Tibetan Royal Year of 2151 | Year of the Wood Dragon

བོད།

པདྨ་རྒྱལ་མཚན་ལགས་ཀྱི་ནང་མི་ཉེ་འབྲེལ་ཁག་ཅིག་ལ་གཅར་རྡུང་དྲག་པོ་བཏང་འདུག

དེའང་འདི་ལོའི་ཟླ་བ་ ༣ ཚེས་ ༡༨ ཉིན་བོད་ནང་གི་ཕྱི་དྲོ་ཕྱག་ཚོད་ ༤།༠༠ ཡས་མས་ཙམ་ལ་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། ཉག་རོང་རྫོང་། མ་རུ་ཤང་། ཕྱུ་ཡུལ་གྲོང་ཚོའི་ཕ་དབང་རྒྱལ་དང་མ་ཡུལ་ལྷ་གཉིས་ཀྱི་བུ་རང་ལོ་ ༢༤ ཡིན་པ་པདྨ་རྒྱལ་མཚན་ནམ། བསྡུས་མིང་ལ་པད་རྒྱལ་ལགས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པ་དང་། ས་གནས་ནས་གནས་ཚུལ་ཐོན་པར་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་གི་ནང་མི་ཉེ་འབྲེལ་ཁག་ཅིག་ལ་གཅར་རྡུང་དྲག་པོ་བཏང་འདུག པདྨ་རྒྱལ་མཚན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ནས་ཅུང་ཙམ་ལས་མ་འགོར་བར་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པ་ཡོང་ཏེ་མེ་བསད་པ་དང་བཙན་ཁྲིད་ཀྱིས་དཀར་མཛེས་རྫོང་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་པ་རེད་འདུག ཕ་ཡུལ་ཉག་རོང་ནས་ཡིན་ཞིང་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་པའི་སྐུ་ཞབས་བློ་བཟང་ལགས་སུ་ཁུངས་ལྡན་གནས་ཚུལ་འབྱོར་དོན་བཞིན་འདི་གར་མཁོ་སྤྲོད་གནང་དོན། པད་མ་རྒྱལ་མཚན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྐབས་ངོ་རྒོལ་གྱི་སྐད་འབོད་གནང་པ་དེ་ཉེ་འཁོར་དུ་ཡོད་པའི་མང་ཚོགས་ཚོས་གོ་ཐོས་བྱུང་ཡོད་ཀྱང་སྐད་འབོད་ཀྱི་འབོད་ཚིག་གང་ཡིན་གསལ་རྟོགས་ཐུབ་མེད་སྐོར་གསུངས་སོང་། པདྨ་རྒྱལ་མཚན་ལགས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་རང་ལུས་མེར་སྲེག་གནང་པའི་གནས་ཚུལ་ཁོང་གི་ཕ་ཡུལ་དུ་ནང་མི་ཉེ་འབྲེལ་ཚོས་ཤེས་རྟོགས་བྱུང་རྗེས་ནང་མི་ཉེ་འབྲེལ་མི་བཅུ་དེ་ཉིན་ཕྱི་དྲོ་དཀར་མཛེས་རྫོང་ཉེན་རྟོག་ལས་ཁུངས་སུ་བསྐྱོད་ནས་ཐུག་འཕྲད་བྱེད་ཆོག་པའི་ཞུ་སྐུལ་གནང་འདུག་ཀྱང་ཉེན་རྟོག་པས་དང་ལེན་བྱེད་རྒྱུ་ལས་ལྡོག་ཏེ་ཁོང་ཚོ་ཚང་མ་བཙོན་ཁང་དུ་བཅུག་པ་མ་ཟད། མཚན་གང་ས་ལ་སྡོད་མ་བཅུག་པའི་ཁར་གཅར་རྡུང་ཚད་མེད་བཏང་ཡོད་པ་དང་། མི་ཁ་ཤས་འགྲོ་བསྐྱོད་མི་ཐུབ་པར་གྱུར་ཡོད་པ་གསུངས་སོང་། ཁ་སང་ཟླ་ ༣ ཚེས་ ༡༩ ཉིན་གྲོང་ཚོའི་འགོ་ཁྲིད་ཀྱིས་ཉེན་རྟོག་པར་ཁོང་ཚོར་ཉེས་པ་མེད་པའི་གནས་ལུགས་བཤད་རྗེས་གཞི་ནས་གློད་བཀྲོལ་ཐོབ་ཡོད་ཀྱང་ཚང་མ་སྨན་ཁང་དུ་འགྲོ་དགོས་པ་བཟོས་ཡོད་པ་མ་ཟད། ཉེན་རྟོག་པས་བརྗོད་དོན་པད་རྒྱལ་ལགས་དཀར་མཛེས་སྨན་ཁང་ནས་སྐྱོབ་མ་ཐུབ་པར་ཁྲེན་དུ་སྨན་ཁང་དུ་ཁྲིད་ཡོད་སྲིད་སྟབས་མི་གཉིས་ཉེན་རྟོག་པ་དང་མཉམ་དུ་ལྟ་བར་འགྲོ་ན་འགྲིག་གི་ཡོད་ལུགས་བརྗོད་འདུག་ཀྱང་དེ་རྗེས་ཀྱི་གནས་ཚུལ་ཇི་ཆགས་གསལ་རྟོགས་ཐུབ་མེད་པ་རེད་འདུག གཞི་རྩའི་པདྨ་རྒྱལ་མཚན་ལགས་ཀྱི་ཕ་མ་གཉིས་ལ་ཕྲུ་གུ་ལྔ་ཡོད་པའི་ནང་ནས་ཁོང་ཕྲུ་གུ་རྒན་ཤོས་དེ་ཡིན་པ་རེད། ཁོང་གི་ཕ་མ་གཅིག་པའི་སྤྲུན་མཆེད་ལོ་ ༢༢ ཙམ་ཡིན་པའི་བུ་གཅིག་དང་ལོ་ན་ ༢༠ ཙམ་སོན་པའི་བོུ་གཅིག་ཡོད་པ་དེ་གཉིས་ཕྱི་ལ་མག་པ་དང་མནའ་མར་ཕྱིན་ཡོད་པ་དང་། ཁྱིམ་ལ་ཕ་མ་དང་ལྷན་ལོ་ན་བཅུ་བཞི་བཅོ་ལྔ་ཡས་མས་ཡིན་པའི་བོུ་གཉིས་བཅས་ཡོད་པ་རེད། ཁོང་གི་ཁྱིམ་ཚང་གི་འཚོ་བའི་གནས་སྟངས་ཧ་ཅང་ཞན་པོ་ཡིན་སྟབས་ཆུང་དུས་ནས་ཕ་མར་ལས་ཀའི་རོགས་རམ་བྱས་ཏེ་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་བྱུང་མེད་པ་དང་། རྒྱུན་དུ་ཆོས་སེམས་ཆེ་ཞིང་མི་ཚེ་གཅིག་རིང་ཤ་སྤངས་པའི་དམ་བཅའ་བཞག་ནས་ལོ་གཉིས་ཙམ་སོང་འདུག རྣམ་ཀུན་གཤིས་སྤྱོད་གཉིས་ཀ་བཟང་པོ་ཡོད་པ་དང་དེ་བཞིན་མིི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཞིག་ཡིན་འདུག དཀར་མཛེས་རྫོང་དང་ཉག་རོང་ས་ཁུལ་དུ་འདི་ལོའི་གསུམ་བཅུའི་དུས་དྲན་སྔ་རྗེས་ཉིན་གཉིས་ཙམ་རིང་སྐད་འཕྲིན་དྲ་ལམ་ལ་དམ་བསྒྲགས་བྱས་ཡོད་ཀྱང་། ཁ་ཉིན་ཕྱི་ཚེས་ ༡༨ ཉིན་རང་ལུས་མེར་སྲེག་གི་ངོ་རྒོལ་བྱུང་རྗེས་ཡང་བསྐྱར་དྲ་ལམ་བཀག་འདུག དེར་བརྟེན་ད་ལྟའི་ཆར་ས་གནས་སུ་གནས་ཚུལ་གང་བྱུང་ཡོད་མེད་ཤེས་རྟོགས་ཐུབ་དཀའ་བའིི་གནས་སུ་གྱུར་འདུག ཉག་རོང་ས་ཁུལ་དུ་ཆ་མཚོན་ན་ཕྱི་ལོ་ ༢༠༠༨ ལོ་ནས་བོད་ས་ཁུལ་གཞན་དང་འདྲ་བར་ཆེས་དམ་བསྒྲགས་ཀྱི་གནས་སྟངས་འོག་ཡོད་པ་མ་ཟད་ ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༩ ཉིན་ཕྱི་དྲོ་ཚོད་ ༤།༠༠ ཡས་མས་ཙམ་ལ་ཉག་རོང་མཚོ་ཁ་ཨརྱ་གླིང་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་སྐལ་བཟང་དབང་འདུས་ཀྱིས་དགོན་པའི་ཟུར་དུ་བོད་ལ་རང་དབང་རང་བཙན་དགོས་ཞེས་སྐད་འབོད་གནང་སྟེ་རང་ལུས་མེར་བསྲེགས་གནང་རྗེས་ཁྲེན་དུ་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པ་རེད། ད་རེས་པད་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བ་ནི་ཉག་རོང་ནས་མེར་སྲེག་གནང་མཁན་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་༣༢༢༥ གཏོར་རྒྱུའི་ཐག་གཅོད་བྱས་འདུག

