱབ་བློན་ཆེན་པདྨ་འགྲོ་མཆོག་གི་ཡབ་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་སྐབས་སུ་༸གོང་ས་མཆོག་ས་གནས་དེར་གདན་ཞུ་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་བོད་རིགས་སློབ་མ་ལྔ་བརྒྱ་ལྷག་ལ་ལམ་སྟོན་བཀའ་སློབ་བསྩལ་བ།

ཟླ་ ༡ ཚེས་ ༢༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཕྲུག་ཁྱིམ་སྡེ འི་མཐོ་རིམ་སློབ་མའི་སྡོད་ཁང་དུ་ཁུལ་དེར་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་མཐོ་རིམ་སློབ་གྲྭའི་སློབ་མ་དང་སྨན་ཞབས་པ་སོགས་ཁྱོན་བོད་རིགས་ན་གཞོན་ ༥༠༠ ལྷག་ལ་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་ཡོད་པ་དང་།  ༸གོང་ས་མཆོག་གིས་ཆེས་ཐོག་མར་༸གང་ཉིད་མཆོག་གི་དགོངས་གཞི་ཆེན་པོ་གསུམ་པོ་ལས་དང་པོ་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་སྐོར་ལ་འགྲེལ་བརྗོད་གནང་པར་ང་ཚོ་སེམས་ཅན་ཐམས་ཅད་ལ་བདེ་བ་འདོད་ཀྱི་ཡོད་ཀྱང་། དངོས་ཡོད་གནས་སྟངས་ཀྱི་ཆ་ནས་ང་ཚོས་འགྲོ་བ་མི་ཙམ་ལས་དུད་འགྲོ་ལྟ་བུའི་སེམས་ཅན་གཞན་ལ་དེ་ཙམ་ཕན་འདོགས་བྱེད་ཐབས་མེད་པ་དང།  ༸གང་ཉིད་མཆོག་གི་ངོས་ནས་རྒྱུན་དུ་གོ་སྐབས་ནམ་བྱུང་ལ་འགྲོ་བ་གཅིག་འགྱུར་ཡིན་པའི་འདུ་ཤེས་འཛིན་ཏེ་མིའི་རིགས་ལ་ལྷན་སྐྱེས་སུ་ཡོད་པའི་བརྩེ་བའི་རང་བཞིན་གྱི་ནུས་པ་ཡོད་པ་དང་། ལྷག་པར་དུ་སེམས་ཅན་གཞན་དང་མི་འདྲ་བར་འགྲོ་བ་མིའི་རིགས་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་རྣམ་དཔྱོད་བེད་སྤྱོད་པའི་ནུས་པ་ཞིག་ཡོད་པ་ལྟར།   ནུས་པ་དེའི་ཐོག་ནས་རང་གཞན་ཀུན་ལ་ཕན་ཐབས་ཡོང་བར་གནང་དགོས་གལ་ཡིན་སྐོར་ལམ་སྟོན་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་ཆོས་ལུགས་མཐུན་འབྲེལ་དང་འབྲེལ་བཀའ་བསྩལ་དོན་ལ་ཆོས་མི་འདྲ་བ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་དེང་སྐབས་འཛམ་གླིང་ནང་མི་ཕན་ཚུན་དབར་གསོད་རེས་ལྟ་བུ་ཡོང་གི་ཡོད་པ་དེ་ཧ་ཅང་ཐབས་སྡུག་པོ་རེད་ཅེས་བཀའ་གནང་པ་དང་ཆབས་ཅིག གཞི་རྩའི་ཆོས་ལུགས་ཚང་མའི་ལྟ་གྲུབ་མི་འདྲ་བ་ཡིན་ཀྱང་དམིགས་ཡུལ་བྱམས་བརྩེ་གོང་འཕེལ་ཡོང་ཐབས་ལ་ཆེད་དམིགས་གནང་པ་གཅིག་མཚུངས་ཡིན་སྟབས། ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གནང་རྒྱུ་ནི་ཆེས་གནད་ཆེ་ཡིན་པར་ལམ་སྟོན་བསྩལ་སོང་བ་དང་། བོད་རིགས་ན་གཞོན་ཚོས་རྒྱུན་དུ་བོད་པ་གཅིག་པོ་ཡིན་པའི་བསམ་བློ་གུ་དོག་པོ་གཏོང་རྒྱུ་མེད་པར་རྒྱ་ཆེ་ས་ནས་བོད་པའི་ལོ་རྒྱུས་སུ་བྱུང་བའི་རྐྱེན་ངན་གྱི་གྱོང་གུན་ཆེན་པོ་དེ་དག་ལ་བསམ་བློ་གཏོང་དགོས་གལ་ཡིན་པ་སོགས་ལམ་སྟོན་མཛད་ཡོད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ ལེགས་གྲུབ་མཛད་བསྟུན་གནས་མཆོག་རྡོ་རྗེ་གདན་ནས་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་།  ལྡི་ལིར་ཉིན་ཤས་རིང་བཞུགས་ཞག་མཛད་སྐབས་དེར་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་  Richard Davidson  ལགས་ཀྱིས་དབུས་པའི་ཚན་རིག་པ་གཞན་ཁག་ཅིག་ནས་༸གང་ཉིད་མཆོག་གི་ཞལ་མཇལ་ཞུ་བར་ཕེབས་ཡོད་པ་དང་། ཁ་སང་གི་མཛད་རིམ་དེའི་ཐོག་མགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ Richard Davidson ལགས་ལ་བོད་རིགས་སློབ་མ་ཚོར་གསུང་བཤད་གནང་དགོས་པར་བཀའ་མངགས་གནང་དོན་ལྟར་ཁོང་གིས་ཀྱང་བོད་རིགས་སློབ་མ་རྣམས་༸གོང་ས་མཆོག་དང་ཆེས་ཐོག་མ་ཕྱི་ལོ་ ༡༩༩༢ ལོར་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་།   དུས་དེ་ནས་བཟུང་ད་བར་ལོ་ ༢༥ རིང་མགོན་པོ་མཆོག་གི་ལྷན་དུ་གྲོས་མོལ་གནང་པའི་བརྒྱུད་ནང་པའི་སེམས་ཁམས་རིག་པའི་ལྟ་གྲུབ་དེའི་ཐོག་ནས་རང་ཉིད་སྒེར་ཙམ་མ་ཚད་འཛམ་གླིང་སྤྱིའི་བདེ་སྐྱིད་ལ་ཕན་རླབས་ཆེན་པོ་ཡོང་རྒྱུ་ཡིན་པའི་ངེས་རྙེས་བྱུང་བ་དང་། ལྷག་པར་ཁོང་སྒེར་ལ་ཆ་མཚོན་ནའང་ལྟ་གྲུབ་དེའི་ཐོག་ནས་སེམས་འགུལ་ཆེན་པོ་ཐེབས་ཡོད་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་རེད། རྩ་བའི་ཁ་སང་གི་མཛད་རིམ་དེ་ལེགས་གྲུབ་ཟིན་རྗེས་བོད་རིགས་སློབ་མ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཀླད་པའི་ཚན་རིག་པ་སྐུ་ཞབས་ Richard Davidson ལགས་རྣམ་གཉིས་ལ་གནད་དོན་འདྲ་མིན་ཐོག་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་ཀྱང་བྱུང་ཡོད་པ་རེད།

༸གོང་ས་མཆོག་གིས་རྒྱ་གར་རྒྱལ་ཡོངས་བུད་མེད་ཚོང་པ་ཚོགས་པར་ནུས་སྟོབས་གོང་འཕེལ་གཏོང་བའི་ནུས་པའི་སྐོར་ལམ་སྟོན་བསྩལ་བ།

༸གོང་ས་མཆོག་གིས་རྒྱ་གར་རྒྱལ་ཡོངས་བུད་མེད་ཚོང་པ་ཚོགས་པའི་འཐུས་མི་བུད་མེད་ ༢༠༠ ལྷག་ལ་ནུས་སྟོབས་གོང་འཕེལ་གཏོང་བའི་ནུས་པའི་སྐོར་ལམ་སྟོན་བསྩལ་ཡོད་པ་རེད། དེ་རིང་ཟླ་ ༡ ཚེས་ ༢༡ ཉིན་སྔ་དྲོ་ཚོུད་ ༡༠།༠༠ ཐོག་༸གོང་ས་མཆོག་གིས་རྒྱ་གར་རྒྱལ་ཡོངས་བུད་མེད་ཚོང་པ་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་ལྡི་ལི་གསར་པའི་ FICCI ཚོགས་ཁང་དུ་གོ་ལ་འདིའི་སྟེང་ཡོད་པའི་མི་འབོར་དུང་ཕྱུར་ ༧༠ ལྷག་ཡོད་པ་དེ་དག་ཚང་མ་ལུས་དང་སེམས་ཚོར་བཅས་ཕྱོགས་གང་གི་ཆ་ནས་ཨ་མའི་བྱམས་སྐྱོང་འོག་འཚར་ལོངས་བྱུང་བ་གཅིག་མཚུངས་ཡིན་པ་མ་ཟད། ཚན་རིག་པ་ཚོས་ཀྱང་མིའི་ཆོས་ཉིད་དེ་ཞི་བདེ་ལྡན་པའི་རང་བཞིན་ཅན་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་སྐོར་དྲན་སྐུལ་མཛད་པ་དང་སྦྲགས། ༸གང་ཉིད་མཆོག་གིས་༸སྐུ་སྒེར་མྱོང་བ་དང་སྦྱར་ནས་གསུངས་པར་ང་ཚོ་སེམས་ཅན་གཞན་དང་མི་འདྲ་བར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་རྣམ་དཔྱོད་ཡོད་སྟབས། རྣམ་དཔྱོད་དེའི་བརྒྱུད་ནས་རྒྱུན་དུ་སེམས་བཟང་པོ་བྱ་ཚེ་རང་ཉིད་ཀྱི་ལུས་སེམས་གཉིས་ཀ་བདེ་ཐང་ཡོང་རྒྱུ་ཙམ་མ་ཟད། དེ་བཞིན་རང་ཉིད་ཀྱི་ནང་མི་སྐྱིད་པ་དང་ནང་གཅིག་གཉིས་ལས་རིམ་བཞིན་ནང་མི་བརྒྱ་བཅས་བརྒྱུད་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་འགྱུར་བ་ཞིག་འགྲོ་ངེས་ཡིན་སྟབས། སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ང་ཚོ་མི་རེ་ངོ་རེ་ལ་འོས་འགན་ཡོད་པ་ལྟར་འཛམ་བུ་གླིང་འདི་འགྱུར་བ་ཞིག་ཡོང་བར་དེ་མཚུངས་སུ་འགན་ཡོད་སྐོར་བཀའ་ནན་བསྩལ་སོང་། དེ་བཞིན་༸གོང་ས་མཆོག་གིས་སྐབས་རེ་ང་ཚོར་ངལ་བ་འཕྲད་ཚེ་སེམས་ཤུགས་ཆག་པ་ལྟ་བུ་བསྡད་ཀྱི་ཡོད་པ་རེད། གལ་སྟེ་འཛམ་བུ་གླིང་འདི་ཞི་བདེ་ལྡན་པ་ཞིག་དགོས་ཚེ་དེ་ལྟར་ཡོང་བར་ང་ཚོས་འབད་བརྩོན་གནང་དགོས་པ་ལས་གློ་བུར་དུ་གནམ་ནས་ལྷུང་བ་སོགས་ཡོང་རྒྱུ་མེད་སྟབས། ང་ཚོའི་ངོས་ནས་ངེས་པར་དུ་གོ་ལ་འདིའི་ཆ་ཤས་ཤིག་ཡིན་པའི་ཆ་ནས་འོས་འགན་ཞིག་ཡོད་པ་དང་དེའང་ལྷག་བསམ་རྣམ་དག་གིས་འགན་འཁྱེར་དགོས་པ་རེད་ཅེ་ལམ་སྟོན་མཛད་ཡོད་པ་རེད། ༸གང་ཉིད་མཆོག་གིས་ད་དུང་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་དེ་དངོས་པོའི་ལམ་ལུགས་ལ་བརྟེན་དྲག་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག