Tibetan Royal Year of 2151 | Year of the Wood Dragon

བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོར་ཁྲིམས་མཐུན་ལག་འཁྱེར་སྤྲོད་དགོས།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

བལ་ཡུལ་ནང་གི་འགྲོ་བའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་དུས་བཀག་བསྐྱར་ཞིབ་ཐོག་ཏུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཁེ་ལས་རྟོག་ཞིབ་ལས་དོན་ཚོགས་ཆུང་དང་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཨ་རི་བཅས་ཀྱིས་བལ་ཡུལ་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བར་འཕྲད་བཞིན་པའི་དཀའ་ངལ་སྐོར་ལ་བསམ་འཆར་གནང་བ་དང་འབྲེལ། བལ་ཡུལ་གཞུང་གིས་རྒྱལ་ཚོགས་དང་ལྷན་དུ་འཇོག་པའི་གྲོས་མཐུན་གཞིར་བཟུང་བོད་ནས་བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་ཡོང་མཁན་བོད་མིའི་བདེ་འཇགས་ལ་སྲུང་སྐྱོབ་འགན་ལེན་བྱེད་དགོས་པ་དང། ཁུལ་དེར་ཡོད་པའི་སྐྱབས་བཅོལ་བོད་མི་ཚོར་ཁྲིམས་མཐུན་གྱི་ངོ་སྤྲོད་ལག་འཁྱེར་སྤྲོད་དགོས་ཞེས་བལ་ཡུལ་གཞུང་ལ་ཞུ་སྐུལ་གནང་འདུག
ཕྱི་ལོ་ ༢༠༠༨ ལོ་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་ཡིན་མིན་ལ་མ་ལྟོས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༩༣ སྤྱི་ལ་ཁྱབ་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཅེས་དམིགས་བསལ་གྱི་ཚོགས་འདུ་ཞིག་སྐོང་ཚོགས་བྱེད་བཞིན་ཡོད་པ་དངཚོགས་འདུའི་ཐོག་གཙོ་བོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རིམ་པ་ལྟར་དེ་དག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་རྟོག་ཞིབ་དང་བསྐྱར་ཞིབ་བྱེད་ཀྱི་ཡོད་པ་རེད།
འདི་ག་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་དུ་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཀྱི་ཚོགས་ཐེངས་ ༣༧ ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་ཟླ་བ་འདིའི་ཕྱི་ཚེས་ ༡༨ ནས་དྲ་ཐོག་ལམ་ནས་སྐོང་ཚོགས་བྱེད་འགོ་བཙུགས་ཡོད་པ་དང། ཕྱི་ཚེས་ ༢༡ ཉིན་བལ་ཡུལ་རྒྱལ་ཁབ་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་གནང་བའི་སྐབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཨ་རིའི་སྐུ་ཚབ་ཀྱིས་བལ་ཡུལ་གཞུང་གིས་སྐྱབས་བཅོལ་ཐོག་འཛིན་པའི་སྲིད་བྱུས་དང་འབྲེལ། བལ་ཡུལ་གཞུང་གི་ངོས་ནས་ཁུལ་དེའི་བོད་མི་དང་འབྲུག་པའི་སྐྱབས་བཅོལ་བ་རྣམས་ཐོ་འགོད་རང་བཞིན་ཐོག་ངོ་སྤྲོད་ལག་འཁྱེར་དང་ཁྲིམས་མཐུན་གྱི་ལས་ཀའི་ཐོབ་ཐང་སྤྲོད་དགོས་པ་དང། བལ་ཡུལ་གཞུང་དང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དབར་བཞག་པའི་ Gentlemen’s Agreement ཞེས་པའི་གྲོས་མཐུན་གཞིར་བཟུང་བལ་ཡུལ་གཞུང་གིས་བོད་ནས་བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་ཡོངས་མཁན་བོད་མིའི་བདེ་འཇགས་ལ་སྲུང་སྐྱོབ་འགན་ལེན་བྱེད་དགོས་པར་མ་ཟད། བལ་ཡུལ་གཞུང་ནས་རྒྱ་ནག་དང་ལྷན་དུ་བཞག་པའི་གྲོས་མཐུན་གང་འདྲ་ཞིག་ལག་བསྟར་གནང་ཡང་སྐབས་དེར་གོང་གསལ་བལ་ཡུལ་གཞུང་ནས་རྒྱལ་ཚོགས་དང་ལྷན་དུ་བཞག་པའི་གྲོས་མཐུན་གྱི་ལྟ་གྲུབ་གཞི་རྩར་བཟུང་སྟེ་དོན་འཁྱོལ་ལག་བསྟར་བྱེད་དགོས་པ། དེ་བཞིན་ཨ་རི་གཞུང་གིས་ད་བར་བལ་ཡུལ་གཞུང་ནས་བོད་མི་སྐྱབས་བཅོལ་བ་ཚོར་མཐུན་རྐྱེན་སྦྱོར་བཞིན་པར་བསྔགས་བརྗོད་ཡོད་པ་དེ་ལྟར་ཡང། ཉེ་སྔོན་བལ་ཡུལ་གཞུང་དང་རྒྱ་ནག་དབར་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་འཇོག་རྩིས་ལ་སེམས་འཚབ་ཡོད་ཅེས་བརྗོད་སོང།

བལ་ཡུལ་སྐུ་ཚབ་ནས་སྐབས་དེར་ཨ་རིའི་སྐུ་ཚབ་ཀྱིས་གསུངས་པའི་བསམ་འཆར་ལ་ལན་འདེབས་དང་འབྲེལ་ཏེ་བལ་ཡུལ་རྒྱལ་ཁབ་ནི་སྐྱབས་བཅོལ་གྲོས་མཐུན་ཐོག་མཚན་རྟགས་བཀོད་མཁན་གྱི་རྒྱལ་ཁབ་ཞིག་མིན་ཡང་། འགྲོ་བ་མིའི་བདེ་རྩའི་ཐོག་སྐྱབས་བཅོལ་བ་ཚོར་གུས་བརྩི་བྱེད་བཞིན་ཡོད་པ་དང་ད་བར་བོད་མི་དང་འབྲུག་པ་སྐྱབས་བཅོལ་བ་སྟོང་ཕྲག་མང་པོར་མཐུན་རྐྱེན་བསྐྲུན་ཡོད་པ་ལྟར་ལམ་སྲོལ་དེ་བལ་ཡུལ་གཞུང་གིས་མ་མཐུད་རྒྱུན་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད་པར་མ་ཟད། དེ་བཞིན་བལ་ཡུལ་རྒྱལ་ཁབ་ཀྱི་ཉེས་ཅན་རྩིས་སྤྲོད་ཁྲིམས་ཡིག་དེ་ཡང་རྒྱལ་སྤྱིའི་ཁྲིམས་སྒྲིག་གི་ལྟ་གྲུབ་དང་མཐུན་པར་ལག་བསྟར་བྱེད་བཞིན་ཡོད་པ་དང། ཁུལ་དེའི་ནང་ཡོད་པའི་སྐྱབས་བཅོལ་བ་ཚོར་གུས་བརྩི་ཞུ་བཞིན་ཡོད་སྐོར་ཡིག་ངག་གཉིས་ཐོག་ནས་ལན་འདེབས་བྱས་ཡོད་པ་རེད། སྤྱིར་སྐབས་དེར་དྲ་ལམ་ཐོག་ཚོུད་གསུམ་ལྷག་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་བྱས་པའི་ཚོགས་དུས་སྐབས་ཁྱོན་ཚོགས་མི་རྒྱལ་ཁབ་ ༡༠༠ ལྷག་མཉམ་ཞུགས་ཀྱིས་བལ་ཡུལ་ནང་གི་ཆོས་དད་རང་དབང་དང། བྱིས་པའི་རང་དབང། བེུད་རང་དབང་སོགས་ཀྱི་གནས་སྟངས་འདྲ་མིན་ཐོག་བསམ་འཆར་གནང་བའི་ཁྲོད་བོད་མི་སྐྱབས་བཅོལ་བའི་གནད་དོན་སྐོར་ཨ་རིའི་སྐུ་ཚབ་གཅིག་པོ་མ་གཏོགས་གླེང་སློང་གནང་མེད་པ་རེད།