སྔ་ལོ་ཕྱི་ལོ་༢༠༡༦ ལོ་བཟུང་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲ་ཤག་གཏོར་གཤིག་དང་གྲྭ་བཙུན་ཕྱིར་འབུད་བྱས་པའི་ཡ་ང་བའི་གནད་དོན་དེར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ངོ་རྒོལ་དང་ལས་གཞི་དེ་མཚམས་འཇོག་དགོས་པའི་རྒྱ་གཞུང་ལ་དགོས་འདུན་འདོན་བཞིན་པའི་སྐབས་དེར་ཉེ་ཆར་ཕྱི་ཟླ་༣ པའི ཚེས་༡༣ ཉིན་རྒྱ་གཞུང་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་སྒར་གྱི་གྲ་ཤག་༣༢༢༥ གཏོར་གཤིག་གཏོང་རྒྱུ་ཐག་གཅོད་གཏན་ཁེལ་ཟིིན་པ་དང་་ཐག་གཅོད་དེར་འགྱུར་བ་གང་ཡང་མེད་པ་མ་ཟད་ལས་གཞི་དེ་འདི་ལོའི་ཕྱི་ཟླ་བཞི་པའི་ཟླ་མཇུག་ཏུ་ཚར་ཟིན་དགོས་པའི་བཀའ་རྒྱ་བཏང་བ་དང་ཆབས་ཅིག་་གལ་ཏེ་ཐག་གཅོད་དེར་འདོད་བློ་མ་ཁེངས་པའི་རྣམ་འགྱུར་བསྟན་ཚེ་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་འདུག་ དེ་ཡང་ཟླ་བ་ཛ་དྲག་གི་ཐག་གཅོད་དེར་དགོན་པའི་མཁན་པོས་གཙོས་རྒྱུན་ལས་རྣམ་པས་ཉིན་གསུམ་རིང་གོང་རིམ་རྒྱ་གཞུང་འབྲེལ་ཡོད་དབང་འཛིན་པར་ཐག་གཅོད་དེ་ཕྱིར་འཐེན་ཡོང་བའི་གནས་ལུགས་ཞུ་འབོད་ཀྱི་འབད་བརྩོན་ཡོད་རྒུ་བྱས་ཀྱང་དོན་འབྲས་མ་སོན་པར་མཐར་ཁ་ཉིན་ཕྱི་ཟླ་༣ ཚེས་༡༦ ཉིན་དགོན་པའི་མཁན་པོ་ཞིག་གིས་གྲྭ་བཙུན་མང་ཚོགས་ལ་གནས་ཚུལ་དེ་གསལ་བཤད་གནང་བའི་བརྙན་ཐུང་ཞིག་འདི་གར་འབྱོར་ཡོད་པ་རེད་དེའི་ནང་མཁན་པོ་མཆོག་གིས་གསུང་དོན་སྒྲ།། མཁན་པོ་མཆོག་གིས་མུ་མཐུད་སེར་སྐྱ་མང་ཚོགས་ལ་འབོད་སྐུལ་གསལ་བཤད་གནང་དོན་ནང་གཙོ་བོ་འདི་ལོ་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་སྡོད་ཁང་ ༤༣༢༠ གཏོར་བཤིག་དགོས་་པ་དང་འདི་ལོ་ཕྱི་ཟླ་བཞི་པའི་ཟླ་མཇུག་ཏུ་གྲུབ་ཟིན་དགོས་པའི་བཀའ་རྒྱ་འབྱོར་ཞིང་དེ་རྗེས་དགོན་པའི་ལས་སྣེ་ཚོས་དངོས་ཡོད་དཀའ་ངལ་གོང་རིམ་ལ་ཞུ་གཏུག་རིམ་པར་བྱས་རྗེས་མཐར་ཕྱི་ཟླ་ ༣ ཚེས་ ༡༣ ཉིན་རྒྱ་ནག་གཞུང་ནས་གྲྭ་ཤག་༣༢༢༥ ངེས་པར་དུ་སྤྱི་ཟླ་བཞི་བའི་ཟླ་མཇུག་བར་གཏོར་བཤིག་གཏོང་རྒྱུའི་ཐག་གཅོད་ཀྱི་བཀའ་རྒྱ་འབྱོར་བ་དང་དགོན་པའི་ལས་སྣེ་ཆོས་སླར་ཡང་ཐབས་ཤེས་ཡོད་དགུས་རྩལ་སྤྲུགས་བྱས་ཏེ་་གོང་རིམ་ལ་དཀའ་ངལ་ཞུ་གཏུག་བྱས་ཀྱང་དོན་འབྲས་མ་སོན་པ་སོགས་ཀྱི་གནས་ཚུལ་འབྱུང་རིམ་དང་ངོ་སྤྲོད་དང་སྦྲགས་སྒྲ།། ད་བར་དགོན་པའི་དཀའ་སྡུག་གི་གནད་དོན་ཡོངས་རྫོགས་རྒྱུན་ལས་རྣམ་པས་མང་གཙོའི་ལམ་ནས་ཐག་གཅོད་བྱེད་བཞིན་པ་ཡིན། དེར་བརྟེན་སྙན་པོ་མེད་ཀྱང་གྲྭ་མང་ལ་གསལ་བཤད་བྱེད་དགོས་བྱུང་། གང་ལྟར་ང་ཚོའི་མགོ་ཐོག་ལ་ཡོང་བཞིན་པ་ནི་བཟོད་མི་ཐུབ་པའི་དཀའ་ངལ་ཡིན་ཡང་མུ་མཐུད་སངས་རྒྱས་ཀྱི་བཀའ་དང་། བླ་མའི་གསུངས་བཅས་ལ་བརྩིས་ནས་བཟོད་སྒོམ་གནང་རོགས་ཞེས་སོགས་ཀྱི་འབོད་སྐུལ་ནན་པོ་གནང་འདུག ཤེས་རྟོག་བྱུང་བ་ལྟར་ན་སྤྱི་ལོ་༢༠༡༦་ལོར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་༡༥༠༠ གཏོར་གཤིག་བཏང་བ་དང་ནས་གྲྭ་བཙུན་མི་གྲངས་༣༧༢༩་ཕྱིར་འབུད་བྱས་ཡོད་པ་དང་ ཕྱི་ལོ་༢༠༡༧་ལོར་གྲ་ཤག་ ༡༥༠༠ གྲ་བཙུན ༨༩༥་ཕྱིར་ཕུད་བྱས་ཡོད་པ་རེད།

