Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

COP21 རྒྱལ་སྤྱིའི་གླེང་སྟེགས་ཐོག་བོད་ཀྱི་ཁོར་ཡུག་གནད་དོན་གླེང་སློང་ཡོང་ཐབས་གནང་འདུག

  རིང་མིན་ France ཡི་རྒྱལ་ས་ paris ནང་ COP21 ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཚོགས་འཆར་ཡོད་པ་དང་བསྟུན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང། བོད་ཀྱི་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཟུང་འབྲེལ་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཀྱི་གླེང་སྟེགས་དེའི་ནང་བོད་ཀྱི་ཁོར་ཡུག་གནད་དོན་ཐད་གླེང་སློང་ཡོང་ཐབས་གནང་ཡོད་པ་རེད།  ལྷག་དོན་གཞུང་འབྲེལ་མིན་པའི་ཚོགས་པ་གསུམ་པོ་དེ་དག་ནས་རྒྱལ་ས་ལྡི་ལིར་རེས་གཟའ་སྤེན་པའི་ཉིན་ཁུལ་དེར་རྟེན་གཞི་བྱས་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་མདུན་སར་ཆེད་བཅར་ཞུ་ནས་བོད་ཀྱི་ཁོར་ཡུག་གནད་དོན་དང་འབྲེལ་ཡོད་གློག་བརྙན་དང་གཏམ་བརྗོད་གཟིགས་འབུལ་ཞུ་རྒྱུ། དེ་བཞིན་ཡིག་ཆ་ཁག་ཅིག་འགྲེམས་སྤེལ་ཞུ་རྒྱུའི་ལས་འགུལ་སྤེལ་འཆར་ཡོད་པ་རེད་འདུག

འབྲས་ལྗོངས་མངའ་སྡེ་གཞུང་ནས་༸གོང་ས་མཆོག་ལ་ཆེ་བསྟོད་དང་སྦྲགས་ཏེ་༸སྐུའི་འཁྲུངས་སྐར་ཉིན་གཞུང་འབྲེལ་གུང་སེང་གཏང་རྒྱུ་ཡིན་པ་གསུངས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་༸གང་ཉིད་མཆོག་ལ་ཆེ་བསྟོད་ཚུལ་དུ་འབྲས་ལྗོངས་མངའ་སྡེ་གཞུང་འབྲེལ་གུང་སེང་གཏང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། དེ་ཡང་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ སྟེ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན། འཛམ་གླིང་ས་གནས་གང་སར་དགའ་གུས་དད་གསུམ་གྱི་ཐོག་ནས་དུས་ཚོད་སྔ་ཕྱི་མ་གཏོགས་༸སྐུའི་གྱ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད། དེ་བཞིན་ཁ་སང་ཚེས་ ༢༤ ཉིན་འབྲས་ལྗོངས་ཀྱི་གསར་ཁང་ Sikkim Express ཞེས་པའི་གསར་ཤོག་ཐོག་ལ་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་གུས་དད་གསུམ་ཞུ་མཁན་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འབྲས་ལྗོངས་མངའ་སྡེ་གཞུང་དང་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Pawan Chamling མཆོག་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་སྒང་ཏོག་ས་གནས་འགོ་འཛིན་སྐུ་ཞབས་རྡོ་རྗེ་ལགས་སུ་གནད་དོན་དེ་འབྲེལ་ཐད་བཅར་འདྲི་ཞུས་པར་ཁོང་གིས་སྤྱིར་བཏང་འབྲས་ལྗོངས་གཞུང་ནས་ཁུལ་དེའི་ནང་བཅའ་བཞུགས་བོད་མི་རྣམས་ལ་གཟིགས་རྟོག་ལེགས་པོ་གནང་བཞིན་ཡོད་པའི་ཁར། ཁུལ་དེའི་ས་གནས་གྲོང་སྡེ་ལས་ཁུངས་ནང་དུ་བོད་མིའི་ཞབས་སྟེགས་ཤིག་ཀྱང་གནང་ཡོད་པ་རེད་འདུག ད་ལན་༸གོང་ས་མཆོག་ལ་ཆེ་བསྟོད་དེ་ལྟར་ཞུ་ཕྱིར་འབྲས་ལྗོངས་མངའ་སྡེ་གཞུང་འབྲེལ་གུང་སེང་བཏང་རྒྱུ་ཡིན་པ་གསུངས་སོང།

བོད་མིའི་ཚོགས་སྡེ་འགས་སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་དྲང་བདེན་དགོས་པའི་འབོད་སྐུལ་ཞུས་འདུག

ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་བཅུ་དྲུག་གི་བོད་མི་མང་སྤྱི་འཐུས་རྣམ་པའི་སྔོན་འགྲོའི་འོས་འཕངས་རྗེས་ཟླ་བ་གཅིག་ལྷག་སོང་བའི་དུས་ཡུན་ཁྲོད། བོད་མིའི་སྤྱི་ཚོགས་ནང་དབུས་འོས་བསྡུ་ལས་ཁང་གི་སྒྲིག་གཞི་གཏན་འབེབས་དང་ཐག་གཅོད་གནང་ཕྱོགས་ཁག་ཅིག་གི་ཐད་ལ་བསམ་འཆར་དང་དཔྱད་རྩོམ་ཁག་ཅིག་ཐོན་ཡོད་པ་མ་ཟད། ཉེ་འཆར་བོད་མི་མི་སྒེར་དང་ཚོགས་པ་རེ་ཟུང་ནས་དངོས་སུ་ཞུ་ཡིག་ཕུལ་ནས་དབུས་འོས་བསྡུ་ལས་ཁང་ལ་དྲང་བདེན་དགོས་པའི་འབོད་སྐུལ་ཞུས་འདུག  དེ་ཡང་ཉིན་ཤས་གོང་ཨ་རིར་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ནས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱི་མཚན་ཐོག་ཏུ་སླར་ཡང་ཡོངས་ཁྱབ་ཞུ་ཡིག་ཅིག་ཕུལ་ནས། ཁ་སྔོན་ཕྱི་ཟླ་ ༨ པའི་ནང་ཚོགས་པ་དེ་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དགོངས་དོན་བཞིན། སྲིད་སྐྱོང་འོས་མི་སྐུ་ཞབས་ཀླུ་མཁར་བྱམས་ལགས་ལ་རྒྱབ་སྐྱོར་གནང་ཐུབ་ཆེད། འབྲེལ་ཡོད་འཛིན་སྐྱོང་བཀའ་ཤག་ལ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དེ་བཞིན་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པར་ངོས་འཛིན་གནང་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་། ད་བར་ལན་འདེབས་གང་ཡང་གནང་སོན་མ་བྱུང་ཞེས་གསུངས་པ་དང་ཆབས་ཅིག འདིའི་བར་ན་ཇི་སྲིད་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ལ་གཞུང་ཕྱོགས་ནས་ངོས་འཛིན་མ་ཐོབ་བར། རང་གི་རྒྱབ་སྐྱོར་ཞུ་ཡུལ་སྲིད་སྐྱོང་འོས་མི་སྐུ་ཞབས་ཀླུ་མཁར་བྱམས་ལགས་ལ་རྒྱབ་སྐྱོར་ཞུ་ཐུབ་པའི་བརྒྱུད་ལམ་དང་སྡེང་ཆ་ཞིག་བསྐྲུན་ཐབས་བྲལ་བས་ན། འོས་བསྡུ་ལས་ཁང་གི་ཐག་གཅོད་ལ་དྲང་བདེན་ཡོང་མིན་ཐད་བསྐྱར་ཞིབ་གནང་དགོས་གལ་ཡིན་པ་གསུངས་འདུག དེ་འབྲེལ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གསར་འགོད་འབྲེལ་མཐུད་པ་རྒྱལ་མཚན་ཚེ་རིང་ལགས་ཀྱི་གསུངས་དོན་ལ། སྤྱི་ཁྱབ་འོས་བསྡུའི་ལས་ཁང་ནས་གཅིག་གིས་གཅིག་ལ་ཁ་གཡོག་ནས་མ་བཞུགས་པར་དོན་འཁྱོལ་ཡོང་བར་གནང་གལ་ཡིནཔ་གསུངས་པ་མ་ཟད། སྤྱི་ཁྱབ་འོས་བསྡུའི་ལས་ཁང་ནས་བཀའ་ཤག་ལ་ཕུལ་རོགས་ཞེས་གསུངས་པ་དང་བཀའ་ཤག་ནས་ཨ་ལན་བརྡ་ལན་གང་ཡང་གནང་མི་འདུག་པས་སྤྱི་ཁྱབ་འོས་བསྡུའི་ལས་ཁང་ནས་ཁྲིམས་མཐུན་གྱི་ཐག་གཅོད་ཞིག་གནང་རོགས་ཞུ་གྱི་ཡོད།  ལྷག་པར་དུ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ནས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་མཆོག་ལ་འབོད་སྐུལ་དང་འབྲེལ། ད་ལྟའི་སྲིད་སྐྱོང་ལས་ཐོག་མཆོག་འོས་བསྡུའི་ལས་རིམ་ནང་བཞུགས་པའི་དུས་མཚམས་འདིར། བཀའ་ཤག་ནས་ཐག་གཅོད་ཅིག་མ་གནང་བར་དང་།  