Tibetan Royal Year of 2151 | Year of the Wood Dragon

གྲོས་ཚོགས་ཚོགས་དུས་དྲུག་པ་མུ་མཐུད་ཚོགས་མ་ཐུབ་པ་དེ་མུར་ལྷག་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ ལས་ཉིན་ ༤ སྟེ་ཟླ་ ༩ ཚེས་ ༢༢ ཉིན་སྤྱི་འཐུས་ ༡༩ ངོ་བཅར་མ་ཞུས་པའི་རྐྱེན་གྱིས་གྲོས་ཚོགས་ཀྱི་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་སྟབས་གྲོས་ཚོགས་ཕྱིར་བཤོལ་དང་ལས་ཉིན་ ༥ ཚེས་ ༢༣ ཉིན་ཚོགས་གཙོ་སྦྲེལ་པོས་བཞུགས་མོལ་ཚོགས་འདུ་བསྐོང་ཡོད་ཀྱང་། སྤྱི་འཐུས་ ༡༨ ཀྱིས་མཉམ་ཞུགས་མ་གནང་བའི་ཁྲོད་དེ་རིང་སླར་ཡང་གྲོས་ཚོགས་མུ་མཐུད་ཚོགས་མ་ཐུབ་པ་དེ་མུར་ལྷག་སོང་།

ཐེངས་འདིའི་གྲོས་ཚོགས་ཀྱི་ལས་ཉིན་ ༡ ཐོག་སྤྱི་འཐུས་ཤིག་ལ་རྒྱའི་གཞུང་ཚབ་ཁང་གི་མི་སྣ་དང་ཐུག་འཕྲད་བྱས་པའི་ཉེས་འཛུགས་ལས་འཕྲོས་ཏེ་ལས་ཉིན་ ༤ ཐོག་མདོ་སྟོད་སྤྱི་འཐུས་ ༡༠ དང་ཆོས་ལུགས་སྤྱི་འཐུས་ ༩ ཡིས་བདེ་སྲུང་ལས་ཁུངས་ནས་གནད་དོན་དེ་གཙང་བཟོ་མ་གནང་བར་དུ་གྲོས་ཚོགས་ལ་བཅར་ཐུབ་ཀྱི་མེད་སྐོར་གསུངས་པར་བརྟེན་གྲོས་ཚོགས་ཕྱིར་བཤོལ་གནང་དགོས་བྱུང་བའི་རྗེས། ཕྱི་ཚེས་ ༢༣ ཉིན་རྒྱབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་འོག་ཚོགས་དྲུང་ལས་ཁུངས་ནས་གྲོས་ཚོགས་མུ་མཐུད་ཚོགས་ཐུབ་ཐབས་དང་གཞི་རིམ་མི་མང་རེ་འབོད་ཚོགས་པའི་ལས་འགུལ་དང་འབྲེལ་བའི་སྐོར་བཅས་བརྗོད་གཞི་ཁག་གཉིས་ཐོག་གོ་བསྡུར་གནང་སླད་སྤྱི་འཐུས་རྣམ་པའི་དབར་ལ་བཞུགས་མོལ་ཚོགས་འདུ་འཚོགས་ཐབས་གནང་ཡོད། འོན་ཀྱང་སྐབས་དེར་དབུས་གཙང་སྤྱི་འཐུས་བརྒྱད་དང་མདོ་སྨད་སྤྱི་འཐུས་དགུ། དེ་བཞིན་ཡོ་རོབ་སྤྱི་འཐུས་གཅིག་བཅས་ཁྱོན་སྤྱི་འཐུས་བཅོ་བརྒྱད་མཉམ་ཞུགས་མ་གནང་སྟབས་བཞུགས་མོལ་ཚོགས་འདུ་ཚོགས་ཐུབ་མེད་པ་རེད།

བཞུགས་མོལ་ཚོགས་འདུར་མཉམ་ཞུགས་མ་གནང་མཁན་སྤྱི་འཐུས་ཐུན་མོང་གིས་དེ་རིང་སྔ་དྲོ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བར་ཚོགས་འདུའི་བརྡ་ཁྱབ་ཀྱི་ནང་དོན་དང་པོ་དང་འབྲེལ་ནས་གྲོས་ཚོགས་ནམ་ཚོགས་ཀྱི་ཚོགས་བརྡར་ངང་སྒུག་བྱེད་བཞིན་ཡོད་པས་ཟུར་དུ་གྲོས་ཚོགས་མུ་མཐུད་ཚོགས་ཐུབ་ཐབས་སྐོར་གྱི་བཞུགས་མོལ་ཚོགས་འདུར་བཅར་དགོས་གལ་གང་ཡང་མ་མཐོང་ཞེས་དང་། བཞུགས་མོལ་ཚོགས་འདུའི་ནང་དོན་གཉིས་པ་དང་འབྲེལ་ནས་གཞི་རིམ་མི་མང་གིས་ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་བའི་བཅའ་སྒྲིག་འཕྲལ་དུ་བསྐྱར་བཅོས་གནང་དགོས་པའི་རེ་འབོད་ཕྱི་གསལ་ནང་གསལ་ཞུས་པ་དེར་ཚོགས་གཙོའི་གྲོས་ཚོགས་དབུ་འབྱེད་གཏམ་བཤད་དང་། གཞི་རིམ་མི་མང་གི་སྐུ་ཚབ་དང་། ང་ཚོའི་འཐུས་ཚབ་བཅས་ལ་ཚོགས་གཙོ་སྦྲེལ་པོས་གསལ་བཤད་གནང་བབ་ལ་ཞིབ་སྐབས་བཞུགས་མོལ་ཚོགས་འདུ་ཚོགས་ནས་དོན་ཕན་གསོས་པ་ཞིག་ཡོང་བཟོ་གང་ཡང་མ་མངོན་སྟབས་ཚོགས་བཅར་མ་ཞུས་པ་ཡིན་ཅེས་འཁོད་འདུག

