Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

བོད་རང་བཙན་གྱི་རོལ་དབྱངས་འདུ་ཚོགས།

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཕྱི་ལོ་ ༡༩༡༣ ཟླ་ ༢ ཚེས་ ༡༤ ཉིན་བོད་རང་བཙན་བཙན་གྱི་བསྐྱར་ནན་བསྒྲགས་གཏམ་གསལ་བསྒྲགས་བསྐྱངས་པའི་དུས་དྲན་ཉིན་མོ་དང་བསྟུན་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་རང་བཙན་སློབ་ཕྲུག་ཚོགས་པས་རོལ་དབྱངས་འདུ་ཚོགས་ཤིག་གོ་སྒྲིག་གནང་སོང་།ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ཉེ་འགྲམ་གྱི་ Dusshera ཐང་ཆེན་ཁུལ་དུ་གོ་སྒྲིག་ཞུས་པའི་རོལ་དབྱངས་འདུ་ཚོགས་དེའི་ཐོག་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་རྒྱ་གར་ནང་སྙན་གྲགས་ཡོད་པའི་ Parikrama རོལ་དབྱངས་ཚོགས་པ་དང་། Man Goes Human ལ་སོགས་པའི་རོལ་དབྱངས་ཚོགས་པ། གཞས་པ་སྒེར་ཁག་གཅིག་ནས་འཁྲབ་སྟོན་གནང་ཡོད་པ་མ་ཟད། ནི་ཐར་ལན་ཌི་ནས་ཡིན་པའི་བོད་རིགས་གཞས་མ་གཏམ་གཏོང་མཁན་བསྟན་འཛིན་གསལ་སྒྲོན་དང་། མ་རི་ཀོ དེ་བཞིན་ལྡི་ལི་མཐོ་སློབ་ནང་སྐྱོད་བཞིན་པའི་བོད་ཁྱིམ་སྡོད་ཁང་གི་སློབ་ཕྲུག་ཁག་གཅིག་ནས་ཀྱང་བོད་ཀྱི་རིག་གཞུང་འཁྲབ་སྟོན་སོགས་ཀྱང་གཟིགས་འབུལ་ཞུས་འདུགབོད་རང་བཙན་སློབ་ཕྲུག་ཚོགས་པས་རོལ་དབྱངས་འདུ་ཚོགས་དེ་ནི་རྒྱ་གར་ས་གནས་ཀྱི་མང་ཚོགས་རྣམས་ལ་བོད་དོན་ངོ་སྤྲོད་དང་དྲིལ་བསྒྲགས་ཡོང་ཐབས། བོད་མི་ཚོར་རང་བཙན་གྱི་ཉིན་མོ་དེ་དྲན་གསོ་ཡོང་ཐབས། ལྷག་པར་དུ་བོད་མི་རིགས་ཀྱི་གདེང་སྤོབས་སླར་གསོ་ཡོང་ཐབས་བཅས་ལ་ཆེད་དམིགས་གནང་སྐོར་འགྲེལ་བརྗོད་གནང་ཡོད།

འཆི་མེད་ལྷ་མོ་ལགས་ཊོ་རོན་ཊོ་གཙུག་ལག་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན།

ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་དུ་དབང་རྩའི་ཚན་རིག་དང་སེམས་ཁམས་རིག་པའི་ཐོག་སློབ་སྦྱོང་གནང་བཞིན་པའི་བོད་པའི་བུ་མོ་འཆི་མེད་ལྷ་མོ་ལགས་གཙུག་ལག་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་འདུག གཞི་རྩའི་འཆི་མེད་ལྷ་མོ་ལགས་ཀྱིས་སྔ་ལོའི་འོས་བསྡུ་སྐབས་མཉམ་ཞུགས་གནང་དོན་ལྟར་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཞོན་དུ་བདམས་ཡོད་པ་དང་། འདི་ལོའི་འོས་བསྡུའི་བརྒྱུད་རིམ་ཁྲོད་གཙུག་ལག་སློབ་གཉེར་ཁང་དེའི་ནང་ཡོད་པའི་རྒྱ་རིགས་སློབ་ཕྲུག་ཚོས་འཆི་མེད་ལྷ་མོ་ལགས་གཙུག་ལག་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་ཟིན་རྗེས་འཆི་མེད་ལྷ་མོ་ལགས་ཀྱི་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲྭ་རྒྱ་ Instagram ཐོག་སྐྱོན་བརྗོད་དང་ཟུར་ཟའི་མཆན་མང་དག་ཅིག་བཀོད་པ་མ་ཟད། Change.org ཞེས་པའི་དྲྭ་ལམ་ཐོག་འཆི་མེད་ལྷ་མོ་ལགས་ནི་བོད་རང་བཙན་དོན་དུ་ཕྱག་ལས་གནང་མཁན་ཞིག་དང་། རྣམ་ཀུན་ནས་ཆབ་སྲིད་ཀྱི་ལས་དོན་དང་འབྲེལ་བ་ཡོད་སྐོར་སོགས་ཀྱི་འགྲེལ་བརྗོད་བྱས་ནས་འཆི་མེད་ལྷ་མོ་ལགས་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་གནང་རྒྱུ་མེད་པའི་དྲིལ་བསྒྲགས་སོགས་ཀྱང་སྤེལ་ཡོད་པ་རེད། འོན་ཀྱང་རྒྱ་རིགས་སློབ་མའི་སྐྱོན་བརྗོད་དང་འགག་པ་བྱས་པར་ལྟོས་མེད་ཐོག་འཆི་མེད་ལྷ་མོ་ལགས་ Toronto གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་གནང་ཡོད་པ་ལྟར། དེ་རིང་རླུང་འཕྲིན་ཁང་གིས་ཁོང་ལ་དེ་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ཐོག་མར་རྒྱ་རིགས་སློབ་ཚོས་ངོ་རྒོལ་བྱེད་སྐབས་སེམས་འཚབ་ཕྲན་བུ་བྱུང་ཡང་། འདས་པའི་ལས་དོན་གྱི་ཉམས་མྱོང་དང་ལྷག་པར་དུ་༸གོང་ས་མཆོག་གིས་བཟོད་སྒོམ་དང་སྙིང་རྗེ་ཐོག་བསྩལ་བའི་བཀའ་སློབ་དེ་དག་ཉམས་ལེན་ཞུ་རྒྱུའི་གོ་སྐབས་བཟང་པོར་ངོས་འཛིན་ཞུས་ནས་རྒྱ་རིགས་སློབ་མའི་ཚིག་རྩུབ་དང་སྐྱོན་བརྗོད་དེ་དག་ལ་བཟོད་སྒོམ་གནང་ཡོད་པ་དང་ཆབས་ཅིག ཊོ་རོན་ཊོ་གཙུག་ལག་ཁང་དེ་ནི་རྒྱལ་སྤྱིའི་ཐོག་མཚན་སྙན་གྲགས་ཡོད་སྟབས་གཙུག་ལག་སློབ་གཉེར་ཁང་དེའི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོ་དེ་བོད་པའི་བུ་མོ་ཞིག་བདམས་ཐོན་བྱུང་ཐུབ་པ་ནི་དགའ་སྤོབས་བྱ་འོས་ཤིག་དང་སླད་མར་བོད་པའི་ན་གཞོན་ཚོར་དམིགས་དཔེ་དང་སེམས་ཤུགས་འཕར་མ་བསྐྲུན་ཐུབ་པའི་ཡིད་ཆེས་ཡོད་སྐོར་སོགས་གསུངས་ཡོད། འཆི་མེད་ལྷ་མོ་ལགས་ད་ལྟའི་ཆར་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཞོན་གནང་མུས་ཡིན་པ་དང་། རིང་མིན་ཕྱི་ཟླ་ ༥ ཚེས་ ༡ ནས་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་དངོས་སུ་བཞེས་གནང་གི་ཡོད་པ་རེད། ད་རེས་འཆི་མེད་ལྷ་མོ་ལགས་ཚོགས་གཙོའི་རྒྱལ་ཁ་ཐོབ་པར་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་དང་། Canada Tibet Committee ཞེས་ཁེ་ན་ཌ་བོད་རིགས་ཚོགས་པ། དེ་བཞིན་སྤྱི་ཚོགས་འདྲ་མིན་ནང་ཕྱག་ལས་གནང་བཞིན་པའི་བོད་པའི་གཞོན་སྐྱེས་སོགས་ནས་ངོ་དེབ་བརྒྱུད་ཁོ་མོར་དགའ་བསུའི་འཚམས་འདྲི་ཞུ་བཞིན་འདུག

གཟིག་རྒྱབ་རིན་པོ་ཆེ་མཆོག་བཀྲིས་ལྷུན་པོའི་མཁན་ཐོག་ལྔ་པར་ཁྲི་འདོན་གནང་བ།

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་གཡུ་ལོ་བཀོད་པའི་གྲོང་སྡེ་ནས་ཡིན་པའི་ཡབ་པ་སངས་ཚེ་དབང་དང་ཡུམ་གཡུ་སྒྲོན་གཉིས་ཀྱི་སྲས་དགུང་གྲངས་ ༣༦ ལ་ཕེབས་པའི་གཟིག་རྒྱབ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་བསྟན་འཛིན་ཐུབ་བསྟན་རབ་རྒྱས་མཆོག་འདི་ལོ་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་ཐོག་ལྔ་པར་བསྐོ་གཞག་ཕྱག་རྟགས་རིན་པོ་ཆེ་ཕེབས་དོན་ལྟར། དེ་རིང་ཟླ་ ༢ ཚེས་ ༡༡ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་གདན་ས་སེ་འབྲས་དགེ་གསུམ་སོགས་དགོན་སྡེ་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་དང་སྐུ་ཚབ་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དབུས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཀརྨ་དགྲ་འདུལ་ལགས་ཀྱིས་གཙོས་པའི་སྤྱི་འཐུས་ཁག་གཅིག  ས་གནས་གཞི་འགོ  གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་སེར་སྐྱ་མང་ཚོགས་བཅས་ཁྱོན་སྐུ་མགྲོན་བརྒྱ་ཕྲག་ཁ་ཤས་ལྷན་འཛོམས་ཐོག་དངོས་སུ་ཁྲི་འདོན་མཛད་སྒོ་གཟབ་རྒྱས་གནང་ཡོད་པ་རེད། གསར་འགོད་པས་གཟིག་རྒྱབ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་བསྟན་འཛིན་ཐུབ་བསྟན་རབ་རྒྱས་མཆོག་ལ་བཅར་འདྲི་ཞུས་པའི་སྒྲ་གཤམ་གསལ།

ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི།

ཟླ་ ༢ ཚེས་ ༥ ཉིན་ནས་བོད་མི་གནས་ཡུལ་རྒྱལ་སྤྱིའི་ས་གནས་གང་སར་བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༨ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་ལྷན་ཁང་དེའི་ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ཁང་གི་དྲུང་ཆེའི་ཕྱག་རོགས་སྐུ་ཞབས་ Patrick Murphy ལགས་དང་ཨ་རིའི་ཕྱི་འབྲེལ་མི་སྣ་ལྕམ་ Alice Wells ལགས་རྣམ་གཉིས་ཀྱིས་གཙོས་པའི་ལས་རོགས་ཁག་ཅིག དེ་བཞིན་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་གཙོས་པའི་འབྲེལ་ཡོད་ལས་བྱེད་དང་ས་གནས་བོད་མི་བཅས་ལྷན་ཞུགས་ཐོག་བོད་ཀྱི་ལོ་གསར་དགའ་སྟོན་སྲུང་བརྩི་ཞུས་ཡོད་པ་རེད།སྐབས་དེར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ཁང་གི་དྲུང་ཆེའི་ཕྱག་རོགས་སྐུ་ཞབས་ Patrick Murphy ལགས་ནས་བོད་མི་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་དང་སྦྲགས། ཨ་རིའི་སྲིད་གཞུང་གི་ངོས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་བོད་མིའི་ངོ་བོ་སྲུང་སྐྱོབ་བཅས་ཀྱི་ཐད་མུ་མཐུད་རྒྱབ་སྐྱོར་ཡོད་ཅེས་ནན་བརྗོད་གནང་འདུག གཞི་རྩའི་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་འདི་ལོའི་ལོ་གསར་སྲུང་བརྩི་མ་གནང་བའི་གོང་ལོ་གསར་གྱི་ཚེས་གཅིག་ཟིན་མཚམས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Michael R. Pompeo ལགས་ནས་ཨ་རི་གཞུང་གི་སྐུ་ཚབ་མཚོན་པའི་ཐོག་ཧི་མཱ་ལ་ཡའི་རི་རྒྱུད་སྤྱི་དང་སྒོས་རྒྱ་གར་དང་བལ་ཡུལ། འབྲུག བོད་བཅས་རྒྱལ་སྤྱིའི་ས་གནས་གང་སར་ཡོད་པའི་བོད་མི་རྣམས་ལ་ལོ་གསར་པའི་དགའ་སྟོན་ལ་འཚམས་འདྲི་དང་ལོ་གསར་སྐབས་དོ་བདག་སོ་སོའི་ནང་མི་སྤུན་མཆེད། ཚོགས་སྐྱིད་སོགས་མཉམ་འཛོགས་ཐོག་དགའ་སྤྲོའི་དཔལ་ལ་རོལ་སྐབས་སུ་ཨ་རིའི་སྲིད་གཞུང་འདི་སྔར་བཞིན་བོད་པའི་མཐུན་གྲོགས་འགྱུར་བ་མེད་པ་ཞིག་ཡིན་པ་ཐུགས་འཇགས་གནང་རོགས་ཞེས་གསུངས་ཡོད།ཁ་ཉིན་ཨ་རིའི་མངའ་སྡེ་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ་ཨ་རིའི་གྲོས་ཚོགས་འཐུས་མི་ Alexandria Ocasio-Cortez ལགས་དང་། ནིའུ་ཡོག་ས་གནས་གྲོས་ཚོགས་འཐུས་མི་ Jessica Ramos ལགས། དེ་བཞིན་ནིའི་ཡོག་གྲོང་སྡེའི་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་བྱེད་ Nick Gulotta ལགས་སོགས་ཨ་རི་དབུས་དང་ས་གནས་གྲོས་ཚོགས་འཐུས་མི་དང་ལས་བྱེད་བཅས་གདན་ཞུས་ཀྱིས་ལོ་གསར་སྲུང་བརྩི་ཞུས་ཡོད་པ་དང་། དེ་རེས་ས་གནས་སུ་ལོ་གསར་དགའ་སྟོན་ཐོག་ཨ་རིའི་གནད་ཡོད་མི་སྣ་གདན་ཞུ་གནང་ཐུབ་པ་དེ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད། སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་ Alexandria Ocasio-Cortez ལགས་ནས་བོད་མི་ཡོངས་ལ་ལོ་གསར་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས། ང་ཚོ་འདིར་ལྷན་འཛོམས་ཐུབ་པ་དེ་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གོམས་སྲོལ་བཟང་པོ་དེ་དག་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་གསུངས་ཡོད། དེ་བཞིན་ཨ་མི་རིའི་མ་ངའ་སྡེ་ Utah དང་ Minnesota  སོགས་སུ་ཡང་ཨ་རི་དབུས་དང་ས་གནས་གྲོས་ཚོགས་འཐུས་མི་སོགས་གདན་ཞུ་ཐོག་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་ཡོད་པ་དང་། ཁེ་ན་ཌའི་ Toronto ནང་རྟེན་གཞི་བྱས་པའི་གངས་ལྗོངས་ཆོས་ལྡན་གླིང་དུ་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་གདན་ཞུ་ཐོག་ལོ་གསར་གྱི་དགའ་སྟོན་སྲུང་བརྩི་ཞུས་ཡོད་པ་རེད།གནམ་ལོ་གསར་དུ་བཞད་པའི་བོད་ཀྱི་ལོ་གསར་སྐབས་རྒྱལ་སྤྱིའི་གཞུང་དང་གནད་ཡོད་མི་སྣ་མང་དག་ཅིག་ནས་བོད་མི་ཚོར་འཚམས་འདྲི་གནང་ཡོད་པ་ལྟར། འདི་ལོའི་ལོ་གསར་སྐབས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་ནས་ཧི་མཱ་ཅལ་མངའ་སྡེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་པ་འདིར་དུས་རྟག་ཏུ་དམིགས་བསལ་གྱི་དགའ་སྤོབས་ཆེན་པོ་ཡོང་གི་འདུག་ཅེས་གསུངས་པ་དང་སྦྲགས། ཧི་མཱ་ཅལ་གཞུང་མང་ཡོངས་ནས་རྒྱ་གར་གཙོ་གྱུར་འཛམ་གླིང་ས་གནས་གང་སར་ཞུགས་པའི་བོད་མི་རྣམས་ལ་ལོ་གསར་པར་དགའ་བསུའི་འཚམས་འདྲི་དང་མ་འོངས་པའི་ལས་དོན་ཀུན་ལམ་ལྷོང་ཡོང་བར་སྨོན་འདུན་གནང་ཡོད།