ཅི་སྟེ་བཀའ་ཤག་ནས་ངོས་འཛིན་མ་ཐོབ་ཀྱང་།  དབུས་འོས་བསྡུ་ལས་ཁང་ནས་གནས་སྐབས་དུས་ཡུན་ངེས་ཅན་ཞིག་གི་བར་ཚོགས་པ་ངོས་འཛིན་གྱི་སྒྲིག་གཞི་དེ་ཕྱིར་འཐེན་གནང་སྐྱོང་ཡོང་བ་ཞུས་འདུག  འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གི་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་སུ་གནད་དོན་དེའི་སྐོར་ལ་བཀའ་འདྲི་ཞུས་སྐབས། སྲིད་སྐྱོང་མཆོག་ས་གནས་སུ་བཞུགས་མེད་སྟབས་ལན་འདེབས་གང་ཡང་གནང་གི་མེད་པ་གསུངས་སོང་།  དུས་མཚུངས་ཡང་སྲིད་སྐྱོང་འོས་མི་སྐུ་ཞབས་ཀླུ་མཁར་བྱམས་ལགས་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་དུ་བཅར་བཞུགས་བོད་མི་ ༡༡༧ ཡས་མས་ཤིག་ནས་དབུས་འོས་བསྡུ་ལས་ཁང་ལ་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལགས་ལ་གནད་ཡོད་མི་སྣ་ལ་ལས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་བཀག་འགོག་གི་སྐད་ཆ་བཤད་པ་དང། གཏམ་བཤད་གནང་སའི་ཁོར་ཡུག་མེད་པ་སོགས་ཀྱི་གྱོང་ཁ་རག་སྐོར་གྱི་ཞུ་ཡིག་ཤོག་ལྷེ་གསུམ་ཅན་ཞིག་ཕུལ་འདུག་པ་མ་ཟད། ལྷག་པར་དུ་ཞུ་ཡིག་དེའི་ཐོག་ནས་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་མི་གསུམ་པ་འདོན་ཕྱོགས་ཀྱི་སྒྲིག་གཞི་དེ་ནི་དུས་ཚོད་ཀྱི་ཆ་ནས་མ་དྲང་བ་ཞིག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཁོ་ནའི་ཆེད་དུ་གློ་བུར་དུ་བཟོས་པའི་སྒྲིག་གཞི་གསར་པ་ཞིག་ཡིན་སྟབས། ཞུ་འབུལ་བ་དེ་དག་ནས་དབུས་འོས་བསྡུ་ལས་ཁང་ལ་འབོད་སྐུལ་ནན་པོ་དང་སྦྲགས། ཨ་ཚོགས་ཀླུ་མཁར་བྱམས་ལགས་སྲིད་སྐྱོང་གི་དངོས་གཞི་འོས་གཞི་གསུམ་པར་གཏང་རོགས་ཞེས་གསུངས་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས་འདི་ལོའི་ཕྱི་ཟླ་༦ཚེས་༡༠ཉིན། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་འགྲོ་གྲོན་དང་དྲིལ་བསྒྲགས་གནང་ཕྱོགས་དང་འབྲེལ་བའི་སྐོར་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པའི་ནང། སྲིད་སྐྱོང་ངམ་སྤྱི་འཐུས་འོས་གཞིའི་སྐྱེ་བོའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཁག་གཞུང་འབྲེལ་ངོས་ལེན་མེད་པའི་ཚོགས་སྒེར་སུ་ཐད་གནང་མི་ཆོག་པ་བཟོས་ཡོད་པ་དང། དེ་བཞིན་ཟླ་བ་སྔོན་མའི་ཚེས་༡༩ཉིན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གཞི་གཏན་འབེབས་བྱེད་ཕྱོགས་སྐོར་ལ་གསལ་བསྒྲགས་གནང་པའི་ནང། སྲིད་སྐྱོང་གི་དངོས་གཞིའི་སྐབས་འོས་གཞི་གཉིས་འདོན་རྒྱུ་ཡིན་ཞིང། གལ་སྲིད་གཉིས་པ་དང་གསུམ་པའི་དབར་ལ་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་ཚེ་འོས་གཞི་གསུམ་པ་འདོན་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