ཀིརྟི་དགོན་པའི་དགེ་འདུན་པ་ཁག་ཅིག་ཕྱིར་བསྐྱོད་མི་ཆོག་པའི་བཙན་བཀའ་བཏང་འདུག

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྔ་རྗེས་སུ་བོད་ཀྱི་ས་ཁུལ་གང་སར་དམག་མི་སྔར་ལས་མང་བ་འགྲེམས་འཇོག་གིས་དམ་དྲག་ཆེ་རུ་བཏང་ཏེ་བོད་མིའི་འགྲོ་འདུག་སྤྱོད་གསུམ་ཐད་སྟངས་འཛིན་ནན་པོ་བྱས་ཡོད་པ་བཞིན། འདི་ལོའི་གསུམ་བཅུའི་དུས་དྲན་གོང་། མདོ་སྨད་རྔ་བ་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་ནས་དེ་སྔོན་བོད་དོན་ཆབ་སྲིད་དང་འབྲེལ་བའི་གནད་དོན་འོག་འཛིན་བཟུང་བྱས་མྱོང་བའི་དགེ་འདུན་པ་རྣམས་ཕྱི་ཕྱོགས་སུ་འགྲོ་བསྐྱོད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག གནས་ཚུལ་ངོ་སྤྲོད་པས་མུ་་མཐུད་བརྗོད་དོན་ལྟར་བྱས་ན། འདི་ལོའི་གསུམ་བཅུའི་དུས་དྲན་གོང་ནས་ས་གནས་རྒྱ་གཞུང་གི་ཉེན་རྟོག་པ་དང་ལས་བྱེད་ཁག་ཅིག་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་ཡོང་ཏེ། དེ་སྔ་ཕྱི་ལོ་༢༠༠༨ ལོ་ནས་བཟུང་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་དང་རང་ལུས་མེར་སྲེག་གི་གནད་དོན་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་མྱོང་བའི་དགེ་འདུན་པའི་གྲྭ་ཤག་རེ་རེར་འཛུལ་ཏེ། ཁྱོད་ཚོ་ནི་རྒྱལ་ཁབ་ཀྱི་གཏན་ལྷིང་ལ་ཉེན་ཁ་བཟོ་མཁན་ཡིན་སྟབས། ཕྱི་ཟླ་གསུམ་པའི་ནང་གྲྭ་ཤག་རང་དུ་སྡོད་དགོས་པ་ལས་ཕྱི་ཕྱོགས་ཡར་མར་ལ་གཏན་ནས་སོང་མི་ཆོག་ཅེས་བཙན་བཀའ་བཏང་བ་མ་ཟད། དེ་ལྟར་སྒྲུབ་པར་ཁས་ལེན་དམ་བཅའ་ཡང་བྱེད་དུ་བཅུག་ཡོད་པ་རེད་ཅེས་དང་། ལྷག་པར་ཏུ་དེ་སྔ་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་གཏན་ནས་མེད་པའི་དགེ་འདུན་པ་ཁག་ཅིག་ལ་ཡང་རྔ་བ་རྫོང་ཐོག་ཏུ་ཡོད་པའི་རྒྱ་ནག་ཉེན་རྟོག་ལས་ཁུངས་ནས་ཁ་པར་འབྱོར་ཏེ་རྫོང་ཉེན་རྟོག་ལས་ཁུངས་སུ་ཡོང་དགོས་པར་བཤད་འདུག་པ་ལྟར། དགེ་འདུན་པ་ཁག་ཅིག་སོང་ཡོད་ཀྱང་། དགེ་འདུན་པ་གཞན་ཁག་ཅིག་གིས་ཉེན་རྟོག་ལས་ཁུངས་སུ་ཡོང་དགོས་པའི་ང་ཚོས་ཆབ་སྲིད་དང་འབྲེལ་བའི་ཉེས་པ་གང་ཡང་བསགས་མེད་ཅེས་ལན་འདེབས་བྱས་ཏེ་ཕྱིན་མེད་པ་རེད་འདུག སྤྱིར་བཏང་ནས་ཀིརྟི་དགོན་པར་ཕྱི་ཟླ་གསུམ་པའི་ནང་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། དེ་སྔ་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་མྱོང་བའི་དགེ་འདུན་པ་ཚོ་དུས་ནས་དུས་སུ་རྔ་བ་རྫོང་ཉེན་རྟོག་ལས་ཁུངས་སུ་འབོད་འགུག་བྱས་ཏེ། འདྲི་རྩད་དང་སུན་བཙིར་བཟོ་བཞིན་པའི་ཐོག་རྒྱ་གཞུང་གིས་གསང་ཉུལ་བ་བཏང་ཏེ་ཀིརྟི་དགོན་པའི་ནང་། དགེ་འདུན་པ་ཚོས་དྲ་ལམ་སོགས་བརྒྱུད་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་ཀྱིན་ཡོད་མེད་དང་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་ལྟ་ཉན་བྱེད་ཀྱིན་ཡོད་མེད་ཐད་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་སོགས་ཀྱི་འགྲེལ་བརྗོད་ཀྱང་གནང་སོང་།