རྒྱ་གཞུང་གི་ངོ་ཚབ་པས་བལ་ཡུལ་གཞུང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་དོན་ལ་བསྔགས་བརྗོད་དང་འབྲེལ། ད་ལན་ཨ་རིའི་སྐུ་ཚབ་ནས་བོད་མི་སྐྱབས་བཅོལ་བའི་སྐོར་གླེང་བར་མ་འདོད་པའི་རྣམ་འགྱུར་ཆེད་བཏོན་གྱིས་གགག་པ་བྱས་པར་མ་ཟད། ཨ་རིའི་ངོས་ནས་དུས་བཀག་བསྐྱར་ཞིབ་ཐོག་བལ་ཡུལ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གྲུབ་འབྲས་ཐོག་མ་དམིགས་པར་ཚོགས་འདུའི་བརྗོད་གཞི་དང་འབྲེལ་མེད་གནད་དོན་ཞིག་གླེང་བ་ནི་རྒྱལ་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་མཐུན་གྱི་མེད་པར་མ་ཟད། ཨ་རིའི་སྐུ་ཚབ་ཀྱི་ངོས་ནས་རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཀྱི་ཚོགས་འདུའི་འགྲོ་ལུགས་ལ་གུས་བརྩི་བྱེད་དགོས་ཞེས་བསྐྱར་ནན་གནང་འདུག
སྤྱིར་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཚོགས་འདུ་འགྲོ་ལུགས་ལ་གཞིགས་ཚེ་རྒྱལ་ཚོགས་ནས་ལོ་རེར་དུས་བཀག་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་གསུམ་རེ་བསྐོང་ཚོགས་ཀྱིས་ཚོགས་ཐེངས་རེར་ཚོགས་མི་རྒྱལ་ཁབ་ཀྱི་ཐོ་གཞུང་གཞིར་བཟུང་རྒྱལ་ཁབ་ ༡༤ ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་གནང་ཡོད་པ་དང། ད་ལན་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པར་མ་ཟད། འདིའི་ཐོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་དམིགས་བསལ་ཁེ་ལས་རྟོག་ཞིབ་ཚོགས་ཆུང་དང་གཞི་སྤོས་སྲུང་སྐྱོབ་དམིགས་བསལ་ཁེ་ལས་རྟོག་ཞིབ་ཚོགས་ཆུང་། དེ་བཞིན་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་ཁག་ཅིག་བཅས་ཀྱིས་བལ་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བསམ་འཆར་གནང་བའི་སྙན་ཐོའི་ནང་སྐྱབས་བཅོལ་བའི་སྡེ་ཚན་ཁོངས་སུ་ཁུལ་དེར་གནས་སྡོད་སྐྱབས་བཅོལ་བོད་མི་ཚོར་ཁྲིམས་མཐུན་གྱི་ཡིག་ཆ་མེད་པའི་དབང་གིས་ལས་ཀ་ཤོར་བ། དེ་བཞིན་འགྲུལ་བཞུད་སོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་མངོན་གསལ་གནང་འདུག བལ་ཡུལ་གཞུང་གིས་སྐྱབས་བཅོལ་བོད་མི་ཚོར་གནས་སྡོད་ཆོག་པའི་ཁྲིམས་མཐུན་གྱི་ངོ་སྤྲོད་ལག་འཁྱེར་སྤྲོད་དགོས་ཞེས་ནན་བརྗོད་ཀྱང་གནང་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།