ཨ་རིའི་ས་ཁུལ་གསུམ་ནང་བོད་ཀྱི་པར་རིས་སྐོར་བསྐྱོད་འགྲེམས་སྟོན་མཇུག་སྒྲིལ་གནང་འདུག

ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཨ་རིའི་ས་ཁུལ་ཁག་ཏུ་ཟླ་བ་གཅིག་རིང་བོད་ཀྱི་པར་རིས་སྐོར་བསྐྱོད་འགྲེམས་སྟོན་མཇུག་སྒྲིལ་གནང་ཟིན་འདུག བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཟླ་བ་སྔོན་མའི་ཕྱི་ཚེས་ ༤ ནས་དབུ་འཛུགས་ཀྱིས་ཨ་རིའི་ཁུལ་གྱི་གྲོང་ཁྱེར་Portland དང། San Francisco དེ་བཞིན་མངའ་སྡེ་ Colorado བཅས་བོད་མི་གནས་སྡོད་ས་གནས་ཁག་གསུམ་གྱི་ནང་ཟླ་བ་གཅིག་རིང་བོད་ཀྱི་པར་རིས་སྐོར་བསྐྱོད་འགྲེམས་སྟོན་ཞིག་གནང་འགོ་བཙུགས་ཡོད་པ་ལྟར། ཟླ་བ་འདིའི་ཕྱི་ཚེས་ ༢༢ ཉིན་སྐོར་བསྐྱོད་འགྲེམས་སྟོན་དེ་ San Francisco གྲོང་ཁྱེར་དུ་མཇུག་སྒྲིལ་གནང་ཡོད་པ་རེད། འགྲེམས་སྟོན་ནང་གཙོ་བོ། ༸གོང་ས་མཆོག་གི་མཛད་རྣམ་ཕྱོགས་སྒྲིག་གི་༸སྐུ་པར་གཙོས་པའི། བོད་ཀྱི་རྒྱལ་རབབ་དང་། ལོ་རྒྱུས། དེ་བཞིན་མ་འོངས་པའི་བོད་ཀྱི་འཆར་སྣང་སོགས་ཁྱོན་པར་རིས་ ༨༠ ལྷག་འགྲེམས་སྟོན་གནང་པ་མ་ཟད། ད་ལན་སྐོར་བསྐྱོད་ཀྱི་འགྲེམས་སྟོན་གནང་པ་དེར་ས་གནས་མང་ཚོགས་ཀྱིས་གདེང་འཇོག་ཆཻན་པོ་ཐོབ་ཡོད་པ་རེད། དེ་བཞིན་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ངོས་ནས་དུས་ནས་དུས་སུ་རྒྱ་གར་གཙོས་པའི་ཡོ་རོབ་ཁུལ་དུ་བོད་ཀྱི་སྐོར་འགྲེམས་སྟོན་གནང་བཞིན་ཡོད་ནའང། ད་ལན་ཨ་རིའི་ཁཱུལ་དུ་ད་ཀྱི་པར་རིས་སྐོར་བསྐྱོད་ཀྱི་འགྲེམས་སྟོན་གནང་པ་ཆེས་ཐོག་མ་དེ་ཆགས་ཡོད་འདུག རྩ་བའི་ཕྱི་དྲེལ་འགྲེམས་སྟོན་ཚན་པའི་ངོས་ནས་འདི་ལོ་༸གོང་ས་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་དུས་ཚིགས་དང་བསྟུན། མགོན་པོ་༸གང་ཉིད་མཆོག་ལ་བཀྲིན་རྗེས་དྲན་ཞུ་ཕྱིར་རྒྱ་གར་གྱི་ས་གནས་མང་དག་ཞིག་གི་ནང་ལ་༸སྐུའི་མཛད་རྣམ་གཙོ་བོ་འགྱུར་པའི་མཛད་འཕྲིན་ཁག་རྒྱ་གར་བྱང་ཕྱོགས་ Punjab མངའ་ཁུལ་དུ་འགྲེམས་སྟོན་སྐོར་བསྐྱོད་གནང་བཞིན་འདུག་པ་མ་ཟད། དེ་རྗེས་རིམ་བཞིན་རྒྱ་གར་གྱི་གྲོང་ཁྱེར་Mumbai དང་ kerala དེ་བཞིན་ Goa བཅས་སུ་འགྲེམས་སྟོན་སྐོར་བསྐྱོད་གནང་རྒྱུ་ཡིན་པ་རེད་འདུག དེ་དང་ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མིའི་མདུན་ལམ་བསྟི་གནས་ཁང་ནས་རྒྱ་གར་བྱང་ཤར་བོད་མིའི་གཞིས་ཆགས་བསྟན་འཛིན་སྒང་དང། མེའོ་ཆོས་འཕེལ་གླིང། ཀ་རྡོ་སྒང་གསུམ། དེ་བཞིན་ཀྲུ་ཀྲིང་སོགས་ས་གནས་ཁག་བཅུའི་ནང་དུ་ སྐོར་བསྐྱོད་ཀྱིས་ས་གནས་བོད་རིགས་གཞོན་སྐྱེས་དང། ཕ་མ་བཅས་ལ་མདུན་ལམ་སློབ་སྟོན་གྱི་གོ་རྟོགས་སྤེལ་བ་མ་ཟད། ཟབ་སྦྱོང་དེ་ཡང་ཕ་མ་ཚོས་རང་ཉིད་ཀྱི་བུ་ཕྲུག་ཚོར་མ་འོངས་པའི་མདུན་ལམ་ཐོག་ལམ་སྟོན་གནང་ཆེད་ཡིན་པ་དང། དེའི་ནང་བོད་མི་གཞིས་ཁག་ནས་བོད་ཕྲུག་དང་ཕ་མ་བཅས་ཁྱོན་མི་གྲངས་ ༤༦༤ མཉམ་ཞུགས་གནང་ཡོད་པ་རེད།