རྒྱ་གཞུང་གིས་བོད་སེར་ཤུལ་ཁུལ་ནས་དགེ་འདུན་ལགས་འཛིན་བཟུང་བྱས་འདུག

ཉེ་བའི་ཆར་བོད་ཁམས་དཀར་མཛེས་ཁུལ། སེར་ཤུལ་རྫོང་། དབོན་པོ་སྡེ་བའི་མི་སྐྱ་དགེ་འདུན་ཟེར་བ་ཞིག་གིས་སྐད་འཕྲིན་རྒྱབ་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་བོད་ཀྱི་རྒྱལ་དར་བཞག་པའི་ཉེས་མིང་འོག་སེར་ཤུལ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་གིས་གཅར་རྡུང་ཚབས་ཆེན་བཏང་ནས་བཀག་སྐྱིལ་བྱས་ཡོད་འདུག འདི་ག་རླུང་འཕྲིན་ཁང་ལ་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་དོན། ཁོང་གི་སྐད་འཕྲིན་དྲ་བའི་རྒྱབ་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་བོད་ཀྱི་རྒྱལ་དར། དེ་བཞིན་༸གོང་ས་༸སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་དང་བོད་མི་རིགས་དང་འབྲེལ་བའི་ལས་འགུལ་དགོས་སྐོར་འཁོད་པའི་རྩོམ་ཡིག་ཁག་ཅིག་བཞག་པར་དགའ་རྟགས་བཀོད་མཁན་ཁག་ཅིག་ཀྱང་བཀག་ཉར་བྱས་པའི་གནས་ཚུལ་ཡང་ཐོན་ཡོད་པ་དང་། ད་ལྟའི་ཆར་ཡུལ་མི་ཚོས་སྐད་འཕྲིན་ནས་པར་རིས་འགྲེམས་སྤེལ་དང་། གནས་ཚུལ་ཕྱིར་བསྒྲགས་སྐབས་ཧ་ཅང་གཟབ་ནན་གནང་དགོས་པའི་གནས་སྟངས་བྱུང་སྐོར་གསུངས་སོང་། ཁོང་གིས་མུ་མཐུད་བརྗོད་དོན་སྤྱིར་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་བོད་མིའི་ཞི་བའི་སྒེར་ལངས་བྱུང་རྗེས་རྒྱ་གཞུང་གིས་དམ་བསྒྲགས་བྱེད་བཞིན་ཡོད་པ་ལྟར། སེར་ཤུལ་ཁུལ་དུ་ཡང་དམིགས་བསལ་དམ་བསྒྲགས་ནན་པོ་བྱེད་བཞིན་པའི་ཁར། དེ་སྔོན་ཡིན་ན་གསུམ་བཅུའི་དུས་དྲན་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་ཁག་གི་སྐབས་སུ་སེར་ཤུལ་ཁུལ་དུ་རྒྱ་གཞུང་གིས་དྲ་ལམ་ཁག་བཀག་སྡོམ་བྱེད་ཀྱི་ཡོད་ཡོད་པ་རེད། རྒྱ་གཞུང་གིས་འདི་ལོ་དྲ་ལམ་ཁག་བཀག་སྡོམ་བྱས་མེད་ཀྱང། ཞི་རྒོལ་སྔོན་འགོག་ཆེད་ས་གནས་གང་སར་གསང་སྟབས་ཀྱིས་དཔར་ཆས་དང་ཉེན་རྟོག་དམག་མི་འགྲེམས་འཇོག་གིས་དམ་བསྒྲགས་ཆེས་ཤུགས་ཆེ་བྱེད་མུས་ཡིན་སྐོར་འགྲེལ་བརྗོད་གནང་ཡོད།

རྒྱ་གཞུང་གིས་རྒྱ་གར་དང་བལ་ཡུལ་དུ་འགྲོ་མྱོང་མཁན་བོད་མི་ལ་ཉེས་ཆད་གཏོང་རྒྱུ་ཡིན་སྐོར་བརྗོད་པ།

བོད་མིའི་རང་དབང་སྒེར་ལངས་བྱས་པའི་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་བསྟུན་བོད་ནང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཐུན་རིན་རྫོང་ཐོག་ཏུ་འཐབ་ཕྱོགས་གཅིག་གྱུར་ཁང་དང་ཆོས་ལུགས་ལས་དོན་ཅུས་གཉིས་ཀྱིས་གོ་སྒྲིག་འོག་ཉེ་ཆར་རེབ་གོང་ཁུལ་རིས་མེད་ཆོས་བརྒྱུད་དགོན་སྡེ་ཁག་གི་མི་སྣར་རྒྱལ་ཁབ་ལ་དགའ་བ་དང་ཏང་ལ་དགའ་བ་སོགས་དགའ་བ་གསུམ་གྱི་གཟེངས་བསྟོད་བྱ་དགའ་སྤྲོད་པའི་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད། ཚོགས་འདུའི་ཐོག་རེབ་གོང་ཁུལ་གྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ ༤༠ ཙམ་ནས་ཕེབས་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ལ་ས་གནས་བོད་མི་ཞིག་གིས་དེ་འབྲེལ་གནས་ཚུལ་འགྲེལ་བརྗོད་གནང་དོན། ཚོགས་འདུ་དེའི་ཐོག་དགོན་སྡེ་ཁག་གི་སྐུ་ཚབ་མི་སྣ་དེ་དག་ལ་རྒྱལ་ཁབ་ལ་དགའ་བ་དང་ཏང་ལ་དགའ་བའི་མི་སྣ་ཡིན་པར་ངོས་འཛིན་གྱིས་རྒྱ་སྒོར་ཁྲི་གཅིག་ནས་བརྒྱད་བར་གྱི་བྱ་དགའ་སྤྲད་པ་དང་ཆབས་ཅིག དགེ་འདུན་པ་དེ་དག་ནི་རྒྱལ་ཁབ་ལ་དགའ་བ་དང་ཏང་ལ་དགའ་བའི་གུང་ཁྲན་ཏང་ཡོན་པ་ངོ་མ་ཞིག་ཡིན་པ་སོགས་ཀྱི་གཏམ་བཤད་ཀྱང་བྱས་འདུག དེ་བཞིན་དགོན་ཁག་ལའང་མཐུན་སྒྲིལ་བྱ་དགའ་དང་འཆམ་མཐུན་གྱི་གཟེངས་བསྟོད་བྱ་དགའ་བཅས་སྤྲད་འདུག་ཀྱང་། བོད་ཕྱི་ཕྱོགས་རྒྱ་གར་དང་བལ་ཡུལ་སོགས་ལ་འགྲོ་མྱོང་མཁན་ལ་བྱ་དགའ་སྤྲོད་རྒྱུ་ཕར་ཞོག་ཉེས་ཆད་གཏོོང་རྒྱུ་ཡིན་ཚུལ་བརྗོད་འདུག  ཁོང་གིས་མུ་མཐུད་དུ་བརྗོད་དོན་གཟེངས་བསྟོད་བྱ་དགའ་སྤྲོད་རྒྱུའི་ཚོགས་འདུ་དེ་ལྟར་ཆེད་ཚོགས་བྱས་པའི་དགོས་དམིགས་གཙོ་བོ་ནི་བོད་མིའི་རང་དབང་སྒེར་ལངས་བྱས་པའི་གསུམ་བཅུའི་དུས་དྲན་ཉིན་མོ་བསླེབ་ལ་ཉེ་བ་ཡིན་སྟབས་དགོན་སྡེ་ཁག་དེ་དག་གི་གནད་ཡོད་མི་སྣར་བྱ་དགའ་སྤྲད་དེ་བོད་མིའི་ཁྲོད་ནས་ངོ་རྒོལ་རིགས་མི་ཡོང་བའི་སྔོན་འགོག་སླད་དུ་ཡིན་སྐོར་འགྲེལ་བརྗོད་གནང་སོང་། གཞི་རྩའི་དེ་སྔ་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བོད་ས་ཁྱོན་ཡོངས་ལ་བོད་མིའི་ཞི་རྒོལ་བྱུང་དང་འབྱུང་བཞིན་པ་ལྟར་རེབ་གོང་ས་ཁུལ་ནི་བོད་མིའི་རང་ལུས་མེར་སྲེག་དང་ངོ་རྒོལ་གྱི་ལས་འགུལ་ཆེས་མང་ཤོས་བྱུང་སའི་ས་ཚིགས་ཤིག་ཡིན་པ་རེད།

རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་དམ་བསྒྲགས་ཤུགས་ཆེ་བྱེད་རྐྱེན་བོད་ཙམ་མ་ཟད་བཙན་བྱོལ་དུའང་དེའི་ཤུགས་རྐྱེན་སླེབ་བཞིན་པ་མངོན་གསལ་གནང་པ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་གིས་བོད་ནང་བོད་མིའི་སྨྲ་བརྗོད་རང་དབང་དང་སྒེར་གྱི་རང་དབང་སོགས་ལ་དམ་བསྒྲགས་ཤུགས་ཆེ་བྱེད་རྐྱེན་བོད་ནང་གི་བོད་མི་ཙམ་མ་ཟད་ཕྱི་ཕྱོགས་ཀྱི་བོད་མིའི་ཐོག་ལའང་དེའི་ཤུགས་རྐྱེན་སླེབ་བཞིན་ཡོད་པ་གསུངས་སོང། དེ་རིང་སྔ་དྲོ་ཚོུད་ ༡༠།༣༠ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༡༦ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་སོང་བ་དང། སྐབས་དེར་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཀྱི་སྲིད་བྱུས་རིམ་བཞིན་ལག་བསྟར་བྱེད་མུས་ཁྲོད། བོད་ཁུལ་ཡོངས་སུ་མངོན་གསལ་དོད་པོ་དང་མངོན་གསལ་མིན་པའི་ཐབས་ལམ་གཉིས་ཀྱི་ཐོག་ནས་ས་ཁུལ་གང་སར་ལྟ་སྲུང་འཕྲུལ་ཆས་ཆེད་བཙུགས་དང་། དྲ་རྒྱ་སོགས་ཀྱི་ཐོག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་རྐྱེན་བོད་མི་ཕན་ཚུལ་དབར་དོགས་ཟོན་དང་ཡིད་ཆེས་མེད་པར་རང་ཉིད་ལ་ཞིབ་བཤེར་དང་། ཉེན་རྟོག་པ་དངོས་སུ་མི་དགོས་པར་རང་གིས་རང་ལ་དམ་བསྒྲགས་བྱེད་པའི་གནས་སྟངས་ཆགས་ཡོད་པ་མ་ཟད། བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྣམས་ལ་ཡང་དམ་བསྒྲགས་དེའི་ཤུགས་རྐྱེན་སླེབ་བཞིན་ཡོད་པ་གསུངས་སོང། གསར་འགོད་ལྷན་ཚོགས་དེའི་སྐབས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་ལགས་ཀྱིས་དབུས་པའི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་དང། པདྨ་ཆོས་སྒྲོན་ལགས། བསྟན་འཛིན་ཉི་མ་ལགས་བཅས་ཀྱིས་སྔ་ལོར་བོད་ནང་བོད་མིའི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་། མི་སྒེར་གྱི་རང་དབང་ཐོབ་ཐང། ཆོས་དད་རང་དབང། སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་། བོད་ཀྱི་ཁོར་ཡུག་གི་གནས་སྟངས་དང། བོད་མི་ཆབ་སྲིད་བཙོན་པའི་གྲངས་ཐོ་སོགས་སྡེ་ཚན་སོ་སོར་ཆ་བགོས་ཀྱིས་གནས་སྟངས་ཇི་ཆགས་སྐོར་སྙན་སྒྲོན་གནང་ཡོད་པ་རེད། སྙན་ཐོའི་ནང་གསལ་བར་ལྟར་ན་སྔ་ལོ་ཡང་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་རྩོད་པའི་གནད་དོན་ཁག་མུ་མཐུད་ཁྲིམས་འགལ་དང་ནག་ཉེས་སུ་བརྩིས་ནས་བོད་མི་གང་བྱུང་དུ་འཛིན་བཟུང་དང་མནར་གཅོད་བཏང་པ་སོགས་ཀྱི་གནས་ཚུལ་བསྟུད་མར་བྱུང་ཡོད་པ་མ་ཟད། སྔར་ཡོད་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་ཀྱིས་འཆར་གཞི་ལྡན་པའི་ཐོག་ནས་བོད་མིའི་གཞི་རྩའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་པ་མངོན་གསལ་གནང་ཡོད། ཐེངས་འདིའི་སྙན་ཐོའི་ནང་དུ། ཕྱི་ལོ་ ༡༩༩༡ ནས་ད་བར་བོད་མི་ཆབ་སྲིད་བཙོན་པའི་གྲངས་ཚད་ ༥༠༠༠ ལྷག་ཆགས་ཡོད་པ་དང། འདས་པའི་ཕྱི་ལོ་ ༢༠༡༥ ནང་དུ་བོད་མི་ ༡༠༥ འཛིན་བཟུང་གིས་ཟླ་རེར་མི་ ༩ རེ་འཛིན་བཟུང་བྱེད་པ་ལྟ་བུ་ཆགས་ཀྱི་ཡོད་པ་དང། དེ་བཞིན་སྔ་ལོ་ ༢༠༡༦ ནང་དུ་བོད་མི་ ༣༦ འཛིན་བཟུང་གིས་ཟླ་རེར་མི་ ༣ རེ་འཛིན་བཟུང་བྱེད་པ་ལྟ་བུའི་གནས་སྟངས་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ། དེ་སྔ་དང་མི་འདྲ་བར་འདས་པའི་ལོ་གཉིས་ཀྱི་ནང་དུ་བོད་མི་ཆབ་སྲིད་བཙོན་པའི་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་བའི་གྲངས་ཐོ་ཉུང་བ་ཡོད་པ་ལྟར། བོད་ནང་བོད་མིའི་གནས་སྟངས་ཡར་རྒྱས་ཕྱིན་མེད་པ་དང་། རྒྱ་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཤུགས་ཆེ་རུ་ཕྱིན་ཡོད་པ་མངོན་གསལ་གནང་ཡོད་པ་རེད། ལྷག་པར་དུ་སྔ་ལོ་ཕྱི་ཟླ་ ༧ པ་ནས་བོད་གསེར་རྟ་བླ་རུང་སྒར་དུ་རྒྱ་ནག་གཞུང་གིས་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་འགུལ་སྤེལ་མུས་ཡིན་པའི་གནད་དོན་དང། བོད་མི་རྣམས་ལ་༸གོང་ས་མཆོག་གི་དྲུང་ནས་དུས་འཁོར་དབང་ཆེན་ཞུ་བར་བཀག་སྡོམ་བྱེད་པའི་གནད་དོན་ཁག་ལུང་འདྲེན་གྱིས་སྔ་ལོར་བོད་ནང་བོད་མིའི་ཆོས་དད་རང་དབང་ལ་སྔར་ལྷག་བརྩི་མེད་རྡོག་རོལ་བཏང་ཡོད་སྐོར་གསུངས་སོང། ལྷག་པར་དུ་ཉམས་ཞིབ་པ་པདྨ་ཆོས་སྒྲོན་ལགས་ཀྱིས་སྔ་ལོའི་ཕྱི་ཟླ་ ༡༢ ནང་༸གོང་ས་མཆོག་གིས་དུས་ཁོར་དབང་ཆེན་བསྩལ་བའི་དུས་ཡུན་དེའི་སྔ་རྗེས་སུ་བོད་མིའི་ཕྱིར་བསྐྱོད་ལག་འཁྱེར་ཕྱིར་བསྡུ་དང་ལ་ལ་ཞིག་གི་ལག་འཁྱེར་གནམ་ཐང་ནས་བེད་མེད་བཟོས་པ་མ་ཟད། དུས་དབང་གོང་དུ་བོད་ནང་ཕྱིར་ལོག་ཟིན་དགོས་པའི་བཙན་བཀའ་བཏང་བ་དང་འདི་བཞིན་བལ་ཡུལ་བར་དུ་རྒྱ་གཞུང་གི་མི་སྣ་སླེབས་ཡོད་པ་དང། ད་བར་རྒྱ་གཞུང་གིས་བོད་མིའི་འགྲུལ་བསྐྱོད་རང་དབང་ལ་དམ་བསྒྲགས་ཀྱི་གནད་དོན་ཤུགས་ཆེ་ཤོས་ཤིག་ཆགས་ཡོད་པ་གསུངས་སོང། དེ་བཞིན་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་སྔ་ལོ་བོད་ནང་བོད་མི་གསུམ་གྱི་རང་ལུས་མེར་བསྲེགས་བཏང་ཡོད་པ་དང། བོད་མདོ་སྨད་རྔ་བའི་དགོན་སྡེ་ཁག་གི་ནང་དུ་གྱོད་དཔེ་ཀློག་དེབ་ཞེས་པ་གྲྭ་དམངས་ཡོངས་ལ་བགོས་འགྲེམས་བྱས་པའི་ནང་ བོད་མི་ཚོས་རང་ལུས་མེར་སྲེག་དང་ཞི་བའི་གོམ་བགྲོད་སོགས་ཀྱི་ལས་འགུལ་སྤེལ་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པ་མ་ཟད། དེ་དག་རྣམས་ཁྲིམས་ཐོག་ནས་ཉེས་ཅན་པར་ངོས་འཛིན་གྱིས་ལག་བསྟར་བྱས་སྐོར་དང་། ལོ་སྔོན་མའི་ནང་བོད་མི་རྩོམ་པ་པོ་ཞོགས་ལྗང་ལགས་དང་བློ་མིག་ལགས་སོགས་ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནད་དོན་ཁག་གཅིག་ལུང་འདྲེན་དང་སྦྲགས། རྒྱ་གཞུང་གིས་བོད་མིའི་སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་ལ་དམ་བསྒྲགས་ཤུགས་ཆེ་བྱེད་རྐྱེན་བོད་མི་ཚོ་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་ཡོད་པ་གསུངས་ སོང་། དེ་བཞིན་འགན་འཛིན་ཚེ་རིང་ཚོ་མོ་ལགས་ཀྱིས་རྒྱ་ནག་ནང་དུ་དམར་ཤོག་ཚོགས་པའི་རྩ་ཁྲིམས་དང་གཞུང་གི་རྩ་ཁྲིམས་ཞེས་པ་མི་འདྲ་བ་གཉིས་ཡོད་པའི་ཁྲོད། ཁྲིམས་ཀྱི་ཚིགས་བཀོད་སྟངས་ཐོག་ནས་རྒྱལ་སྤྱིའི་ཐོག་ངོས་ལེན་ཡོད་པའི་དོན་དངོས་ཀྱི་ཆོས་ལུགས་རང་དབང་མེད་པའི་ཁྲོད། རྒྱ་གཞུང་གིས་ཆོས་ལུགས་སྲིད་བྱུས་འོག་ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་གཞུང་གི་འཆར་གཞི་ལྡན་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་སྤེལ་རྒྱུའི་ལག་ཆ་ལྟ་བུར་འགྱུར་བཞིན་པའི་འོག་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བོད་མིའི་ངོ་བོ་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་སྤེལ་བཞིན་ཡོད་པ་གསུངས་སོང། དེ་མཚུངས་སུ་ཁོང་གིས་དེ་སྔ་ཕྱི་ལོ་ ༢༠༠༩ ལོར་བོད་ནང་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཐོག་མ་དེ་རྔ་བ་ཀིརྟི་དགོན་པའི་གྲྭ་སྐྲ་སྦེ་ལགས་སྔ་ལོ་མིན་ཡང་བཙོན་ཁང་ནང་དུ་ཡོད་པ་དང། ཁོང་ལ་སྤྱི་ཚོགས་བརྟན་ལྷིང་དཀྲུགས་པའི་ནག་ཉེས་འོག་བཙོན་འཇུག་བྱེད་ཡོད་པ་ཤེས་རྟོགས་བྱུང་བ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་མི་རང་ལུས་མེར་བསྲེགས་གཏན་མཁན་རྣམས་ལ་ནག་ཉེས་གང་གཡོགས་པ་མངོན་གསལ་ཆགས་ཡོད་སྐོར་གསུངས་སོང་།