ལྷོ་ཨ་ཕི་རི་ཀའི་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཟླ་ ༢ ཚེས་ ༧ ཉིན་ལྷོ་ཨ་ཕི་རི་ཀའི་ SONA 2019 འམ་ ༢༠༡༩ སོ་ན་གྲོས་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཡུལ་དེའི་མང་གཙོ་མནའ་སྦྲེལ་ཚོགས་པས་གདན་ཞུ་གནང་དོན་ལྟར་ཟླ་བ་འདིའི་ཚེས་ ༥ ནས་ ༩ བར་ལྷོ་ཨ་ཕི་རི་ཀའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་ནས་ཡུལ་དེའི་སྲིད་འཛིན་ཟུར་པ་སྐུ་ཞབས་ F W De Klerk མཆོག་དང་མཇལ་མོལ་གནང་བ་མ་ཟད་ཡུལ་དེའི་ནང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨིན་ཁ་ཏ་རང་དབང་ཚོགས་པའི་ཚོགས་མི། དེ་བཞིན་ཡུལ་དེའི་གཙུག་ལག་སློབ་གྲྭའི་ཤེས་ཡོན་མི་སྣ་དང་གསར་འགོད་པ་བཅས་མཇལ་འཕྲད་གནང་འདུགཡུལ་དེའི་མང་གཙོ་མནའ་འབྲེལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་ལྷན་འཛོམས་ཐོག་སྲིད་སྐྱོང་མཆོག་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གཙོས་པའི་རྒྱ་ནག་གི་སྲིད་བྱུས་རྣམས་ངོ་སྤྲོད་གནང་བ་མ་ཟད་གྲོས་ཚོགས་འཐུས་མི་རྣམ་པས་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་མ་ཐུབ་ཚེ་དེ་ནི་སྨྲ་བརྗོད་རང་དབང་དང་མང་གཙོའི་ལམ་ལུགས་རྣམས་རྩ་ཁྲིམས་གཞིར་བཟུང་ལག་བསྟར་གནང་མ་ཐུབ་པའི་རྣམ་པ་ཡིན་པར་འགྲེལ་བརྗོད་གནང་འདུགདེ་བཞིན་ཚེས་ ༦ ཉིན་སྲིད་སྐྱོང་མཆོག་ནས་ཡུལ་དེའི་སྲིད་འཛིན་ཟུར་པ་ De Klerk མཆོག་དང་མཇལ་མོལ་གནང་སྐབས་བོད་མི་ ༡༥༣ ལྷག་གིས་རང་ལུས་མེར་བསྲེགས་གནང་ཡོད་པའི་ཛ་དྲག་གི་གནས་སྟངས་ལས་ད་ལྟའི་ཆར་བོད་ནང་དུ་ཆབ་སྲིད་ཐོག་དམ་བསྒྲགས་ཇི་ཙམ་ཡོད་མེད་ཚོད་དཔག་ཐུབ་པ་དང་། བོད་མི་དེ་དག་གིས་རང་སྲེག་གནང་སྐབས་བོད་ལ་རང་དབང་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། སྲིད་འཛིན་ཟུར་པ་མཆོག་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས། བོད་མིའི་རང་དབང་འཐབ་རྩོད་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་ཡོད་པ་གསུངས་འདུག རྩ་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ལྷོ་ཨ་ཕི་རི་ཀའི་ནང་གཞུང་འབྲེལ་ཕྱོགས་ཕེབས་འདི་ནི་ཁུལ་དེར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ཐེངས་གཉིས་པ་དེ་ཡིན་པ་རེད།