གནས་མཆོག་རྩྭ་མཆོག་དྲུང་དུ་ནང་པའི་དུས་སྟོན་ཐེངས་དང་པོ་ཚོགས་གནང་འདུག

  ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་གར་གྱི་ནང་པའི་གནས་ཆེན་རྩྭ་མཆོག་དྲུང་དུ་ནང་པའི་དུས་སྟོན་ཐེངས་དང་པོ་ཚོགས་བཞིན་ཡོད་འདུག  དེ་རིང་སྔ་དྲོ་ཚོུད་ ༡༠།༠༠ ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གཙོས་པའི་གཙུག་ལག་སློབ་ཁང་གཞན་ཁག་ཅིག་ནས་ཟུང་འབྲེལ་གནང་གི་འདུག་པ་མ་ཟད། བརྒྱུད་རིམ་དེའི་ཁྲོད་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་གཙོ་བོ་བོད་ཀྱི་མཐུན་མོང་མ་ཡིན་པའི་ཐང་ཀ་དང་རྡུལ་ཕྲན་གྱི་དཀྱིལ་འཁོར་བཞེངས་སྐྲུན་སྐོར་གྱི་རིག་གཞུང་ངོ་སྤྲོད་གནང་རྒྱུ་དང། དེ་བཞིན་བོད་དོན་དང་འབྲེལ་བའི་དཔེ་དེབ་སོགས་འགྲེམས་སྟོན་གནང་པ་དང་ཆབས་ཅིག། ས་གནས་རྒྱ་གར་གྱི་ཡུལ་མི་ཚོར་རིན་མེད་ཐོག་བོད་པའི་སྨན་པ་བསྟན་གཏུགས་དང་བོད་ཀྱི་གསོ་བ་རིག་པའི་གསོལ་སྨན་སྦྱིན་གཏོང་གི་མཐུན་རྐྱེན་ཡང་སྦྱར་བཞིན་ཡོད་པ་རེད་འདུག

བོད་མི་མང་ཚོགས་ཀྱིས་ཕ་རན་སིའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ།