ཆབ་སྲིད་བཙོན་པ་ཤེར་འཕེལ་ལགས་གློད་བཀྲོལ་ཐོབ་འདུག

དེའང་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༣ ཉིན་དཀར་མཛེས་ཁུལ་སེར་རྟ་རྫོང་ཐོག་ཏུ་ཞི་རྒོལ་ནང་མཉམ་ཞུགས་གནང་པར་བརྟེན་ལོ་ ༤ དང་ཟླ་བ་ ༡༠ རིང་བཙོན་འཇུག་ཁྲིམས་ཆད་ཕོག་པའི་དཀར་མཛེས་ཁུལ་གསེར་རྟ་རྫོང་དབོན་བཟའ་སྡེ་བ་ནས་ཡིན་པའི་ཤེར་འཕེལ་ལགས་གློད་བཀྲོལ་ཐོབ་འདུག གཞི་རྩའི་ཤེར་འཕེལ་ལགས་དེ་སྔ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༣ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་རྒྱུ་ཡིན་པའི་ཡིག་ཆ་ཞིག་བཀྲམས་པར་བརྟེན་ཉིན་དེར་བོད་མི་མང་པོ་ཞིག་རྫོང་ཐོག་ཏུ་འཛོམས་ཏེ་ཞི་རྒོལ་གནང་མཁན་གྱི་ཕུང་པོ་རྒྱ་གཞུང་གི་ལག་ཏུ་མ་ཤོར་བ་གནང་དགོས་སྐོར་བརྗོད་སྟབས། བོད་མི་ཁག་ཅིག་འཛིན་བཟུང་བྱས་པའི་ཁྲོད་ཤེར་འཕེལ་ལགས་ཀྱང་སྐབས་དེར་འཛིནབཟུང་བྱས་ཏེ་ད་བར་ལོ་ ༤ དང་ཟླ་བ་ ༡༠ རིང་བཙོན་འཇུག་བྱས་པ་དང་། སྔ་ལོ་ ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༢༥ ཉིན་བཙོན་འཇུག་གི་དུས་ཡུན་གཙང་སྟེ་དངོས་སུ་གློད་བཀྲོལ་བཏང་ནས་རང་ཁྱིམ་དུ་འབྱོར་འདུག འདི་ག་རླུང་འཕྲིན་ཁང་ལ་སུད་སིར་བཅའ་སྡོད་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་དོན། ཁོང་གིས་ས་གནས་ལ་དམ་བསྒྲགས་ཆེ་བའི་རྐྱེན་གྱིས་ཁོང་གི་གཟུགས་གཞིའི་གནས་སྟངས་དང་བཙོན་ཁང་ནང་སྡུག་སྦྱོང་ཇི་ལྟར་མྱངས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་ལྟའིི་ཆར་ཤེས་རྟོགས་ཐུབ་ཀྱི་མེད་པ་མ་ཟད། ཁོང་གློད་བཀྲོལ་ཐོབ་ཏེ་ད་བར་ཟླ་ཤས་ཕྱིན་ཟིན་ཀྱང་ད་བར་གནས་ཚུལ་དེ་ཕྱིར་བསྒྲགས་གནང་མ་ཐུབ་པའི་རྒྱུ་མཚན་ནི་སྔ་ལོ་ ༢༠༡༦ ལོ་མཇུག་ནས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལ་བསྐྱོད་མཁན་བོད་མི་ཚོར་དམ་བསྒྲགས་དང་། དེ་རྗེས་ ༢༠༡༧ ལོར་རྒྱ་མིའི་ལོ་གསར་འཁེལ་བ། དེ་བཞིན་ཁམས་བྲག་མགོ་དང་སེར་རྟ་བཅས་ཀྱི་ནང་བོད་མིས་ཞི་རྒོལ་བ་བསྟུད་མར་གནང་རྐྱེན་དུས་ཡུན་དེ་དག་གི་རིང་ལ་ས་གནས་ཁག་ཏུ་དྲ་ལམ་དང་སྐད་འཕྲིན་སོགས་བཀག་སྡོམ་འོག་ཕྱིར་བསྒྲགས་གནང་ཐུབ་མེད་སྐོར་གསུངས་སོང་། རྩ་བའི་དཀར་མཛེས་ཁུལ་གསེར་རྟ་རྫོང་དབོན་བཟའ་སྡེ་བ་ནས་ཡིན་པའི་ཤེར་འཕེལ་ལགས་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༣ ཉིན་དཀར་མཛེས་ཁུལ་སེར་རྟ་རྫོང་ཐོག་ཏུ་ཞི་རྒོལ་ནང་མཉམ་ཞུགས་གནང་པར་བརྟེན་ལོ་ ༤ དང་ཟླ་བ་ ༡༠ རིང་བཙོན་འཇུག་བྱས་པ་དང་། བཙོན་འཇུག་གི་དུས་ཡུན་གཙང་སྟེ་ ༢༠༡༦ ལོའི་ཟླ་ ༡༡ ཚེས་ ༢༥ ཉིན་དངོས་སུ་གློད་བཀྲོལ་བཏང་ནས་རང་ཁྱིམ་དུ་འབྱོར་འདུག

རྒྱ་གཞུང་གིས་བསོད་ནམས་བཀྲིས་ལགས་འཛིན་བཟུང་བྱས་འདུག

འདི་ལོའི་ཟླ་ ༡ ཚེས་ ༥ ཉིན་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཐོག་ཁྲོམ་གཞུང་དུ་བོད་རིགས་གཞོན་སྐྱེས་བསོད་ནམས་བཀྲིས་ལགས་ཀྱིས་མཁའ་དབྱིངས་སུ་རླུང་རྟ་གཏོར་ཞིང་། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་༸སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་ཞི་བའི་གྲོམ་བགྲོད་དང་སྦྲགས་ཏེ་སྐད་འབོད་གནང་སྐབས་དེ་མ་ཐག་རྒྱ་གཞུང་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་བྱས་འདུག ད་ལྟའི་ཆར་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད། འདི་ག་རླུང་འཕྲིན་ཁང་ལ་སུད་སིར་བཅའ་སྡོད་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་དོན། ཁོང་གིས་བསོད་ནམས་བཀྲིས་ལགས་ཀྱིས་ངོ་རྒོལ་སྐད་འབོད་གནང་ཏེ་ཅུང་ཙམ་ལས་མ་འགོར་བར་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་བྱས་པ་དང་། ས་གནས་ལ་གནས་ཚུལ་གང་ཡང་བྱུང་མེད་པ་ལྟར་གཙང་བཟོ་བྱས་སྟབས། ཁོང་གིས་ཁྲོམ་གཞུང་ལ་གཏོར་འགྲེམས་གནང་པའི་རླུང་རྟའི་ཤོག་བུ་དེའི་ཐོག་ཡི་གེ་གང་ཞིག་བྲིས་ཡོད་མེད་ཤེས་རྟོགས་ཐུབ་མེད་པ་མ་ཟད། ཁོང་གི་ནང་མི་སྤུན་མཆེད་ཚོས་ཀྱང་ད་བར་ཁོང་གང་དུ་ཡོད་མེད་རྩད་གཅོད་རིམ་པ་གནང་ནས་དུས་ཡུན་ཟླ་བ་གཅིག་ལྷག་འགྲོ་བཞིན་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་སྟབས་ནང་མི་རྣམས་བློ་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་སོགས་གསུངས་སོང་། རྩ་བའི་བསོད་ནསམ་བཀྲིས་ལགས་ཀྱི་སྐྱེས་ཡུལ་ནི་སེར་རྟ་རྫོང་།སེར་ཁོག་ཡུལ་མཚོ།ཤོད་ཐལ་སྡེ་བ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༢༠ བརྒལ་ཡོད་པ་རེད་འདུག གཞི་རྩའི་ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་པའི་བོད་ས་ཁྱོན་ཡོངས་སུ་བོད་མི་ཚོས་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་གནང་པ་ནས་བཟུང་གསེར་རྟ་རྫོང་ཐོག་ཏུ་བོད་མིའི་ཞི་རྒོལ་བ་རབ་དང་རིམ་པ་བྱུང་ཡོད་པ་མ་ཟད། བོད་མི་མང་པོ་ཞིག་ད་དུང་ཡང་འཛིན་བཟུང་བཙོན་འཇུག་འོག་གནས་ཡོད་པ་རེད།