དགེ་བཤེས་མའི་སྔགས་ཀྱི་རྒྱུགས་སྤྲོད་ཆེས་ཐོག་མ།

དེ་རིང་སྔ་དྲོ་ཆུ་ཚོད་ ༩༌༣༠ ཐོག་བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་༸དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ར་ཆེ་གཉིས་པའི་གཙུག་ལག་ཁང་དུ་བོད་གངས་ཅན་གྱི་སྲིད་པ་སར་ཆགས་པའི་ལོ་རྒྱུས་ཁྲོད་ཀྱི་དགེ་བཤེས་མའི་སྔགས་ཀྱི་རྒྱུགས་སྤྲོད་ཆེས་ཐོག་མའི་མཛད་སྒོ་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གཙོས་པའི་རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག དེ་བཞིན་བཙུན་མའི་ལས་འཆར་གྱི་འགན་འཛིན་དང་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་སོགས་དབུ་བཞུགས་ཐོག་བཙུན་དགོན་ལྔ་ནས་ཕེབས་པའི་དགེ་བཤེས་མ་གྲངས་ ༢༣ གྱིས་ལོ་རྒྱུས་ཐོག་གི་དགེ་བཤེས་མའི་སྔགས་ཀྱི་རྒྱུགས་སྤྲོད་ཐེངས་དང་པོ་ཡོངས་སུ་ལེགས་གྲུབ་ཀྱིས་སྔགས་རམས་པའི་ཕྱག་འཁྱེར་བཞེས་སོང་།སྐབས་དེར་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་ཉི་ཟེར་གྱི་བྱིན་རླབས་འོག་ནས་བཙན་བྱོལ་གྱི་གནས་བབས་ཅིག་གི་ཐོག་ནས་སླར་བསྟན་པའི་མེ་རོ་གསོ་གནང་བ་དང་། སྔར་ན་མེད་པའི་བཙུན་མའི་སློབ་གཉེར་གྱི་དགོངས་པ་ཆེ་བཞེས་ཀྱིས་བཙན་བྱོལ་གྱི་སྤྱི་ཚོགས་ཁྲོད་དུ་དགེ་བཤེས་མ་ཐོན་སློབ་ཐོན་ཟིན་པ་མ་ཟད་ད་རེས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དགེ་བཤེས་མའི་སྔགས་རམས་པ་ཐོན་ཡོད་པ་སོགས་ངོ་སྤྲོད་གནང་ཡོད། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་འདས་པའི་བཙན་བྱོལ་གྱི་མི་ལོ་ ༦༠ ནང་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་ལྟར་ནང་པའི་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་གནང་ནས་བྱས་རྗེས་མི་དམན་པ་བཞག་ཡོད་པ་ལྟར།  སྔགས་རམས་པའི་དགེ་བཤེས་མ་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ཆ་བཙན་བྱོལ་ནང་གི་གྲྭ་རྒྱུན་དེ་ཆད་ལ་ཉེ་བའི་དུས་སྐབས་འདིར་བོད་ཀྱི་དགོན་སྡེ་ ༢༧༦ ནང་ལ་ཧི་མཱ་ལ་ཡའི་གྲྭ་རྒྱུན་བརྒྱ་ཆ་ ༦༧ དང་། སོག་པོ་གཙོས་པའི་ཕྱི་ཕྱོགས་ཀྱི་གྲྭ་བཙུན་གྱི་གྲངས་འབོར་ཕུད་པའི་བོད་པ་རང་གི་གྲྭ་རྒྱུན་གྱི་བརྒྱ་ཆ་དེ་ ༢༢ ལས་ལྷག་མེད་པས་དེའི་ཐོག་དགོངས་བཞེས་གནང་དགོས་ཞེས་གསུངས་སོང་།བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་སྔགས་རམས་དགེ་བཤེས་མ་ཚོས་སྐུ་ལས་མང་པོ་བསྐྱོན་ནས་དེ་རིང་གྲུབ་འབྲས་ཆེན་པོ་སྨིན་ཏེ་ཕྱག་འཁྱེར་བཞེས་ཀྱི་ཡོད་པ་ལྟར། མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བའི་ཕྱག་ལས་གནང་དགོས་པ་མ་ཟད། ལྷག་དོན་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དགེ་བཤེས་མ་རྣམས་རང་གནས་སུ་ཕྱིར་ཕེབས་ཀྱིས་བསྟན་པའི་གཞི་རྟེན་གསར་འཛུགས་གནང་རྒྱུར་དམིགས་བསལ་གྱི་འོས་འགན་ཡོད་པའི་གཞེན་སྐུལ་གནང་ཡོད། རྩ་བའི་ཕྱི་ལོ་ ༢༠༡༦ ལོ་ནས་བོད་ཀྱི་ལོ་རྒྱུས་ཐོག་གི་དགེ་བཤེས་མའི་མཚན་གནས་བཞེས་འགོ་ཚུགས་ཤིང་། འདས་པའི་ལོ་གསུམ་གྱི་རིང་དགེ་བཤེས་མ་ ༣༣ ཐོན་ཡོད་པ་ལྟར། འདི་ལོར་བོད་ཀྱི་ལོ་རྒྱུས་ཐོག་གི་བཙུན་དགོན་མི་འདྲ་བ་ཁག་ལྔ་ནས་སྔགས་རམས་ཀྱི་དགེ་བཤེས་མ་ ༢༣ ཐོན་ཐུབ་ཡོད་པ་འདི་ནི་ལོ་རྒྱུས་ཐོག་ཆེས་ཐོག་མ་ཆགས་ཡོད་པ་དང་།  ཁ་སང་ཚེས་ ༣༡ ཉིན་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས་སྔགས་རམས་དགེ་བཤེས་མ་ཚོར་དམིགས་བསལ་མཇལ་ཁ་བསྩལ་ཡོད་པ་རེད།

ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་དང་མཇལ་མོལ་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བདུན་ཕྲག་གཅིག་ཙམ་གྱི་རིང་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པའི་ཁྲོད། ཁ་སང་ཟླ་ ༡ ཚེས་ ༣༡ ཉིན་སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Shimomura Hakubun མཆོག་གིས་གཙོས་པའི་འཐུས་མི་བརྒྱད་དང་དམིགས་བསལ་མཇལ་མོལ་གནང་འདུགདེའང་སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཤེས་རིག་བློན་ཆེན་ཟུར་པ་སྐུ་ཞབས་  Shimomura མཆོག་དང་ཚོགས་གཞོན་སྐུ་ཞབས་ Watanabe Shu མཆོག་རྣམ་གཉིས་ཀྱིས་གཙོས། Yamatani Eriko ལགས།  Furuya Keiji ལགས།  Seichi Eto ལགས། Baba Nobuyuk ལགས། Nagao Takashi ལགས། དེ་བཞིན་  Sakurai Yoshiko ལགས་སོགས་གྲོས་ཚོགས་འཐུས་མི་བརྒྱད་དང་མཇལ་མོལ་གནང་འདུག གྲོས་ཚོགས་འཐུས་མི་རྣམས་དང་ཚོུད་ ༡ ཙམ་རིང་མཇལ་མོལ་གནང་སྐབས་སྲིད་སྐྱོང་མཆོག་གིས་བོད་ནང་གི་གནས་སྟངས་དང་བོད་ནང་གི་ཆེས་ཞན་པའི་གནས་བབས་ལ་གཞིགས་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱབ་སྐྱོར་གནང་བའི་འོག་ཉེ་ཆར་ Reciprocal Access to Tibet Act of 2018 ཞེས་ཨ་རིའི་མི་སེར་རྣམས་ལ་བོད་དུ་རང་དབང་ཐོག་འགྲུལ་སྐྱོད་ཆོག་པའི་ཁྲིམས་འཆར་དང་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་བར་གྱི་ཞི་བདེ་སྲུང་སྐྱོབ་ཀྱི་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་ཊམ་མཆོག་གིས་མཚན་རྟགས་བསྐྱོན་ནས་ཁྲིམས་གཞིར་གཏན་འབེབས་གནང་ཡོད་པ་སོགས་སྙན་གསེང་ཞུས་འདུགལྷག་པར་དུ་གྲོས་ཚོགས་ཀྱི་འཐུས་མི་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་ཡོང་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བ་དང་། རྒྱ་གཞུང་གིས་བོད་ནང་བོད་ཀྱི་ཐུན་མིན་ལེགས་བྱང་དང་ཤེས་ཡོན། སྐད་ཡིག དེ་བཞིན་ཆོས་དད་རང་དབང་སོགས་ལ་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེ་དང་ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཁ་སང་ཁ་བའི་འོག་གི་མེ་ལྕེ་ Fire under the Snow ཞེས་པའི་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག་ཉི་ཧོང་གི་གྲོང་ཁྱེར་ Osaka ནང་མང་ཚོགས་བརྒྱ་ཕྲག་བརྒལ་བར་བོད་ཀྱི་གནད་དོན་ཐོག་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཁྱེད་ཅག་ནས་རྒྱ་ནག་གི་སྐོར་ཤེས་དགོས་ཚེ་ཐོག་མར་བོད་སྐོར་ངེས་པར་དུ་ཤེས་དགོས་ཞེས་གསུངས་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་བོད་ནང་རྒྱ་ནག་གིས་བཙན་འཛུལ་བྱས་ནས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐབས་སྡུག་པོ་བྱུང་བ་ལྟར་ཉི་ཧོང་ལའང་དེ་ལྟ་བུ་འབྱུང་སྲིད་པ་རེད་ཅེས་གསུངས་པ་དང་འབྲེལ། རྒྱ་ནག་གིས་བོད