Tibetan Royal Year of 2151 | Year of the Wood Dragon

རྒྱའི་གཞུང་ཚབ་མི་སྣ་དང་སྤྱི་འཐུས་ཤིག་དབར་ལ་འབྲེལ་བ་བྱུང་ཡོད་མེད་ཀྱི་གནད་དོན་ཐོག་ཉིན་འཁྱོངས་བགྲོ་གླེང་།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དྲུག་པའི་ལས་ཉིན་ ༣  ཚུགས་ཐུན་ ༢ ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༢་་་༢༣ ལོའི་ལོ་འཁོར་ལས་བསྡོམས་ཐོག་ཞིབ་གཤེར་དང་བགྲོ་གླེང་གནང་རྒྱུ་དབུ་འཛུགས་གནང་ཡང་གྲོས་ཚོགས་ཀྱི་ལས་ཉིན་ ༡ སྐབས་སྤྱི་འཐུས་གཉིས་ཀྱི་དབར་ལ་ལས་རིམ་རྣམ་གཞག་ཁྲོད་སྤྱི་འཐུས་གང་ཟག་ཅིག་གིས་རྒྱའི་སོ་པ་ཞིག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་པའི་གནད་དོན་ཐོག་བདེ་སྲུང་བཀའ་བློན་མཆོག་གིས་གསལ་བཤད་གནང་བ་ལས་འཕྲོས་ཏེ་ཉིན་འཁྱོངས་རིང་བགྲོ་གླེང་ཤུགས་ཆེར་གནང་སོང་།

ཐེངས་འདིའི་གྲོས་ཚོགས་ཀྱི་ལས་ཉིན་དང་པོར་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིིན་ལགས་དང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་གཉིས་དབར་ལ་སྙོན་འཛུགས་ཁག་ཅིག་བྱུང་བའི་ཁྲོད། དགེ་བཤེས་སྨོན་ལམ་མཐར་ཕྱིིན་ལགས་ཀྱིས་ཟླ་བ་ཕུན་སྐྱིད་ལགས་སུ་སྤྱི་ཚོགས་དཀྲུག་ཤིང་རྒྱག་མཁན་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་རྒྱའི་སོ་པ་ཁྲིད་ནས་ཀ་རྡོར་སྒང་གསུམ་ལ་འགྲོ་མཁན་ཁྱེད་མིན་ནམ་ཞེས་གསུངས་པའི་གནས་སྟངས་ཤིག་བྱུང་ཡོད།

 ཉིན་དེའི་གྲོས་ཚོགས་ཚོགས་ཐུན་མཐའ་མར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གནད་དོན་དེའི་སྐོར་གསལ་བཤད་གནང་བར་མ་ཟད། དེ་རིང་ཚོགས་དྲུང་བརྒྱུད་ཚོགས་གཙོ་མཆོག་གི་དྲུང་ནས་གསལ་བཤད་ཀྱི་དུས་ཚོད་བཀའ་འཁྲོལ་ཞུས་དོན་ལྟར། གནད་དོན་དེའི་ཐོག་སླར་ཡང་གསལ་བཤད་གནང་བའི་མཚམས་སུ་སྤྱི་འཐུས་མང་དག་ཅིག་གིས་ཛ་དྲག་ཆེ་བའི་གནད་དོན་དེ་གཙང་མ་བཟོ་བར་དུ་ལས་རིམ་གཞན་གནང་ཐབས་མེད་པ་དང་། བདེ་སྲུང་བཀའ་བློན་མཆོག་ནས་གནད་དོན་དེར་གསལ་བཤད་ཁ་གསལ་ཞིག་གནང་མེད་པར་སྐྱོན་བརྗོད། དེ་བཞིན་གནས་ཚུལ་དེ་རིགས་བདེ་སྲུང་ལས་ཁུངས་ནས་ཕྱིར་འགྱར་བྱུང་སྟངས་སོགས་གསལ་པོ་བཟོ་དགོས་པ་དང་། སྐྱོན་བརྗོད་དང་པོ་གནང་མཁན་གྱི་སྤྱི་འཐུས་ཀྱི་ངོས་ནས་འགན་ཁུར་གནང་ཕྱོགས་ལ་བློ་ཕམ་དང་འབྲེལ། ཁོང་ལའང་ཞིབ་འཇུག་བྱེད་དགོས་པ་སོགས་གསུངས་ཏེ་ཉིན་འཁྱོངས་རིང་གནད་དོན་དེའི་ཐོག་ཐུགས་ཚོར་ཤུགས་ཆེན་པོས་བགྲོ་གླེང་གནང་སོང་།