རླུང་འཕྲིན་ཁང་གིས་བཞུགས་མོལ་ཚོགས་འདུར་མཉམ་ཞུགས་མ་གནང་མཁན་སྤྱི་འཐུས་ཁག་གཅིག་ཁོང་རྣམས་ནས་ཚོགས་དྲུང་ལས་ཁུངས་ཀྱི་བརྡ་ཁྱབ་ལྟར་བཞུགས་མོལ་ཚོགས་འདུར་བཅར་ཡོད་ཚེ་བརྡ་ཁྱབ་ནང་གསལ་གྱི་གནད་དོན་གཉིས་ལ་ལམ་ཁ་ཞིག་འཐོན་པར་ངོས་འཛིན་གནང་གི་མེད་དམ་ཞེས་བཀའ་འདྲི་ཞུས་སྐབས་དེ་ལྟར་ཡོང་བར་གཞི་རྟེན་གང་ཡང་མེད་པ་དང་། གྲོས་ཚོགས་ནས་མར་ཕེབས་མཁན་རྣམས་ནས་ཡར་ཕེབས་ཏེ་འགན་བཞེས་པ་ཡིན་ན་གྲོས་ཚོགས་མུ་མཐུད་ཚོགས་ཐུབ་ཀྱི་རེད་ཅེས་གསུངས་སོང་། 

དེ་བཞིན་ཕྱི་ཚེས་ ༢༢ ཉིན་གྲོས་ཚོགས་སུ་མ་བཅར་མཁན་ཁོངས་དང་བཞུགས་མོལ་ཚོགས་འདུར་བཅར་མཁན་སྤྱི་འཐུས་ཤིག་ལ་བཀའ་འདྲི་ཞུས་པར་བདེ་སྲུང་ལས་ཁུངས་ནས་གསལ་བཤད་གནང་རྒྱུའི་ཞལ་བཞེས་གནང་བ་ལྟར་གང་མགྱོགས་གསལ་བཤད་ཕེབས་ཐུབ་དགོས་པ་དང་། གྲོས་ཚོགས་ཚོགས་མ་ཐུབ་པ་དེ་མི་མང་རེ་འབོད་ཚོགས་པར་ཐུག་མེད་པ་དང་། ལར་ནས་བཞུགས་མོལ་ཚོགས་འདུ་ཐོག་ནང་མོལ་དང་བཀའ་མོལ་ལྷུག་པོར་བྱུང་རྒྱུའི་གོ་སྐབས་ཙམ་མ་ཟད། གྲོས་ཚོགས་སུ་གླེང་སློང་གནང་མ་ཐུབ་པའི་གནད་དོན་མང་པོ་ཞིག་བཞུགས་མོལ་སྐབས་གླེང་སློང་གནང་རྒྱུ་ཡོད་པ་ལྟར་སྤྱི་འཐུས་དེ་ཉིད་ནས་ཀྱང་གཞི་རིམ་མི་མང་གི་རེ་འབོད་ལ་ཆ་ཤས་བླངས་འདོད་ཡོད་པར་གསུངས་ཡོད།

གྲོས་ཚོགས་ཚོགས་དུས་དྲུག་པ་མུ་མཐུད་ཚོགས་མ་ཐུབ་ནས་ཉིན་གྲངས་གསུམ་འགྲོ་བཞིན་པར་བརྟེན་རླུང་འཕྲིན་ཁང་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་ལ་གནད་དོན་དེ་དང་འབྲེལ་བའི་བཀའ་འདྲི་ཞུ་ཐབས་ཞུས་ཡོད་ཀྱང་བཀའ་འདྲི་དང་ལེན་གནང་མ་སོང་།

རྩ་བའི་ཐེངས་འདིའི་གྲོས་ཚོགས་དང་བསྟུན་གཞི་རིམ་མི་མང་རེ་འབོད་ཚོགས་པའི་གོ་སྒྲིག་འོག་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་མི་ ༥༠༠ ལྷག་གིས་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ ཐོག་ཁྲིམས་ཞིབ་པ་བསྐོ་གཞག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་དེ་ལྟར་ཡང་།

སྤྱི་འཐུས་ཚོགས་གཙོའི་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོས་ཆོད་དགོངས་དོན་བཞིན་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ལས་དོན་འགྲོ་བཞིན་པ་ལྟར། འཆར་ལོའི་ཕྱི་ཟླ་གཉིས་པའི་ཟླ་མཇུག་ཏུ་འཆར་ཟིན་དང་སྙན་ཐོ་རྣམས་སྐབས་དེའི་དུས་སུ་འབུལ་ལམ་ཞུ་ཡི་རེད་ཅེས་གསུངས་པ་གཞིར་བཟུང་གཞི་རིམ་མི་མང་རེ་འབོད་ཚོགས་པས་ཚོགས་གཙོ་སྦྲེལ་པོ་མཆོག་ལ་གནད་དོན་དེ་བསྐྱར་ནན་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།