ཕ་རན་སིར་འཇིགས་སྐུལ་བས་གོད་ཆག་བཏང་པར་ཡུལ་དེའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་བོད་མི་མང་ཚོགས་ཀྱི་ངོས་ནས་ལས་འགུལ་ཞི་སྤེལ་ཡོད་པ་རེད། ཁ་སང་ཚེས་ ༡༨ དགོང་དྲོ་བཞུགས་སྒར་དྷ་སའི་མེག་གྷན་དུ་པར་ལེན་གསར་འགོད་པ་བློ་བཟང་དབང་རྒྱལ་ལགས་ཀྱི་གོ་སྒྲིག་འོག་ཕར་སིའི་ནང་བྱུང་བའི་འཇིགས་སྐུལ་བས་གོད་ཆག་ལ་ས་གནས་བོད་རིགས་ངོས་ནས་དགུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་བསྔོ་སྨོན་གསོལ་འདེབས་དང་། རོལ་དབྱངས་ཀྱི་ཐོག་ནས་མང་ཚོགས་རྣམས་ལ་སེམས་གསོའི་མྱང་ངན་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། སྐབས་དེར་ས་གནས་བོད་རིགས་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཁྱོན་མི་གྲངས་བརྒྱ་ལྷག་འདུ་འཛོམས་བྱུང་བའི་ཐོག་བདེན་ཚིག་སྨོན་ལམ་གསུང་འདོན་གནང་པ་མ་ཟད། གོ་སྒྲིག་ཚོགས་ཆུང་གིས་ཕ་རན་སིའི་གཞུང་མང་གཉིས་ནི་བོད་མི་རིགས་དང་སེམས་ཐག་ཉེ་པོ་ཡོད་པ་དང། ལྷག་དོན་རྒྱལ་སྤྱིའི་ཐོག་བོད་དོན་ཐད་ལ་ད་བར་རྒྱབ་སྐྱོར་ཤུགས་ཆེ་གནང་མུས་ཡིན་པའི་གནད་དོན་ཁག་ཅིག་གསལ་བཏོན་དང་སྦྲགས་ཏེ། ད་ལན་ཕ་རན་སི་ནང་འཇིགས་སྐུལ་དྲག་སྤྱོད་པས་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་བར་ངོ་རྒོལ་དང་། ཕ་རན་སི་མང་ཚོགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་གསུངས་སོང་། དེ་བཞིན་སྐབས་དེར་མང་ཚོགས་ཁྲོད་ནས་ཀྱང་ཕ་རན་སིའི་གཞུང་མང་གཉིས་ལ་སེམས་འཚོར་དང་བཅས་ཞི་བདེ་དང་སེམས་འགུལ་ལྡན་པའི་རོལ་དབྱངས་ཀྱི་ཐོག་ནས་ཀྱང་སེམས་གསོ་གནང་ཡོད་པ་རེད། གཞི་རྩའི་ཕ་རན་སི་ནང་འཇིགས་བསྐུལ་བས་གོད་ཆག་བཏང་བའི་དོན་རྐྱེན་དེའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དགུང་སེམས་མཉམ་བསྐྱེད་ཀྱི་གསུང་འཕྲིན་སྩལ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཀྱང་དེ་བཞིན་ཕ་རན་སི་ནང་འཇིགས་སྐུལ་བས་གོད་ཆག་བཏང་པར་ཕ་རན་སིའི་སྲིད་འཛིན་Francois Hollandeམཆོག་ལ་ཐུགས་གསོ་དང་། ཕ་རན་སི་མང་ཚོགས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་འཕྲིན་སྩལ་གནང་འདུག ཚོགས་གཙོ་མཆོག་གིས་འཇིགས་སྐུལ་དྲག་སྤྱོད་པ་རྣམས་ནས་མི་གསོད་ཁྲག་སྦྱོར་གྱིས་ཀླ་ཀློའི་བྱ་སྤྱོད་སྤེལ་བར་ཧ་ཅང་གི་ཐུགས་ཕམ་ཡོད་པ་མ་ཟད། བྱ་སྤྱོད་དེས་མང་ཚོགས་དཀྱུས་མ་བརྒྱ་ཕྲག་གི་ཚེ་སྲོག་ཤོར་ཡོད་པས་བྱ་སྤྱོད་དེ་ལ་ཁོང་གིས་ངོ་རྒོལ་དང་། ཤུལ་ལུས་ནང་མི་སྤུན་མཆེད་ཡོངས་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་གདུང་སེམས་མཉམ་བསྐྱེད་དང་སེམས་གསོ་ཡོད་པ་གསུངས་འདུག དེ་མཚུངས་ཁོང་གིས་འཛམ་བུ་གླིང་འདིའི་ཐོག་འཕྲད་བཞིན་པའི་དཀའ་རྙོག་གང་འདྲ་ཞིག་ཡིན་རུང་འཚེ་བ་མེད་པར། ཞི་བདེ་དང་གྲོས་མོལ་གྱི་ཐབས་ལམ་ཐོག་ནས་སེལ་ཐབས་གནང་དགོས་པ་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་པ་ཀུན་ཏུ་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་བཞིན་གྲོས་མོལ་གྱི་དུས་རབས་ཤིག་ཡིན་ཞེས་བཀའ་ཕེབས་མུས་སུ་ཡིན་པ་ལྟར། འཚེ་བ་དང་འཇིགས་སྐུལ་གྱི་བྱ་སྤྱོད་ཐོག་ནས་དཀའ་རྙོག་དེ་དག་སེལ་ཐམས་མེད་པ་མ་ཟད་། འཚེ་བའི་བྱ་སྤྱོད་ལ་མུ་མཐུན་ནམ་ཡང་མེད་པ་མ་ཟད། གནས་ཚུལ་འདིའི་རིགས་འཛམ་གླིང་ས་ཕྱོགས་གང་དུའང་མི་ཡོང་བའི་རེ་སྨོན་ཞུ་བཞིན་ཡོད་ཅེས་ཀྱང་གསུངས་འདུག

ཀརྨ་པ་མཆོག་དབུ་བཞུགས་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་་ཚོགས་འདུ་ཐེངས་ ༦ ཚོགས་འདུག

དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་ཐོག་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་འདུ་ཐེངས་དྲུག་པ་འདི་བཞིན་ཚོགས་ཡོད་པ་རེད།   ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་བཞུགས་སྒར་གྱི་ཉེ་འདབས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཀུན་སྐྱོང་དགེ་རྩ་ཚོགས་པའི་གོ་སྒྲིག་འོག་མཛད་སྒོར་སྐུ་མགྲོན་གཙོ་བོར་རྒྱལ་བ་ཀརྨ་པ་མཆོག་དབུས་བཞུགས་གཙོས་པའི་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་གྲྭ་བཙུན་དགོན་ཁག་ ༥༥ ནས་གྲྭ་བཙུན་རྣམས་ཆེད་བཅར་གྱིས་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་རེད།   ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ནི། དགོན་སྡེ་ཁག་དང་བཙུན་དགོན་བཅས་ཀྱི་སྐུ་ཚབ་རྣམ་པ་མཉམ་བཞུགས་ཀྱིས་ད་ཕན་ལོ་ངོ་ལྔ་རིང་གི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་འཆར་འགོད་བྱ་རྒྱུ་གཙོས་པའི་འདས་པའི་ལོ་ལྔའི་ནང་དུ་འཐུང་ཆུང་སྲུང་སྐྱོབ་དང། ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི། གད་སྙིགས་སྟངས་འཛིན་སོགས་ཁོར་ཡུག་གཙང་བཟོ་དང་སྲུང་སྐྱོབ་ཀྱི་ལས་གཞིའི་ཁག་བསྐྱར་ཞིབ་བྱ་རྒྱུ་ཆེད་ཡིན་པ་རེད་འདུག   སྐབས་དེར་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་ད་བར་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་གཟེངས་སུ་མཐོན་པའི་ལས་དོན་བསྒྲུབ་མཁན་དགོན་སྡེ་ཁག་ལ་བྱ་དགའ་གསོལ་སྩལ་གནང་བ་དང་། རིན་པོ་ཆེ་མཆོག་གིས་དགོན་སྡེ་ཁག་གི་སྣེ་ཁྲིད་པའི་ཐོག་ནུས་ཤུགས་གང་ཡོད་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཐོག་འབད་སྤུངས་ཤུགས་ཆེ་གནང་དགོས་པའི་བཀའ་སློབ་སྩལ་ཡོད་པ་རེད།   གཞི་རྩའི་ཟླ་བ་འདིའི་ཕྱི་ཚེས་ ༡༣ ནས་ ཕྱི་ཚེས་ ༡༥ བཅས་ཉིན་གསུམ་རིང་ཚོགས་ཡོད་པ་དང་། ཚོགས་འདུ་དེའི་ནང་གཙོ་བོ་ཚོགས་བཅར་རྣམས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཆེད་དཔལ་འབྱོར་འདུ་འགོད་དང། ཁོར་ཡུག་སྲུང་སྐྱོབ་ལས་དོན་ནུས་པ་ཇི་ཆེར་གཏོང་ཐབས་དང། དེ་བཞིན་ལས་གཞི་དང་འབྲེལ་བའི་འབྲེལ་མཐུད་ནུས་པ་གོང་འཕེལ་གཏོང་ཕྱོགས་སོགས་ཀྱི་ཐད་བགྲོ་གླེང་གནང་ཡོད་པ་རེད།  རྩ་བའི་ཚོགས་པ་དེ་ནི། ཐོག་མར་ཕྱི་ལོ་༢༠༠༩ལོར་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་འཛམ་གླིང་ཁོར་ཡུག་དང་གོ་ལའི་གནམ་གཤིས་འགྱུར་མདོག་སྤྱི་དང་སྒོས་སུ་ཧི་མཱ་ལ་ཡ་དང་བོད་མཐོ་སྒང་གི་ཁོར་ཡུག་སྐྱོབ་ལས་དོན་ཐོག་ཐུགས་འཁུར་ཆེ་ཤེས་ཀྱིས་ཆེད་བཙུགས་གནང་བའི་ཚོགས་པ་ཞིག་ཡིན་པ་དང། ཚོགས་པ་དེས་འགྲོ་བ་མིས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་བྱ་ཆེད་ཀྱི་ཐབས་ལམ་༡༠༨ཞེས་པའི་དཔེ་དེབ་ཞིག་འགྲེམས་སྤེལ་ཞུས་ཡོད་པ་རེད། ཚོགས་འདུ་དེའི་ནང་ཐོག་མར་དགོན་སྡེ་ཁག་༢༢མཉམ་བཞུགས་གནང་ཡོད་པ་དང་། ད་ལྟའི་ཆར་ཚོགས་འདུ་ནང་དགོན་སྡེ་དང་བཙུན་དགོན་གྲངས་༥༥ནས་མཉམ་ཞུགས་གནང་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་སུ་སྔགས་ཀྱི་རྩོད་པའི་འཇང་དགུན་ཆོས་ཆེན་མོ་ཚོགས་གཏན་འཁེལ་འདུག

རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་རྒྱུད་སྨད་གྲྭ་ཚང་དུ་མདོ་སྔགས་གཉིས་ལས་སྔགས་ཀྱི་རྩོད་པའི་འཇང་དགུན་ཆོས་ཆེན་མོ་ཚོགས་གཏན་འཁེལ་ཡོད་པ་རེད། དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་བོད་མིའོ་གཞིས་སྒར་ནང་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་དུ་དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་གོ་སྒྲིག་འོག་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་གཙོས་པའི་སྔགས་ཀྱི་ཐོག་སློབ་གཉེར་གནང་མཁན་གྱི་ཡོངས་ནས་མཉམ་མེད་བདག་ཉིད་ཆེན་པོ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རིམ་ལྔ་གསལ་སྒྲོན་གཞིར་བཟུང་གསང་ཆེན་སྔགས་ཀྱི་འཇང་དགུན་ཆོས་ཆེན་མོའི་རྩོད་པའི་བགྲོ་གླེང་ཞིག་དབུ་འཛུགས་གནང་གཏན་འཁེལ་འདུག དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ། ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༧ བར་དུས་ཡུན་ཉིན་གྲངས་༡༣ རིང་ཚོགས་གནང་རྒྱུ་ཡིན་པ་གསུངས་སོང་། གཞི་རྩའི་དེ་སྔོན་བོད་དུ་དུས་འགྱུར་མ་བྱུང་སྔོན་རྒྱུད་གྲྭ་སྟོད་སྨད་སོ་སོར་སྔགས་ཀྱི་ཆོས་ཐོག་ཚུགས་སྲོལ་ཡོད་ཀྱང་། ཚུགས་སྟངས་དེ་འདོན་པ་འདོན་རྒྱུ་དང་དཀྱིལ་འཁོར་བཞེངས་རྒྱུ་ཙམ་ཡིན་པ་ལས་རྒྱུད་གྲྭ་སྟོད་སྨད་མཉམ་དུ་རྩོད་པའི་ཐོག་ནས་སྔགས་ཀྱི་བགྲོ་གླེང་ཚོགས་པའི་ལམ་སྲོལ་མེད་པ་རེད་འདུག འོན་ཀྱང་༸གོང་ས་༸སྐྱབས་མགོན ཆེན་པོ་མཆོག་གི་བབཀའ་སློབ་ལམ་སྟོན་གཞིར་བཟུང་ཐེངས་འདིའི་རྒྱུད་གྲྭ་སྟོད་སྨད་གཉིས་མཉམ་དུ་ཉིན་གྲངས་མང་པོའི་རིང་རྩོད་པའི་ལམ་ནས་བགྲོ་གླེང་ཚོགས་རྒྱུ་བྱུང་བ་འདི་ནི་བོད་ཀྱི་ལོ་རྒྱུས་ནང་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག རྩ་བའི་་ཐེངས་འདིའི་སྔགས་ཀྱི་རྩོད་པའི་འཇང་དགུན་ཆོས་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན ཆེན་པོ་མཆོག་ད་ལོ་དགུང་གྲངས་༨༠ ཕེབས་པར་དགེ་ལུགས་ཡོངས་ཀྱིས་ལོ་འཁོར་གཅིག་རིང་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་བྱེད་སྒོ་འདྲ་མིན་སྤེལ་རྒྱུའི་ལས་རིམ་ཁྲོད་ད་ལན་སྔགས་ཀྱི་ཐོག་དོན་གཉེར་བ་ཁྱད་མེད་ཡོངས་ནས་འཇང་དགུན་ཆོས་ཀྱི་རྩོད་པའི་བགྲོ་གླེང་འདི་བཞིན་གསར་གཏོན་གནང་པ་ཞིག་ཡིན་འདུག

བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཚོགས་ཆེན་ཐེངས་ལྔ་པ་དབུ་འཛུགས་གནང་པ།

དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཚོགས་ཆེན་ཐེངས་ལྔ་པ་བཞུགས་སྒར་དུ་དབུ་འཛུགས་གནང་ཡོད་པ་རེད། དེ་རིང་ཟླ་ ༡༡ ཚེས་ ༩ ཉིན་བཞུགས་སྒར་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གི་གཙོས། ཚོགས་ཆེན་དེའི་ཐོག་མཉམ་ཞུགས་གནང་མཁན་ལྷོ་ཨ་ཕི་རི་ཀ་དང། Malaysia, hilippines དེ་བཞིན་རྒྱ་གར་བཅས་རྒྱལ་ཁབ་བཞི་ནས་ཚོགས་བཅར་བ་ ༤༦ ལྷག་ཕེབས་ཡོད་པ་རེད། རྩ་བའི་ད་ལན་གྱི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་ཞུས་པའི་ཨེ་ཤི་ཡའི་མངའ་ཁུལ་གྱི་ཚོགས་ཆེན་ཐེངས་ལྔ་པ་དེ་སྐོང་ཚོགས་བྱ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཚོགས་བཅར་བ་ཚོར་བོད་དོན་འཐབ་རྩོད་ཁ་ཕྱོགས་དང་ནུས་པ་ཇི་ཙམ་སླེབས་ཡོད་མེད་སོགས་ཀྱི་ངོ་སྤྲོད་གནང་པའི་བརྒྱུད་མ་འོངས་པར་འཐབ་རྩོད་ཀྱི་ལས་འཆར་ཆེད་ནུས་པ་ཇི་ཆེར་གཏོང་ཐབས་སླད་སྐོང་ཚོགས་གནང་པ་ཞིག་ཡིན་འདུག དེ་བཞིན་དེ་རིང་ནས་གནངས་ཉིན་བར་ཉིན་གསུམ་རིང་ཚོགས་ཆེན་དེའི་ཐོག་གཞུང་གི་དབུ་ཁྲིད་དང། ལས་འགུལ་བ། ཉམས་ཞིབ་པ། དེ་བཞིན་བོད་ཀྱི་ཆབ་སྲིད་གནས་བབ་དང། ཁོར་ཡུག་སོགས་ཀྱི་ཐད་ལ་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་གཏམ་བཤད་དང་བགྲོ་གླེང་གནང་གི་ཡོད་འདུག

Latest news