རྒྱ་གར་གྱི་གནའ་བོ་ནས་ཡོད་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དེ་དེང་སྐབས་ཀྱི་མིའི་བསམ་བློ་ཁྱེར་ཕྱོགས་དང་ཆེས་འཚམ་པོ་ཡོད་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད། རྒྱ་གར་རྒྱལ་ཡོངས་བུད་མེད་ཚོང་པའི་ཚོགས་གཙོ་ཝི་ནི་ཏཱ་བིམ་བེཏ་ Vinita Bimbhet མཆོག་གིས་སྐབས་དེར་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་གསང་གསུམ་མཛད་འཕྲིན་ཁག་ལ་ཆེ་བསྟོད་ཞུས་པ་དང་། དེ་བཞིན་༸གང་ཉིད་མཆོག་དང་ཐུགས་ཉེ་ཡོད་པའི་རྒྱ་གར་གྱི་བི་ཇེ་པི་ཆབ་སྲིད་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ཨེལ་ཀེ་ཨཌ་ཝཱནི་མཆོག་གི་སྲས་མོ་པྲ་ཏི་བྷ་ཨཌ་ཝཱནི་མཆོག་གིས་ཀྱང་དེ་སྔོན་མགོན་པོ་མཆོག་དང་ཐེངས་འགའ་ཤས་རིང་ཞལ་མཇལ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་སྐོར་བེུད་རྣམས་ལ་ངོ་སྤྲོད་གནང་ཡོད་པ་རེད། གཞི་རྩའི་༸གོང་ས་མཆོག་གིས་རྒྱ་གར་རྒྱལ་ཡོངས་བེུད་ཚོང་པ་ཚོགས་པའི་འཐུས་མི་བུད་མེད་ ༢༠༠ ལྷག་ལ་ནུས་སྟོབས་གོང་འཕེལ་གཏོང་བའི་ནུས་པའི་སྐོར་ལམ་སྟོན་བསྩལ་ཡོད་པ་དང་། དེ་བཞིན་ཉིན་རྒྱབ་ཏུ་༸གང་ཉིན་མཆོག་གིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Mother’s International School ཞེས་པའི་སློབ་གྲྭར་ཤེས་ཡོན་དང་འཇིག་བརྟེན་ཡ་རབས་ཞེས་པའི་བརྗོད་གཞིའི་ཐོག་དགེ་ལས་སློབ་ཕྲུག་རྣམས་ལ་བླང་དོར་གྱི་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད། ཤེས་རྟོགས་བྱུང་བར་ཟླ་ ༡ ཚེས་ ༢༣ ཉིན་༸གོང་ས་མཆོག་རྒྱལ་ས་ལྡི་ལི་ནང་གི་མཛད་འཆར་ཁག་རེ་ཞིག་ལེགས་གྲུབ་ཀྱིས་མཁའ་ལམ་བརྒྱུད་བཞུགས་སྒར་དུ་ཕྱིར་༸ཞབས་སོར་འཁོད་གནང་མཛད་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་མི་མང་གི་རེད་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སི་ཨེན་ཨེན་གསར་ཁང་གི་བཅར་འདྲི་དང་ལེན་མཛད་སྐབས་འཛམ་གླིང་འདིའི་ནང་ཡོད་པའི་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་གཙོ་བོ་མི་མང་གི་རེད་ཅེས་བཀའ་བསྩལ་འདུག དེའང་ཟླ་བ་སྔོན་མའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་འབྲས་སྤུངས་དགོན་པར་ཚན་རིག་གི་ཚོགས་འདུ་ཐོག་དབུ་བཞུགས་མཛད་པ་དང་བསྟུན། ཨ་རིའི་སེ་ཨེན་ཨེན་ CNN གསར་ཁང་གི་གསར་འགོད་པ་སཱན་ཇེ་གུཔ་ཏཱ་ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་ཞུས་པའི་བརྙན་པར་གྱི་ཚན་པ་ཞིག་ཉེ་ཆར་བརྒྱུད་ལམ་ཁག་ཏུ་འདོན་སྤེལ་གནང་འདུག སྐབས་དེར་གསར་འགོད་པ་སཱན་ཇེ་ལགས་ཀྱིས་ཨ་མི་རི་ཀའི་སྲིད་འཛིན་གསར་པ་སྐུ་ཞབས་ཌོ་ནལ་ཊམ་མཆོག་གི་གཞུང་འཛིན་ཐོག་ལ་༸གང་ཉིད་མཆོག་ནས་གཟིགས་ཚུལ་གང་ཡོད་མེད་ཐོག་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་རྒྱལ་ཁབ་ཀྱི་སྲིད་འཛིན་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེའང་གཙོ་བོ་འཛམ་གླིང་འདི་འགྲོ་བ་མི་ཚང་མར་བདག་པ་ཞིག་རེད། རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་མི་མང་གི་རེད། ཨ་རིའི་རྒྱལ་ཁབ་འདི་བཞིན་ཨ་རིའི་མང་ཚོགས་ཀྱི་རེད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག ༸གང་ཉིད་མཆོག་གིས་ཨ་རི་དེ་འཛམ་གླིང་འདིའི་ནང་རང་དབང་ཐོག་ཤར་བསྐྱོད་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་གི་ཡོད་པ་མ་ཟད། ལྷག་པར་དུ་ཨ་རི་ནི་མང་གཙོའི་རྒྱལ་ཁབ་ཅིག་དང་དབང་ཆ་གཅིག་བསྡུས་རིང་ལུགས་ཤིག་མིན་སྟབས། གང་ཟག་སྲིད་འཛིན་སྒེར་གཅིག་གིས་ཁྱད་པར་ཆེན་པོ་བཟོ་ཐུབ་ཀྱི་མེད་སྐོར་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་དེ་སྔོན་ཨ་རིའི་རྒྱལ་ཁབ་ཀྱི་མི་ཐོག་གོང་མ་རྣམས་ནས་རང་དབང་། མང་གཙོ། ཁྲིམས་ལུག་དབང་འཛིན་བཅས་གཙོ་བོ་འཛིན་པ་གཞིར་བཞག་གིས་ད་ལན་མང་ཚོགས་ནས་གདམས་པའི་ཨ་རིའི་སྲིད་འཛིན་གསར་པ་མཆོག་གིས་ཀྱང་དེ་དག་གཙོ་འཛིན་ཐོག་རིང་མིན་སྲིད་གཞུང་དེའང་ཆིག་སྒྲིལ་དང་མཉམ་འབྲེལ་ཐོག་སྣེ་ཁྲིད་བྱ་རྒྱུའི་འོས་འགན་ཡོད་ཅེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་བཀའ་འདྲིའི་ལས་རིམ་ཐོག་རྒྱལ་ཁབ་ཀྱི་དབུ་ཁྲིད་ནས་ཉིན་རེའི་འཛིན་སྐྱོང་ལས་དོན་ལ་འདོད་བློ་མ་ཁེངས་པར་ཁོང་ཁྲོའི་ནང་ལྷུང་བའི་མང་ཚོགས་ཚོར་ཐབས་ལམ་ལྔ་ལམ་སྟོན་གནང་ཡོད་པ་ལས། ཆེས་ཐོག་མར་རང་རྒྱུད་ལ་བྱམས་བརྩེའི་བློ་གོང་འཕེལ་གཏོང་རྒྱུ་དང། བྱམས་བརྩེའི་བློ་རྒྱུན་གནས་ཡོང་བར་བསམ་བློ་ནན་ཏན་གཏོང་དགོས་པ། བྱམས་བརྩེ་བློ་དེའི་བརྒྱུད་ནས་རང་རྒྱུད་ཀྱི་ཁྲོ་སེམས་མེད་པ་བཟོས་རྒྱུ་དང་གཞན་ལ་ཕན་པའི་ལས་དོན་བསྒྲུབ་རྒྱུའི་བསམ་བློ་འཁྱེར་དགོས་པ། འགྲོ་བ་མི་རྣམས་གཅིག་འགྱུར་གྱི་འདུ་ཤེས་འཛིན་དགོས་པ་བཅས་ལམ་སྟོན་གནང་པ་མ་ཟད། དེ་དག་རང་རྒྱུད་ལ་བརྟན་པོ་ཞིག་སྒོམ་ཐུབ་ཚེ་རང་ཉིད་ཀྱི་ཉེ་འཁོར་ལ་ངལ་བ་གང་ཞིག་འཕྲད་ཀྱང་སེམས་མ་འཁྲུགས་པར་དུས་ཀུན་ཏུ་བག་ཕེབས་དང་བདེ་སྐྱིད་ངང་གནས་ངེས་ཡིན་པ་གསུངས་འདུག

༸གོང་ས་མཆོག་གིས་རྒྱ་གར་རྒྱལ་ཡོངས་བུད་མེད་ཚོང་པ་ཚོགས་པར་ལམ་སྟོན་བཀའ་སློབ་བསྩལ་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་སྔ་དྲོ་ཚོུད་ ༩།༤༥ ཙམ་ལ་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། རིང་མིན་ཟླ་འདིའི་ཚེས་ ༢༡ ཉིན་མགོན་པོ་༸གང་ཉིད་མཆོག་གིས་ཁུལ་དེར་རྒྱ་གར་རྒྱལ་ཡོངས་བུད་མེད་ཚོང་པ་ཚོགས་པའི་འཐུས་མི་བེུད་ལྔ་བརྒྱ་ལྷག་ལ་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད། དེ་ཡང་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་མཛད་འཕྲིན་ཁག་ལེགས་པར་བསྐྱངས་གྲུབ་བསྟུན། ཁ་སང་སྔ་ཐོག་གནས་མཆོག་རྡོ་རྗེ་གདན་ནས་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལིའི་ཕྱོགས་སུ་ཕེབས་ཐོན་གྱིས་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུག དེ་རིང་ནས་ཚེས་ ༢༠ བར་༸གང་ཉིད་མཆོག་རྒྱལ་ས་ལྡི་ལིར་༸སྐུ་ངལ་གསོ་བཞུགས་མཛད་ཀྱི་ཡོད་པ་དང་། ཕྱི་ཚེས་ ༢༡ ཉིན་སྔ་ཐོག་མགོན་པོ་མཆོག་གིས་རྒྱ་གར་རྒྱལ་ཡོངས་བུད་མེད་ཚོང་པ་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་ཚོགས་པའི་འཐུས་མི་བུད་མེད་ལྔ་བརྒྱ་ལྷག་ལ་བཀའ་སློབ་བསྩལ་གནང་མཛད་ཀྱི་ཡོད་པ་མ་ཟད། ཉིན་རྒྱབ་ཏུ་༸གང་ཉིན་མཆོག་གིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Mother’s International School ཞེས་པའི་སློབ་གྲྭར་ཤེས་ཡོན་དང་འཇིག་བརྟེན་ཡ་རབས་ཞེས་པའི་བརྗོད་གཞིའི་ཐོག་དགེ་ལས་སློབ་ཕྲུག་རྣམས་ལ་བླང་དོར་གྱི་བཀའ་སློབ་བསྩལ་གཏན་འཁེལ་འདུག ཤེས་རྟོགས་བྱུང་བར་ཟླ་ ༡ ཚེས་ ༢༣ ཉིན་༸གོང་ས་མཆོག་རྒྱལ་ས་ལྡི་ལི་ནང་གི་མཛད་འཆར་ཁག་རེ་ཞིག་ལེགས་གྲུབ་ཀྱིས་མཁའ་ལམ་བརྒྱུད་བཞུགས་སྒར་དུ་ཕྱིར་༸ཞབས་སོར་འཁོད་གནང་མཛད་ཀྱི་འདུག གཞི་རྩའི་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༢ ཚེས་ ༥ ཉིན་སླར་ཡང་རྒྱལ་ས་ལྡི་ལི་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱང་སྟེ་ཁུར་དེར་རྟེན་གཞི་བྱས་པའི་ Vidyaloke ལྟེ་གནས་ཁང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་ Talkatora རྒྱ་གར་གྱི་ཤེས་རབ་དང་ཞབས་རྗེས་སམ་ Reviving Indian Wisdom in Contemporary India ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་གཏན་འཁེལ་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་སོ་བཞིའི་བཀའ་ཆོས་མཛད་ཀྱི་འདུག

