Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་འགན་ཁུར་ཇི་བཞིན་མ་བླངས་པར་བོད་རྒྱའི་དཀའ་རྙོག་མ་སེལ་བར་ལུས་ཡོད།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པ་དབུ་འཛུགས་དང་འབྲེལ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་གྲོས་ཆོད་གྲོས་འཆར་ཕེབས་པའི་ནང་། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་རྒྱལ་ཁབ་ཡིན་པ་དང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཞི་བའི་སྒོ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་ཡང་། རྒྱ་གཞུང་ནས་ད་བར་འགན་ཁུར་ཇི་བཞིན་མ་བླངས་པའི་རྐྱེན་གྱིས་བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པར་ལུས་ཡོད་པ་གསལ་བཏོན་གནང་འདུག

17th Parliament 7th Session Begin

དེ་རིང་སྔ་དྲོ་ཚོགས་གཙོས་གྲོས་ཚོགས་ཚོགས་དུས་ ༧ པ་དབུ་འབྱེད་ཀྱི་གསུངས་བཤད་གནང་གྲུབ་མཚམས། གྲོས་ཚོགས་འགྲོ་ལུགས་བཞིན་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྙན་སྒྲོན་གནང་སོང་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་གྲོས་འཆར་དེའི་བརྒྱུད་རྒྱ་གཞུང་གིས་བོད་ནང་སྐད་ཡིག་དམ་བསྒྲགས་ཁྲོད། སྐད་གཉིས་སློབ་གསོ་དང་སྤྱི་སྐད་ཁྱབ་གདལ། བཅའ་སྡོད་སློབ་གྲྭ་སོགས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། བོད་བརྒྱུད་ནང་བསྟན་ལ་སྟངས་འཛིན་དྲག་གནོན་དང་སྤྲུལ་སྐུའི་ཡང་སྲིད་ཐད་ཐེ་བྱུས་མཚམས་འཇོག་དགོས་པ། བོད་ནང་གཏེར་ཁ་སྔོག་འདོན་དང་ཁམས་སྡེ་དགེ་གཙོས་པའི་བོད་ཀྱི་ས་ཁུལ་ནང་ཆུ་རགས་གསར་རྒྱག་དང་སྤྱི་གླིང་འཛུགས་སྐྲུན་སོགས་ཁོར་ཡུག་གཏོར་བཅོམ་གྱི་ལས་དོན་མཚམས་འཇོག་དགོས་པ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་བྱ་འགུལ་རྣམས་མཚམས་འཇོག་དགོས་པ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་སོགས་ཀྱི་དགོས་འདུན་བཏོན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དེ་དག་འགོག་ཐབས་བྱ་དགོས་པའི་སྐུལ་འདེབས་གནང་འདུག

17th Parliament 7th Session Begin

ལྷག་པར་གྲོས་ཆོད་ནང་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་དབང་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན་ཞིང་། རྒྱ་ནག་དམར་གཞུང་གིས་འདས་པའི་མི་ལོ་ ༦༠ ལྷག་གི་རིང་ཁྲིམས་འགལ་གྱི་ཧམ་བཟུང་འོག་ཚུད་པ་ཞིག་ཡིན་པ་དང་། རྒྱ་ནག་གཅིག་གི་སྲིད་བྱུས་འོག་ནས་བོད་དེ་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་པའི་འཁྱོག་བརྗོད་འོག་དུས་རབས་ ༢༡ ནང་འཛམ་གླིང་གི་མི་རྣམས་ཚུད་ཐབས་མེད་པ་དེ་རྒྱ་ནག་དཔོན་རིགས་ཚོས་ངེས་པར་དུ་ཤེས་དགོས་པ་དང་ཆབས་ཅིག བོད་མའི་སྒྲིག་འཛུགས་ཀྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་ཡང་རྒྱ་ནག་ལ་སྤྲད་ཟིན་ཡང་། རྒྱ་གཞུང་ནས་ད་བར་འགན་ཁུར་ཇི་བཞིན་མ་བླངས་པའི་ཉེར་ལེན་ལ་བརྟེན་ནས་བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པར་ལྷག་ཡོད་པ་གསུངས་འདུག