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་དེ་རིང་སླར་ཡང་རྒྱའི་གཞུང་ཚབ་ཁང་གི་ལས་བྱེད་དང་ཐུག་འཕྲད་བྱས་ཡོད་སྐོར་གྱི་གནས་ཚུལ་དེར་ངོས་ལེན་རྩ་བ་ནས་མེད་ཅེས་གསུངས་པ་དང་འབྲེལ། བདེ་སྲུང་བཀའ་བློན་དང་བཀའ་མོལ་ཇི་བྱུང་ཞིབ་ཕྲ་ངོ་སྤྲོད་དང་སྦྲགས། གནས་ཚུལ་དེ་བོད་ཀྱི་རྩ་དོན་དང་འབྲེལ་བ་ཡོད་པར་འགྲེལ་བརྗོད་གནང་སྟེ་རྒྱ་མིའི་སོ་པ་སུ་དང་ཟླ་དུས་ཚེ་གྲངས་ནམ་ཞིག་ལ་ཐུག་འཕྲད་བྱས་ཡོད་པ་གཙང་མ་བཟོ་དགོས་པ་མ་གཏོགས་ལས་རིམ་གཞན་ཐོག་མ་ཕེབས་རོགས་ཞེས་འབོད་སྐུལ་ཞུས་པ་ལྟར། བདེ་སྲུང་བཀའ་བློན་མཆོག་གིས་གནས་ཚུལ་མཁོ་སྤྲོད་གནང་མཁན་ཚོས་སོ་པ་རེད་ཅེས་གསུང་གི་མེད་སྐོར་གསུངས་པ་དང་ཆབས་ཅིག བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་ཀྱང་རྒྱའི་སོ་པ་ཡིན་པར་གསུང་གི་མེད་པར་འགྲེལ་བརྗོད་གནང་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་གནད་དོན་དེའི་ཐོག་མཇུག་སྐྱོང་གནང་རྒྱུ་ལས་གཞན་དབང་སྟབས་བསྟུན་ཡིན་པར་སོང་ལམ་སེང་གཙང་མ་བཟོ་ཐབས་མེད་པར་གསུངས་སོང་།

རྩ་བའི་དེ་རིང་སྔ་དྲོ་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༢ དང་ ༢༠༢༣ ལོའི་ལོ་འཁོར་ལས་བསྡོམས་ཀྱི་སྙན་ཐོ་ཐོག་སྤྱི་འཐུས་རྣམ་པའི་བཀའ་འདྲི་དང་བཀའ་བློན་མཆོག་གི་ལན་འདེབས་གསལ་བཤད་ཀྱི་ལས་རིམ་ཐོག་ཕེབས་ཡོད་པ་དང་། སྐབས་དེར་ཆོས་རིག་ལས་ཁུངས་ཀྱི་ལས་དོན་དང་འབྲེལ༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་རྒྱ་གར་དུ་ཕྱིར་ཕེབས་ཐུབ་རྒྱུའི་རེ་བ་ཇི་ཡོད་དང་། ཕྱིའི་རྒྱལ་ཁབ་ཁག་ལ་རིས་མེད་ཆོས་སྡེ་ཁག་གི་ཆོས་ཚོགས། དགེ་བཤེས་མར་ཕྱག་འཁྱེར་གནང་ཕྱོགས། ནང་པའི་ལྟ་གྲུབ་ངོ་སྤྲོད་དང་རིག་གཞུང་གོ་རྟོགས་ཀྱི་ལས་གཞི་སོགས་གནད་དོན་མི་ཉུང་བ་ཞིག་གི་ཐོག་གླེང་མོལ་གནང་ཡོད།  

འབྲེལ་ཡོད་གསར་གནས།

གསར་གནས།