Tibetan Royal Year of 2151 | Year of the Wood Dragon

Ramon Magsaysay Award ཐེབས་རྩ་ཁང་གི་སྐུ་ཚབ་ནས་༸གོང་ས་མཆོག་ལ་ཟུར་མཇལ་ཞུས་པ།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

Philippines ནང་ལ་རྟེན་གཞི་བྱས་པའི་ Ramon Magsaysay Award ཐེབས་རྩ་ཁང་གི་ཚོགས་གཙོ་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གཙོས་སྐུ་ཚབ་ཁག་གཅིག་གིས་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་ཟུར་མཇལ་ཞུས་སོང་།

Ramon Magsaysay ཞེས་པའི་གཟེངས་རྟགས་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༨ ཚེས་ ༣༡ ཉིན་ལ་འབུལ་བཞེས་མཛད་པ་ཞིག་ཡིན་པ་དང་། དེའང་༸གོང་ས་མཆོག་བཙན་བྱོལ་དུ་ཆིབས་བསྒྱུར་མཛད་པའི་རྗེས་སུ་རྒྱལ་སྤྱིའི་ཐོག་ཆེས་སྙན་གྲགས་ཆེ་བའི་གཟེངས་རྟགས་འབུལ་བཞེས་མཛད་པ་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང། སྐབས་དེར་༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གིས་༸གོང་ས་མཆོག་གི་༸སྐུ་ཚབ་ཀྱི་མཚན་གནས་ཐོག་ནས་བཞེས་ཡོད་པ་རེད།

ཐེབས་རྩ་ཁང་གི་ཚོགས་གཙོ་ལྕམ་སྐུ་ Susan Afan ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ་ཐེབས་རྩ་ཁང་དེ་ཉིད་དབུ་བརྙེས་ཏེ་མི་ལོ་ ༦༥ འཁོར་བ་དང་བསྟུན་ད་བར་གཟེངས་རྟགས་དེ་བཞེས་མྱོང་ཡོད་མཁན་ཡོངས་ལ་འབྲེལ་བ་ཞུས་ཏེ་དམིགས་བསལ་བརྡ་ལན་ཆེད་བསྡུ་གནང་བཞིན་པ་ལྟར་ད་རེས་ཁོང་རྣམས་བཞུགས་སྒར་དུ་ཆེད་བཅར་ཞུས་པ་ཞིག་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༡༡ ནང་ Phillipines ཡི་རྒྱལ་ས་ Manila དུ་གཟེངས་རྟགས་བཞེས་མྱོང་མཁན་གྱི་སྐྱེས་ཆེན་རྣམས་ལྷན་འཛོམས་ཀྱི་དམིགས་བསལ་མཛད་སྒོ་ཞིག་ཚོགས་ནས་ཞི་བདེའི་བརྡ་ལན་དེ་དག་གསལ་བའི་དེབ་ཕྲེང་བདུན་བདག་ཉིད་ཅན་གྱི་ཕྱག་དེབ་འདོན་སྤེལ་གནང་རྒྱུ་རེད་འདུག

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དེ་རིང་མཇལ་མོལ་དེ་དང་འབྲེལ་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་གསལ་ལྟར་ན། ༸གོང་ས་མཆོག་གིས་སྐབས་དེར་ཐེབས་རྩ་ཁང་གི་ཚོགས་གཙོ་ལྕམ་སྐུ་ Susan Afan ལགས་དང་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་ Emily Abrera ལགས་རྣམ་གཉིས་ཀྱིས་དབུས་པའི་འབྲེལ་ཡོད་རྣམས་ལ་དུས་རབས་འདིའི་སྟོད་ཙམ་ལ་ཚང་མས་དམག་དང་གོ་ཚོན་སོགས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། དེང་སྐབས་རིམ་བཞིན་གནས་སྟངས་ལ་འགྱུར་ལྡོག་ཕྱིན་ཏེ་ང་ཚོ་དང་ཁོ་ཚོ་ཞེས་པའི་རིམ་པ་གཉིས་པའི་བཀའ་མོལ་མེད་པ་ཆགས་ཡོད་ཅེས་དང་། ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་ཆ་ནས་མཉམ་གནས་གནང་གལ་དང་། ཕན་ཚུན་གསོད་རེས་སོགས་འཚེ་བའི་བྱ་སྤྱོད་རིགས་ལ་དགེ་མཚན་གང་ཡང་མེད་སྟབས་བདེ་སྐྱིད་ལྡན་པའི་ཐོག་ནས་མཉམ་གནས་གནང་རྒྱུར་ཐུགས་རེ་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུག

༸གོང་ས་མཆོག་གིས་ད་དུང་མགོན་པོ་གང་ཉིད་མཆོག་གིས་རྣམ་ཀུན་ནས་ཆོས་ཀྱི་སྐོར་ལ་བཀའ་སྩལ་གང་ཡང་མཛད་ཀྱི་མེད་པ་དང་། ཆོས་ལ་དད་གུས་གནང་མིན་དང་ཁས་བླངས་མིན་ནི་གང་ཟག་སྒེར་གྱི་གནད་དོན་རེད། འོན་ཀྱང་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་ཆ་ནས་མཉམ་གནས་གནང་དགོས་ཞེས་བཀའ་སྩལ་བ་དང་ཆབས་ཅིག ཚན་རིག་པ་རྣམས་ཀྱིས་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རྗེས་ལ་གོ་ལའི་ཚ་གྲོད་རྐྱེན་པས་འཛམ་གླིང་འདི་འཇིག་པར་བཀའ་མོལ་གནང་གི་ཡོད། དེས་ན་དུས་ཚོད་མ་ཤར་བར་དུ་ང་ཚོ་བདེ་སྐྱིད་ལྡན་པའི་ཐོག་ནས་མཉམ་གནས་གནང་དགོས་ཞེས་ལམ་སྟོན་མཛད་འདུག

ཐེབས་རྩ་ཁང་གིས་མགོན་པོ་༸གང་ཉིད་མཆོག་ལ་དེང་གི་གཞོན་སྐྱེས་ཚོར་ལམ་སྟོན་སྩལ་གནང་ཡོང་བའི་སྐྱབས་འཇུག་གསོལ་འདེབས་ཞུས་པ་ལྟར་༸གོང་ས་མཆོག་གིས་ང་རྒྱལ་དང་ཁོང་ཁྲོ། དངངས་སྐྲག་སོགས་ཀྱིས་སེམས་ཀྱི་ཞི་བདེ་བཅོམ་གྱི་ཡོད་སྟབས་ཕན་ཚུན་དབར་མཛའ་གྲོགས་དང་སྤུན་མཆེད་ཀྱི་འདུ་ཤེས་ཐོག་ནས་གནས་ཚེ་སེམས་ལ་ཞི་བདེ་ལྷིང་འཇགས་ཡོང་གི་ཡོད་པར་ལམ་སྟོན་སྩལ་ཡོད།

ལྕམ་སྐུ་ Susan Afan ལགས་ཀྱིས་མཇལ་མོལ་རྗེས་གསར་འགོད་པར་༸གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་ལམ་ཞུ་སྐབས་གཙོ་བོ་མགོན་པོ་༸གང་ཉིད་མཆོག་གིས་སྤྱི་ཚོགས་དབུ་ཁྲིད་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་གོང་འཕེལ་བཅས་ལ་རླབས་ཆེན་གྱི་མཛད་རྗེས་ཇི་སྙེད་ཅིག་བསྐྱངས་ཡོད་པར་ཆེ་བསྟོད་ཞུ་ཕྱིར་གཟེངས་རྟགས་དེ་འབུལ་ལམ་ཞུས་པ་ཞིག་ཡིན་པ་དང་། མགོན་པོ་མཆོག་གིས་༸སྐུ་ཚེ་ཧྲིལ་པོའི་རིང་རླབས་ཆེན་གྱི་མཛད་པ་དེ་དག་མུ་མཐུད་བསྐྱངས་དང་སྐྱོང་བཞིན་པ་དེ་ནི་ངོ་མཚར་ཅན་ཞིག་དང་འཛམ་གླིང་ཁྱོན་ཡོངས་ལ་༸གོང་ས་མཆོག་གི་མཛད་འཕྲིན་འོད་ཟེར་བཞིན་ཁྱབ་ཡོད་པ་སོགས་གསུངས་སོང་།

གཞི་རྩའི་ Magsaysay ཞེས་པའི་གཟེངས་རྟགས་དེ་ནི་ Philippines ཡི་སྲིད་འཛིན་ཟུར་པ་སྐུ་ཞབས་ Ramon Magsaysay མཆོག་གི་མཚན་ཐོག་ཏུ་ཐོག་མར་ཕྱི་ལོ་ ༡༩༥༧ ལོར་གསར་འཛུགས་གནང་ཞིང་། གཟེངས་རྟགས་དེར་ཡོངས་གྲགས་སུ་ཨེ་ཤ་ཡའི་ནོ་སྦེལ་གཟེངས་རྟགས་ཞེས་ཞུ་སྲོལ་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༨ ཚེས་ ༣༡ ཉིན་༸གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་བཞེས་མཛད་སྐབས་༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་ཆེད་ཕེབས་གནང་ཡོད་པ་རེད།

དེ་རིང་ Ramon Magsaysay ཐེབས་རྩ་ཁང་གི་ཚོགས་གཙོ་གཙོས་ཚོགས་མི་རྣམས་བཞུགས་སྒར་དུ་ཆེད་བཅར་གྱིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་། ལོ་ངོ་ ༦༤ རྗེས་སུ་༸གོང་ས་མཆོག་གི་ཕྱག་ལ་དངོས་སུ་གཟེངས་རྟགས་དེ་ཉིད་ཕུལ་བ་ཞིག་ཆགས་ཀྱི་ཡོད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།