་ནང་ཐོག་མར་གཞུང་ལམ་གསར་རྒྱག་ལ་བསྙད་དེ་རིམ་པས་བོད་ཀྱི་ཐུན་མིན་ཁོར་ཡུག་གཏོར་བཤིག་དང་རང་བྱུང་གཏེར་ཁ་སྔོག་འདོན། ནགས་ཚལ་གཅོད་འབྲེག་སོགས་ཀྱི་སྲིད་བྱུང་ངན་པ་ལག་བསྟར་བྱེད་བཞིན་པ་དེ་ད་ཆར་ཨེ་ཤ་ཡ་དང་ཨ་ཕི་རི་ཁ་ཁུལ་དུ་དེ་མཚུངས་སྤེལ་མུས་ཡིན་པ་མ་ཟད། དེ་བཞིན་ཡུ་རོབ་དང་ལྷོ་ཨ་མི་རི་ཁ། ཨོ་སི་ཊོ་ལི་ཡ་རྒྱལ་ཁབ་སོགས་ཀྱི་སྤྱི་ཚོགས་དང་། རིག་གཞུང་། ཆབ་སྲིད་ལས་དོན་ནང་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྐོར་གསུངས་འདུག ལྷག་དོན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་ཆོས་དད་རང་དབང་སོགས་ཀྱི་གནས་བབས་དངོས་གླེང་བར་དམ་བསྒྲགས་ཤུགས་ཆེ་བྱ་རྒྱུས་མཚོན་ཤེས་ཡོན་ཐོག་ལའང་རང་དབང་ངང་སློབ་གཉེར་གནང་རྒྱུར་དམ་བསྒྲགས་བྱེད་མུས་ཡིན་པ་དང་། རྒྱ་མི་རིགས་ཀྱི་སློབ་ཕྲུག་ཕྱི་རྒྱལ་གྱི་མཐོ་སློབ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་ཁག་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་ཧ་ཅང་སྤྲོད་བཞིན་པ་ལྟར། ཉི་ཧོང་གི་ཤེས་ཡོན་བསྟི་གནས་ཁག་གི་ནང་དུའང་དེ་ལྟར་བསླེབ་སྲིད་པས་ངེས་པར་དུ་དོགས་ཟོན་གནང་དགོས་པ་མ་ཟད། ཉི་ཧོང་བ་ཁྱེད་རང་ཚོས་རྒྱ་ནག་གི་སྐོར་ཤེས་དགོས་ཚེ་དང་ཐོག་བོད་སྐོར་ངེས་པར་དུ་ཤེས་དགོས་ཞེས་གསུངས་འདུག ད་དུང་སྲིད་སྐྱོང་མཆོག་གིས་ཤར་ནུབ་རྒྱལ་ཁབ་མང་པོའི་ནང་རྒྱ་ནག་གི་གནོན་ཤུགས་བསླེབས་ཡོད་སྐོར་གསུངས་པ་དང་འབྲེལ་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་གི་ཤུགས་རྐྱེན་ལ་གདོང་ལེན་གྱིས་གྲོས་ཚོགས་འཐུས་མི་ ༥༡ ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་པ་མ་ཟད་དེ་ཡུ་རོབ་ནང་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད་པ་དང་། ཉི་ཧོང་མང་ཚོགས་ཚོས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོགས་མི་མང་ཤོས་ཡོད་པའི་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཚོར་བརྒྱུད་སྐུལ་གང་མང་གནང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་གི་སྐུ་ཚབ་དབར་གྲོས་མོལ་བསྐྱར་གསོ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་། རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་སྲུང་སྐྱོབ་གནང་རྒྱུར་ཤུགས་སྣོན་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་ Nagao Takash ལགས་ཀྱིས་ཉི་ཧོང་བ་ཚོས་བོད་མིའི་ཆོས་དང་རིག་གཞུང་། རང་དབང་སོགས་སྲུང་སྐྱོབ་ཀྱི་ཆེད་ཞབས་འདེགས་ཞུ་ཐུབ་པའི་ནུས་པ་ལྡན་ཡོད་པ་དང་། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན་སོགས་ལ་རོགས་རམ་གནང་གི་ཡོད་སྐོར་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་ཉི་ཧོང་གི་གནའ་བོའི་རྒྱལ་ས་ Nara ནང་རྟེན་གཞི་བྱས་པའི་ Todai-ji ལྷ་ཁང་དུ་གནས་མཇལ་ཕེབས་འདུག

རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་ལ་མྱ་ངན་རྗེས་དྲན་ཞུས་པ།

ཁ་སང་སྔ་དྲོ་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་དང་སྐུ་ཞབས་ George Fernandes མཆོག་དགུང་གྲངས་ ༨༨ ཐོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་མ་ཐག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུས་པའི་ལྡི་ལི་ཁུལ་གྱི་བོད་མི་ཚོས་དམ་པ་ཁོང་གི་གཟིམ་ཤག་ཏུ་ཆེད་ཕེབས་ཀྱིས་ཁོང་གི་ནང་མི་སྐུ་འཁོར་ལྷན་རྒྱས་ལ་ཐུགས་གསོ་དང་། དམ་པ་དེ་ཉིད་ཀྱིས་རྒྱུན་རིང་ནས་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གང་འོས་གནང་བར་བཀྲིན་རྗེས་དྲན་ཞུས་ཡོད་པ་མ་ཟད་ཚོགས་གཞོན་མཆོག་གིས་དབུས་པའི་བོད་མི་དེ་དག་ནས་དམ་པ་ཁོང་གི་སླད་དུ་བསྔོ་སྨོན་གསུང་འདོན་གནང་ཡོད།རླུང་འཕྲིན་ཁང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་བོད་མི་ཚོས་དམ་པ་ཁོང་ལ་དམིགས་བསལ་གྱི་བཀྲིན་རྗེས་དྲན་དང་གུས་བརྩེ་ཞུ་དགོས་དོན་གང་ཡིན་ཐད་ལ་བཀའ་འདྲི་ཞུས་པར་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་ནི་ཆབ་སྲིད་ཀྱི་དབང་ཆ་ཡོད་མེད་ལ་ལྟོས་མེད་བོད་མིར་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་ཚོགས་སྐབས་སྔ་ཕྱིར་རྒྱབ་སྐྱོར་གནང་མཁན་གྱི་དོན་དམ་པའི་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་པ་སོགས་ངོ་སྤྲོད་གནང་སོང་།ཤེས་རྟོགས་བྱུང་བར་སང་ཉིན་སྔ་དྲོ་དམ་པ་ཁོང་གི་གཟིམ་ཤག་ཏུ་ཡི་ཤུའི་ལུགས་ཀྱི་ཐོག་ནས་མཆོད་འབུལ་གནང་རྒྱུ་དང་། ཉིན་རྒྱབ་ཚོུད་ ༣ སྟེང་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་པ་མ་ཟད་གནངས་ཉིན་ཚེས་ ༡ ཉིན་སྤུར་ཐལ་དེ་ཡི་ཤུའི་ལུགས་ལྟར་སར་སྦས་གནང་རྒྱུ་བཅས་ཐུགས་གཏན་ཁེལ་ཡོད་པ་ལྟར། ལྡི་ལི་ཁུལ་གྱི་བོད་མི་ཚོས་དམ་པ་དེའི་འདས་མཆོད་ཀྱི་མཛད་རིམ་དེ་དག་ཐོག་མུ་མཐུད་ལྷན་ཞུགས་གནང་གི་འདུགདེ་བཞིན་དེ་རིང་ཉིན་རྒྱབ་ཚོུད་ ༢ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཀའ་ཤག་གི་ཚོགས་ཁང་གསར་པར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་ལས་བྱེད་ཡོངས་ནས་བདེ་སྲུང་བློན་ཆེན་ཟུར་པ་དམ་པ་ཁོང་ལ་མྱ་ངན་གུས་བཏུད་ཞུ་ཕྱིར་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་བ་མ་ཟད། སྐབས་དེར་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་དམ་པ་ཁོང་ནི་བོད་ལ་དུས་འགྱུར་བྱུང་བ་ནས་བཟུང་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བ་མ་ཟད་ཕྱི་ལོ་ ༡༩༩༤ ལོར་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད་པ་སོགས་ངོ་སྤྲོད་གནང་བ་དང་སྦྲགས། དམ་པ་ཁོང་སྐུ་ཚེ་མ་ཟིན་པ་ནི་འཕགས་བོད་གཉིས་ཀར་གྱོང་གུད་ཆེན་པོ་ཕོག་ཡོད་པ་གསུངས་ཡོད། དེ་རྗེས་དབུས་ལས་ཁུངས་ཁག་ནས་ལས་མཚམས་བཞག་ཡོད་པ་རེད། རྒྱལ་ས་ལྡི་ལིར་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་ལ་མྱ་ངན་རྗེས་དྲན་ཞུས་པའི་སྒྲ། བཞུགས་སྒར་དུ་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་གནང་བའི་སྒྲ།

རྩོམ་ཡིག་འགྲན་བསྡུར་ཐོག་ནས་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུས་པ།

ཁ་སང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་མི་ལོ་ ༣༠ འཁོར་བའི་དགོངས་རྫོགས་ཉིན་མོ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྩོམ་ཡིག་འགྲན་བསྡུར་ཞིག་གོ་སྒྲིག་གནང་བའི་ཐོག་ནས་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུས་འདུག སྔ་ལོ་ཕྱི་ལོ་ ༢༠༡༨ ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པའི་ཐོག་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་གནང་རྒྱུའི་གྲོས་ཆོད་གཏན་འབེབས་བྱུང་བ་ལྟར། བོད་ཀྱི་སྐད་ཡིག་ཐོག་སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལས་གནང་མཁན་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་དགོངས་རྫོགས་དུས་ཚིགས་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་སློབ་ཁག་གི་གཞི་རིམ་གོང་འོག་བར་གསུམ་དང་མཐོ་སློབ་ཀྱི་སློབ་ཕྲུག་སོགས་ལ་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་གི་གནས་སྟངས་དང་། ༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ། བོད་ཀྱི་མ་འོངས་པའི་མདུན་ལམ་དང་ད་ལྟའི་མི་རབས་ཀྱི་བསམ་སྤྱོད་སོགས་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་རྩོམ་ཡིག་འགྲན་སྡུར་གོ་སྒྲིག་གནང་སྟེ་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི་ཞུས་འདུག རྩ་བའི་རྩོམ་ཡིག་འགྲན་བསྡུར་དེ་འདིལོའི་ཟླ་ ༣ པའི་ཟླ་མཇུག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ་ཕུལ་ཟིན་དགོས་པ་དང་རྩོམ་ཡིག་རྩེ་ཕུད་གསུམ་ལ་བྱ་དགའ་གནང་གི་ཡོད་པ་རེད།

Latest news