༸གོང་ས་མཆོག་རྡོ་རྗེ་གདན་ནས་ཆིབས་༸ཞལ་བསྒྱུར་གནང་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་དེ་རིང་སྔ་དྲོ་ཚོུད་ ༧།༠༠ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཕྱོགས་སུ་ཆིབས་༸ཞལ་བསྒྱུར་གནང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔོན་མའི་ཚེས་ ༢༨ ཉིན་བྷི་ཧར་མངའ་སྡེའི་རྒྱལ་ས་པཊ་ནཱར་ཆིབས་བསྒྱུར་གྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་ལྷན་མཇལ་མོལ་གནང་ཡོད་པ་དང། དེ་ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། ཕྱི་ལོ་གསར་བཞད་ཟླ་ ༡ ཚེས་ ༢ ཉིན་དབུ་འཛུགས་ཀྱིས་ཚེས་ ༡༤ བར་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་འབུམ་གཉིས་ལྷག་ཙམ་ལ་དཔལ་དུས་ཀྱི་འཁོར་དབང་ཆེན་ཐེངས་ ༣༤ བཀྲིན་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་དུས་དབང་དང་བསྟུན་ཆོས་ཞུ་བ་ཚོར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་བཀའ་ཆོས་བསྩལ་ཡོད་པ་མ་ཟད། ཚེས་ ༡༤ ༸གོང་ས་མཆོག་གིས་གནས་ཁྱད་པར་ཅན་འདིར་འདུ་འཛོམས་བྱུང་པའི་ཆོས་ཞུ་བ་ཉིས་འབུམ་ལྷག་ལ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཀྲིན་བསྩལ་ཡོད་པ་དང་། དེ་བཞིན་༸གོང་ས་མཆོག་ལ་དུས་དབང་གོ་སྒྲིག་ཚོགས་ཆུང་བོད་མིའི་སྒྲིག་འཛུག་དང་། བལ་ཡུལ་ནང་པའི་ཚོགས་སྐྱིད་སོགས་ནས་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེ་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། གཞན་ཡང་དུས་དབང་གི་དུས་ཡུན་དེའི་ཁྲོད་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་དང། ཉེ་འཁོར་སོག་པའི་དགོན་པ་གསར་པ་རབ་གནས་དབུ་འབྱེད་མཛད་པ་དང། ས་གནས་ཀྱི་རྒྱ་གར་སློབ་ཕྲུག་ཚོར་བཀའ་སློབ་བསྩལ་བ། ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་པ། དེ་བཞིན་བོད་ནས་གསར་དུ་འབྱོར་བའི་བོད་མི་ཚོ་དང་རྒྱ་རིགས་ཁག་ཅིག་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་མཛད་ཡོད་པ་རེད། གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་དུས་དབང་ཐེངས་ ༣༤ འདིའི་ཐོག་ཆེད་བཅར་ཞུས་པའི་ཆོས་ཞུ་བ་ཚོ་ལ་ཆ་མཚོན་ན་འཛམ་གླིང་ཡུལ་འདྲ་མིན་ ༩༠ ལྷག་ནས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཉིས་འབུམ་ལྷག་འདུ་འཛོམས་བྱུང་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་དུས་འཁོར་དབང་ཆེན་དུས་ཡུན་རིང་བོད་མིའི་གཞུང་དང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གིས་འཕྲོད་བསྟེན་དང་འབྲེལ་སྤྱི་ཚོགས་ཀྱི་ཞབས་ཞུ་དང། བོད་དོན་དང་འབྲེལ་བའི་ཆབ་སྲིད་གོ་རྟོགས་ཀྱི་ལས་འགུལ། དེ་མཚུངས་སུ་རྩེད་འགྲན་དང་རོལ་དབྱངས་འདུ་འཛོམས་སོགས་ཀྱི་བྱེད་སྒོ་མང་དག་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། དེ་དག་གི་ཁྲོད་ནས་ཆོས་ཞུ་བའི་བདེ་དོན་སླད་དུ་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྒྱ་ཆེ་ཤོས་སྤེལ་མཁན་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཆགས་ཀྱི་ཡོད་པ་དང། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དུས་དབང་སྐབས་དང་བླངས་ཞབས་ཞུ་བ་ ༢༣༠ ལྷག་བརྒྱུད་ནས་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྒྱ་ཆེ་སྤེལ་གནང་ཡོད་པ་རེད། རྩ་བའི་དེ་རིང་ཟླ་ ༡ ཚེས་ ༡༦ ཉིན་སྔ་དྲོ་༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་ནས་ཆིབས་ཞལ་བསྒྱུར་གནང་མཛད་རྗེས་ཆོས་ཞུ་བ་རྣམས་རང་ཉིད་སོ་སོའི་ས་གནས་སུ་ཐོན་བཞིན་འདུག་པ་དང། དེ་བཞིན་ལ་ལ་ཞིག་ཉེ་འཁོར་གྱི་ནང་པའི་གནས་ཆེན་ཁག་ཏུ་གནས་སྐོར་དུ་བསྐྱོད་དང་སྐྱོད་མུས་རེད་འདུག  མཛད་འཆར་ལྟར་ན། དེ་རིང་ཟླ་ ༡ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་༸ཞལ་བསྒྱུར་གནང་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ཉིན་ཤས་རིང་ལྡི་ལིར་བཞུགས་ཞག་མཛད་ཀྱི་འདུག

༸གོང་ས་མཆོག་གིས་༸གང་ཉིད་མཆོག་དགུང་ལོ་བརྒྱ་སྐོར་བར་བཞུགས་རྒྱུའི་ཐུགས་ཐག་བཅད་ཐུབ་ཀྱི་འདུག་ཅེས་བཀའ་བསྩལ།

གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་འདིའི་ཐོག་འདུ་འཛོམས་བྱུང་བའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཉིས་འབུམ་ལྷག་ཡོད་པ་དེ་དག་ལ་དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟིགས་ལམ་དང་སྔར་གྱི་ལུང་བསྟན་ལྟར་༸གང་ཉིད་མཆོག་དགུང་གྲངས་ ༡༡༣ བར་བཞུགས་བཞུགས་རྒྱུ་གསལ་ཡོང་གི་ཡོད་ཀྱང་། དེ་ལྟར་བཞུགས་ཐུབ་མིན་གསུངས་དཀའ་བར་གྱུར་ཡང་དགུང་ལོ་བརྒྱ་བར་བཞུགས་རྒྱུའི་ཐུགས་ཐག་བཅད་ཐུབ་ཀྱི་འདུག་ཅེས་བཀའ་བསྩལ་སོང་བ་མ་ཟད། མཆམ་མཐུན་དང་བརྟན་ལྷིང་གི་གཞི་རྩ་དེ་སེམས་པ་བཟང་པོ་དང་དྲང་པོ་བྱེད་རྒྱུ་རེད་ཅེས་སོགས་ལམ་སྟོན་བཀྲིན་བསྩལ་ཡོད་པ་རེད། གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་ ༣༤ པ་དེ་ཁ་སང་ནས་ལེགས་པར་གྲུབ་བསྟུན། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་ཁྱད་པར་ཅན་འདིར་འདུ་འཛོམས་བྱུང་པའི་ཆོས་ཞུ་བ་ཉིས་འབུམ་ལྷག་ལ་སྤྱན་རས་གཟིགས་ངན་སོང་ཀུན་འདུས་ཀྱི་རྗེས་སྣང་བཀྲིན་བསྩལ་ཡོད་པ་དང་། ཆོས་འབྲེལ་སྐབས་༸གང་ཉིད་མཆོག་གིས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་རྡོ་རྗེ་སྤུན་གྲོགས་ཚོ་རྒྱུན་དུ་ནས་ཐུགས་མཐུན་ཁྲིམས་གཙང་དགོས་པའི་ལམ་སྟོན་བཀའ་བསྩལ་མཛད་པ་དང་སྦྲགས་ཏེ་ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནས་བཅར་བའི་བོད་མི་ཆོས་ཞུ་བ་ཁག་ཅིག་ལ་ཆབ་སྲིད་ཀྱི་གནོན་ཤུགས་སྤྲོད་པའི་འོག་ཕྱིར་ལོག་དགོས་བྱུང་ཡོད་པ་དེར་ཐུགས་ཕམ་བྱུང་སྐོར་གསུངས་པ་མ་ཟད། དེ་ལྟ་བུའི་བྱེད་སྟངས་དེ་མི་རིགས་ཕན་ཚུན་དབར་མཆམ་མཐུན་དང་བརྟན་ལྷིང་མི་ཡོང་བའི་གཞི་རྩ་རེད་ཅེས་བཀའ་ནན་བསྩལ་ཡོད་པ་རེད། ༸གོང་ས་མཆོག་ལ་བོད་མིའི་སྒྲིག་འཛུག་དང་བལ་ཡུལ་ནང་པའི་ཚོགས་སྐྱིད་སོགས་ནས་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེ་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་དོན་ལྟར། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་རྒྱལ་དབང་སྐུ་འཕྲེང་རིམ་བྱོན་དང་། ལྷག་པར་དུ་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ད་བར་འཛམ་གླིང་སྤྱི་དང་སྒོས་བོད་རྒྱ་ཆེ་མི་མང་གི་བདེ་དོན་སླད་བསྐྱངས་དང་སྐྱོང་བཞིན་པའི་བླ་ན་མེད་པའི་མཛད་རྗེས་ཁག་ལ་རྗེས་དྲན་ཞུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཤུགས་དྲག་ཞུས་ཡོད་པ་རེད། དེ་རིང་གི་བརྟན་བཞུགས་མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸རྒྱལ་མཆོག་སྐུ་ཕྲེང་དང་པོ་རྒྱལ་བ་དགེ་འདུན་གྲུབ་ཀྱི་རྣམ་ཐར་གྱི་ཚིག་འབྲུ་ཞིག་ལུང་འདྲེན་གནང་སྟེ་བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་བར་དུ་བརྟན་པར་བཞུགས་རྒྱུ་མེད་ཀྱང་། ལོ་བརྒྱ་སྐོར་ཞིག་བཞུགས་རྒྱུའི་ཐུགས་ཐག་བཅད་ཐུབ་ཀྱི་ཡོད་ཅེས་བཀའ་བཞེས་བཟང་པོ་བསྩལ་གནང་མཛད་སོང་།

བྷི་ཧར་བློན་ཆེན་མཆོག་གིས་༸གོང་ས་མཆོག་ལ་སླར་ཡང་རྡོ་རྗེ་གདན་དུ་དུས་དབང་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ།

དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་ལེགས་གྲུབ་ཀྱི་མཛད་སྒོར་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་གིས་༸གོང་ས་མཆོག་ལ་མ་འོངས་པར་སླར་ཡང་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་སོང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་སྟེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༡ ཚེས་ ༢ ཉིན་དབུ་འཛུགས་ཀྱིས་དེ་རིང་བར་འཕགས་ཡུལ་གྱི་གནས་མཆོག་ཤར་རྡོ་རྗེ་གདན་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཉིས་འབུམ་ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་བཀྲིན་བསྩལ་གནང་ཡོད་པ་རེད། དེ་རིང་སྔ་དྲོ་རྗེས་སྣང་དང་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་མཚམས་སུ་དུས་དབང་གི་གསུང་ཆོས་ར་བའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐེངས་འདིའི་དུས་འཁོར་དབང་ཆེན་ལེགས་གྲུབ་ཀྱི་གཞུང་འབྲེལ་མཛད་སྒོ་ཞིག་ཚོགས་གནང་སོང་། གཞུང་འབྲེལ་གྱི་མཛད་སྒོ་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས། སྐུ་མགྲོན་གཙོ་བོ་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་ Nitish Kumar མཆོག་དང་ས་གནས་ཀྱི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ཅིག  བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་མཁན་བླ་སྤྲུལ་རྣམ་པ།  ༸གོང་ས་མཆོག་གི་སློབ་མ་དང་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Richard Gere ལགས། དེ་བཞིན་ཕྱི་ནང་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་ལྷག་འདུ་འཛོམས་བྱུང་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་མཆོག་གིས་མཛད་སྒོ་དེའི་བརྒྱུད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྲན་རྟེན་ཕྱག་རྟགས་ཤིག་ཕུལ་བ་དང་སྦྲགས། བྷི་ཧར་མངའ་སྡེའི་གཞུང་གིས་འདས་པའི་ལོ་ཤས་ནང་ཁུལ་དེའི་ནང་པའི་གནས་ཆེན་ཁག་ལ་ཡར་རྒྱས་ཀྱི་ལས་གཞི་རིམ་པ་སྤེལ་མུས་ཡིན་སྐོར་༸གོང་ས་མཆོག་ལ་སྙན་གསེང་ཞུས་སོང་བ་མ་ཟད། ༸གང་ཉིད་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ད་བར་དུས་འཁོར་དབང་ཆེན་ཐེངས་ ༤ བཀྲིན་བསྩལ་གནང་མཛད་ཡོད་པ་དང་།  ད་རེས་ཐེངས་ ༥ པ་དེའི་ཐོག་བྷི་ཧར་མངའ་སྡེ་གཞུང་དང་མང་ཚོགས་ནས་མཐུན་འགྱུར་དང་ཞབས་ཞུའི་ལས་དོན་སྒྲུབ་རྒྱུའི་གོ་སྐབས་བྱུང་བར་ཁོང་གིས་མངའ་སྡེའི་གཞུང་མང་གཉིས་ཀྱི་ཚབ་ཞུས་ཏེ་དུས་དབང་གོ་སྒྲིག་ཚོགས་ཆུང་དང་ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་རེད། ལྷག་པར་དུ་བློན་ཆེན་མཆོག་གིས་གོ་སྐབས་དེ་ཆེ་བཞེས་ཀྱིས་༸གོང་ས་མཆོག་གི་དགུང་གྲངས་ ༡༠༠ ཙམ་མ་ཟད། དགུང་གྲངས་ ༡༡༣ བར་སྐུ་འཚོ་བཞུགས་གནང་སྐྱོང་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུས་པ་དང་འབྲེལ། གནས་མཆོག་རྡོ་རྗེ་གདན་འདི་༸གོང་ས་མཆོག་དང་ནང་པའི་མང་ཚོགས་ཚོའི་གནས་ཆེན་ཞིག་ཡིན་སྟབས། མགོན་པོ་༸གང་ཉིད་མཆོག་གནས་འདིར་དུས་ནམ་ཞིག་ཕེབས་ཀྱང་ང་ཚོ་བྷི་ཧར་མངའ་སྡེའི་གཞུང་མང་ཡོངས་ནས་དུས་རྟག་ཏུ་དགའ་བསུ་ཡོད་ཅེས་སོགས་གསུངས་པ་མ་ཟད།  ༸གོང་ས་མཆོག་གིས་མ་འོངས་པར་སླར་ཡང་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་སོང་། དེ་བཞིན་༸གོང་ས་མཆོག་གིས་སློབ་མ་དང་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་ཀྱིས་ཕྱི་རྒྱལ་ཆོས་ཞུ་བའི་ཚབ་ཞུས་ཏེ་གསུང་བཤད་གནང་པར་ད་རེས་ནང་པའི་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་གིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་མཁན་བླ་སྤྲུལ་རྣམ་པ་དབུ་བཞུགས་ཐོག་ང་རང་ཚོ་༸གོང་ས་མཆོག་གི་སྐུ་མདུན་ནས་དུས་འཁོར་དབང་ཆེན་ཞུ་རྒྱུའི་གོ་སྐབས་བྱུང་བ་འདི་ནི་ཧ་ཅང་གི་སྐལ་པ་བཟང་པོ་ཞིག་དང་། དུས་དབང་གི་ཉིན་གྲངས་འདིའི་རིང་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ལམ་སྟོན་མཛད་པ་ལྟར། ང་ཚོ་ཆོས་ཞུ་བ་ཚོས་གཞན་ལ་བྱམས་པ་དང་བརྩེ་བ། མི་བཟང་པོ་ཞིག་བྱེད་ཐུབ་པའི་རེ་བ་ཡོད་སྐོར་སོགས་གསུངས་ཡོད་པ་རེད། དེ་བཞིན་ཁོང་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་དུ་བཅར་རྒྱུ་དེ་ཆོས་ཞུ་བ་ཚོར་ལས་སླ་པོ་ཞིག་མིན་པ་དང་། ལྷག་པར་དུ་བོད་ནང་གི་བོད་མི་ཚོ་དེ་བས་ཀྱང་དཀའ་ཚེགས་ཆེན་པོ་འཕྲད་བཞིན་ཡོད་པ་འགྲེལ་བརྗོད་གནང་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་ད་ལན་བོད་ནང་གི་བོད་མི་ཚོར་དམ་བསྒྲགས་ཤུགས་ཆེ་བྱེད་རྐྱེན་བོད་མི་མང་པོ་ཞིག་དུས་དབང་ཞུ་ཐུབ་མེད་པ་དང་། རྒྱ་གཞུང་གིས་བཙན་གནོན་དང་དམ་བསྒྲགས་འོག་དཀའ་སྡུག་མྱོང་བཞིན་པའི་ཡ་ང་བའི་བོད་ནང་གི་བོད་མི་ཚོ་ནི་ང་ཚོས་དུས་རྟག་ཏུ་ཡིད་ལ་དྲན་ཞིང་ཁོ་ཚོར་བྱམས་པ་དང་སྙིང་རྗེ་སྒོམ་དགོས་ཅེས་གསུངས་ཡོད་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཐེངས་འདིའི་དུས་དབང་གི་བཀའ་དབང་བསྩལ་གནང་མཛད་པར་ཐུགས་རྗེ་ཆེ་ཞེས་ཞུས་སོང་བ་དང་། དེའང་བོད་མི་སྤྱིའི་སྤྱི་མཐུན་བསོད་ནམས་གོང་འཕེལ་གཏོང་རྒྱུ་གནད་ཆེ་ཡིན་སྐོར་སོགས་གསུངས་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་སངས་རྒྱས་པའི་བསྟན་པར་ཞབས་འདེབས་སྒྲུབ་རྒྱུར་ད་ལྟའི་ཆར་ནང་པའི་ལྷ་ཁང་དང་དགོན་པ་གཅིག་པུ་ཡོད་པས་ཕན་ཐོགས་རྒྱུ་མེད་པ་དང་། གཙོ་བོ་དགོན་པ་དེ་དག་མ་འོངས་པར་སློབ་གཉེར་བྱ་ཡུལ་གྱི་ལྟེ་གནས་ཤིག་ཏུ་བསྒྱུར་དགོས་ཅེས་བཀའ་བསྩལ་སོང་། ད་དུང་མགོན་པོ་མཆོག་གིས་ཆོས་ཞུ་བ་ཚོས་ད་ལན་དུས་དབང་ཞུས་རྗེས་རང་རང་སོ་སོའི་གནས་སུ་ལོག་སྐབས་སེམས་རྒྱུད་ལ་འགྱུར་བ་ཐེབས་པ་ཞིག་དགོས་ཅེས་བསྐྱར་ནན་གནང་པ་དང་། ཆོས་ཉམས་སུ་ལེན་པའི་བརྒྱུད་མ་འོངས་པར་མི་ཚེའི་ནང་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་དེ་དག་ལ་ཆོས་ཀྱི་ཐོག་ནས་གདོང་ལེན་བྱེད་ཐུབ་ཞིག་བྱེད་དགོས་ཅེས་བཀའ་བསྩལ་མཛད་ཡོད་པ་རེད། མཛད་འཆར་ལྟར་ན། གནངས་ཟླ་ ༡ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་གི་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ཉིན་ཤས་རིང་ལྡི་ལིར་བཞུགས་ཞག་མཛད་ཀྱི་འདུག

Latest news