17th Parliament 7th Session Begin

སྔ་དྲོའི་ཚོགས་ཐུན་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམས་ཀྱིས་བགྲོ་གླེང་གནང་བའི་ཁྲོད། སྤྱི་འཐུས་ཁག་གཅིག་གིས་བོད་མིའི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་ཡོད་ཀྱང་རྒྱ་ནག་ཕྱོགས་ནས་བཟང་ཕྱོགས་ཀྱི་ཡར་ལན་སྤྲོད་རྒྱུ་ལས་ལྡོག་སྟེ། བོད་ནང་གི་བོད་མིར་ཆེས་དམ་བསྒྲགས་དང་གདུག་རྩུབ་གཏོང་བཞིན་ཡོད་སྟབས། ད་ཆ་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྐྱར་བཅོས་བྱ་རྒྱུའི་དུས་ལ་བབ་ཡོད་སྐོར་གསུངས་མཁན་བྱུང་སོང་ལ། སྤྱི་འཐུས་ཁག་གཅིག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་དོན་འཐབ་རྩོད་ཀྱི་རིན་ཐང་ཆེ་རུ་ཕྱིན་ཡོད་པ་གསུངས་མཁན་ཡང་བྱུང་སོང་།

དེ་བཞིན་སྤྱི་འཐུས་ཁག་གཅིག་ནས་ད་ལྟ་བོད་ནང་དུ་རྒྱ་གཞུང་གིས་དྲག་གནོན་གྱི་ཛ་དྲག་གནས་སྟངས་ལ་བརྟེན་ནས་འཛིན་སྐྱོང་གི་ངོས་ནས་རྒྱ་ནག་ལྷན་དུ་ཞི་མོལ་བརྒྱུད་བོད་ནང་གི་གནས་སྟངས་ཡར་རྒྱས་གཏང་དགོས་པའི་སྐུལ་མ་གནང་མཁན་བྱུང་སོང་།

17th Parliament 7th Session Begin

དེ་བཞིན་དེ་རིང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་མཐའ་བསྡོམས་སུ་རྒྱ་གཞུང་གི་གདུག་རྩུབ་འོག་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་འབྲེལ། བྱེས་བཞུགས་བོད་མི་ཚོས་ཀྱང་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དང་བོད་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བཅས་ལ་ཕྱར་གྲུ་མཉམ་འདེགས་གནང་དགོས་ཞེས་འཁོད་པ་ལྟར། སྤྱི་འཐུས་ཁག་གཅིག་གིས་བོད་དོན་འཐབ་རྩོད་སླད་ཚང་མས་རྡོག་རྩ་གཅིག་སྒྲིལ་གནང་དགོས་ངེས་ཡིན་པའི་སྐོར་ལ་གསུངས་མཁན་བྱུང་སོང་།

ཕྱོངས་མཚུངས་ཉེ་ཆར་སྡེ་དགེ་ནང་གི་གནད་དོན་གཙོས་བོད་ནང་གི་ཛ་དྲག་གནས་སྟངས་ཁྲོད། གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་ཁག་དང་དེའི་ནང་གི་གཞོན་སྐྱེས་ལས་འགུལ་བ་རྣམས་ཀྱི་དོན་ཕན་ལྡན་པའི་ལས་འགུལ་སྤེལ་ཕྱོགས་ལ་བསྔགས་བརྗོད་དང་། བཙན་བྱོལ་རང་དབང་ལུང་པའི་ནང་དུ་ཡོད་པའི་བོད་མི་རྣམས་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་འབད་བརྩོན་སྔར་ལྷག་གནང་དགོས་གལ། དེ་བཞིན་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྤེལ་ཕྱོགས་བཅས་ཀྱི་སྐོར་ལ་གླེང་སློང་གནང་མཁན་མང་པོ་བྱུང་སོང་།

17th Parliament 7th Session Begin

འབྲེལ་ཡོད་གསར་གནས།

གསར་གནས།