སྟག་ཚང་ལྷ་མོ་ཀིརྟི་དགོན་པར་མཆོད་མཇལ་བསྐྱོད་མཁན་མང་ཚོགས་སྟོང་ཕྲག་ལྷག་བཀག་སྡོམ།

བོད་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲིས་འཁྱིལ་སོགས་མདོ་སྨད་ཕྱོགས་ཀྱི་རི་བོ་དགེ་ལྡན་པའི་དགོན་སྡེ་རྣམས་སུ་འདི་ལོའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་པ་དང་བོད་ཟླ་ ༡༢ ཚེས་ ༡༤ དང་ཕྱི་ཚེས་ ༩ ཉིན་ཕྱོགས་མཐའ་ཁག་ནས་དད་ལྡན་མང་ཚོགས་སྟོང་ཕྲག་དུ་མས་ལམ་ཐག་ལེ་དབར་བརྒྱ་ཕྲག་མང་པོ་ནས་རླངས་འཁོར་གླས་ཏེ་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་གནང་སྒོ་གལ་ཆེའི་གྲས་གར་འཆམ་སོགས་བལྟ་བར་བསྐྱོད་མཁན་བོད་མི་ཉིས་སྟོང་ཙམ་ཞིག་དེ་ཉིན་ཀན་སུའུ་དང་སི་ཁྲོན་གྱི་ས་མཚམས་སུ་ཀན་སུའུ་ཀླུ་ཆུས་མངག་གཏོང་ཁང་གི་ཉེན་རྟོག་མི་སྣས་མང་ཚོགས་ཀྱི་རླངས་འཁོར་བཀག་སྡོམ་གྱིས་ལྷ་མོ་ཀིརྟི་དགོན་དུ་འགྲོ་མི་ཆོག་ཅེས་ལམ་བཀག་པར་བརྟེན་མང་ཚོགས་རྣམས་བློ་ཕམ་ཆེན་པོ་བྱུང་འདུག རྒྱ་གཞུང་ཉེན་རྟོག་པས་དད་ལྡན་མང་ཚོགས་རྣམས་ལ་བཀག་འགོག་དེ་ལྟར་བྱེད་དོན་ཐད་རྒྱ་གཞུང་ཉེན་རྟོག་པས་རྒྱུ་མཚན་གང་ཡིན་གསལ་བཤད་བྱས་མེད་ཀྱང་ས་གནས་དེར་དོལ་རྒྱལ་བསྟེན་སྲོལ་བྱེད་མཁན་གསེར་ཁྲི་དགོན་པས་རྒྱ་གཞུང་ལ་ལག་འབྲེལ་གྱིས་དེ་ལྟར་བྱས་པ་ཞིག་ཡིན་པར་མང་ཚོགས་ཚོས་ཚོད་དཔག་གནང་གི་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ལ་ས་གནས་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་དོན་ལ། རྒྱ་གཞུང་ཉེན་རྟོག་པས་དད་ལྡན་མང་ཚོགས་ལ་བཀག་འགོག་གིས་མ་གཏང་བར་མང་ཚོགས་རྣམས་བློ་ཕམ་ཆེན་པོ་བྱུང་བ་མ་ཟད། དེ་ནི་མི་མང་གི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་འདུག ཁྲིམས་ལུགས་ཀྱི་མདུན་དུ་ང་ཚོ་ལ་གནས་ལུགས་དགོས་ཞེས་མང་ཚོགས་ཀྱི་བསམ་ཚུལ་བརྗོད་ཡོད་སྐོར་སོགས་གསུངས་སོང་། སྟག་ཚང་ལྷ་མོ་ཀིརྟི་དགོན་པར་བོད་ཟླ་ ༡༢ ཚེས་ ༤ ཉིན་ནས་འགོ་འཛུགས་ཀྱིས་འདི་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་ཡོད་པ་དང་བོད་ཚེས་ ༡༤ ཉིན་གར་འཆམ་དང་བོད་ཚེས་ ༡༥ ཉིན་ཕྱི་དྲོ་མེ་ཏོག་མཆོད་པ། ཁ་སང་བོད་ཚེས་ ༡༦ ཉིན་གོས་སྐུ་ཆེན་མོ་དང་བྱམས་པ་གླང་འཁོར་འམ་བྱམས་པ་གདན་འདྲེན་བཅས་གནང་སྟེ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་རེ་ཞིག་མཇུག་སྒྲིལ་གནང་འདུག སྤྱིར་རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་དམིགས་བསམ་དམ་བསྒྲགས་དང་དོ་དམ་ནན་པོ་བྱས་དང་བྱེད་བཞིན་ཡོད་པ་རེད། ཤེས་རྟོགས་བྱུང་བར། མདོ་སྨད་ཡུལ་དུ་བོད་ཟླ་ ༡༢ ནང་ལོ་གསར་དགའ་སྟོན་བྱེད་སྲོལ་ཡོད་པ་དང་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་། སྐུ་འབུམ་དགོན། རེབ་གོང་རོང་བོ་དགོན་ཆེན་སོགས་ཀྱིས་གཙོས་དགེ་ལུགས་པའི་དགོན་སྡེ་ཁག་ཏུ་འདས་པའི་ཉིན་ཁ་ཤས་ནང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་བཞིན་པའི་རིང་ལ་ས་གནས་གང་ས་ནས་མི་མང་ཁྲི་ཕྲག་མང་པོ་དགོན་ཁག་ཏུ་མཆོད་མཇལ་ཞུ་བར་ཕེབས་ཡོད་པ་རེད། སྨོན་ལམ་ཆེན་མོའི་སྐབས་རྒྱ་ནག་གིས་དྲག་ཆས་ཉེན་རྟོག་མི་སྣ་དང་འབྲེལ་ཡོད་ཚན་པས་ལྟ་རྟོག་དང་དོགས་ཟོན་ནན་པོ་བྱས་འདུག

Latest news