Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་ཐོག་མཐའ་བར་གྱི་འགོ་ཁྲིད་ནང་བོད་མིའི་སྐུ་ཚབ་ཆེས་ཉུང་ཤས་ལས་མེད་པ་མངོན་གསལ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་གཉིས་འགོ་འཛུགས་བྱས་པའི་ཁྲོད་འདིར། ཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་སྙན་ཐོ་ཞིག་འདོན་སྤེལ་གྱིས། རྒྱ་ནག་གི་ཐོག་མཐའ་བར་གྱི་འགོ་ཁྲིད་ནང་བོད་མིའི་སྐུ་ཚབ་ཆེས་ཉུང་ཤས་ལས་མེད་པ་མངོན་གསལ་གནང་འདུག

Tibetan Lack Representation

དེའང་ལས་འགུལ་ཁང་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་རིམ་པ་དང་སྒོས་སུ་བོད་ཁུལ་གྱི་ཞིང་ཆེན་དང་ཞིང་ཆེན་འོག་མའི་རིམ་པ་བཅས་ཀྱི་འགོ་ཁྲིད་ཁྲོད་བོད་མིའི་འཐུས་མི་ཡོད་མེད་ཐད་ཞིབ་འཇུག་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དེའི་ནང་དུ། བོད་མིའི་འགོ་འཁྲིད་རྣམས་མིང་ཙམ་གྱི་འགོ་ཁྲིད་ལས་དབང་ཆ་ངོ་མ་དེ་བོད་མི་མ་ཡིན་པ་ཁོ་ནའི་ལག་ཏུ་ཡོད་པ་ར་སྤྲོད་དང་འབྲེལ། ཞིབ་འཇུག་གྲུབ་དོན་འདིས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་མི་རྣམས་རང་གི་ལས་དབང་གི་བདག་པོར་གྱུར་ཡོད་པའི་རྒྱ་ནག་གི་འདོད་ཚུལ་དང་འགལ་ཟླར་གྱུར་ཡོད་པ་མངོན་གསལ་གནང་འདུག

སྙན་ཐོའི་ནང་རྒྱ་གཞུང་གིས་ཚོགས་ཆེན་གཉིས་པོ་དེ་དག་ཐོག་ནས་བོད་མི་དང་གཞན་གྲངས་ཉུང་མི་རིགས་རྣམས་ལ་ཐོབ་ཐང་ཇི་ཙམ་ཡོད་ལུགས་ཀྱི་འུད་ཤོབ་བྱས་ཡོད་ཀྱང་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ནང་སྲིད་འཛིན་གཞོན་པའི་རིམ་པའི་ཐོག་ཕྱི་ལོ་ ༡༩༧༠ གྲངས་ནས་བཟུང་རེས་མོས་ཀྱིས་གོ་གནས་བཟུང་བའི་བོད་མི་གཅིག་ལས་མེད་ལུགས་དང་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ནང་ཁྱོན་བསྡོམས་མི་གྲངས་ ༢༩༩ ཡོད་པའི་ཁོངས་སུ་བོད་མི་ལྔ་ལས་མེད་པ་གསུངས་འདུག མ་ཟད་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ ༡༤ དང་འཐུས་མི་ ༡༥༩ ཡོད་པའི་རྒྱུན་ལས་ཚོགས་ཆུང་བཅས་ཀྱི་ནང་དུའང་བོད་མི་གཅིག་ལས་མེད་པ་གསལ་བཏོན་གནང་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་གི་འགོ་ཁྲིད་ཀྱི་གོ་གནས་ངོ་མའི་ནང་བོད་མི་རྣམས་མི་འཇུག་པའི་དོན་དངོས་འདིས། རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་བོད་མི་ཚོར་ཡིད་ཆེས་མེད་པ་གསལ་འདོན་བྱེད་ཀྱི་ཡོད་པ་དང་། དེའང་འདེམས་ཀ་བྱེད་དབང་ཡོད་ན། བོད་མི་ཚོས་དམར་ཤོག་ཚོགས་པའི་སྲིད་དབང་རྩ་མེད་བཟོ་རྒྱུ་མ་གཏོགས་རྒྱབ་སྐྱོར་བྱ་རྒྱུར་ཡིད་ཆེས་བྱེད་ཀྱི་མེད་པ་གསུངས་འདུག དེ་བཞིན་སྙན་ཐོའི་ནང་རྒྱལ་ཁབ་རིམ་པའི་འགོ་ཁྲིད་ཚན་པ་གཞན་གྱི་ནང་དུའང་བོད་མི་དེ་ཙམ་མེད་པ་དང་། དེའང་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྐབས། ཚོགས་མི་ ༢༠༥ ཡོད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནང་བོད་མི་གཅིག་ལས་མེད་པ་ནི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལས་གཅིག་གིས་ཉུང་བ་དང་། བོད་རིགས་སུ་ཞིག་གིས་ཀྱང་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་ངམ་དེའི་དབང་ཆ་ངོ་མ་ལག་བསྟར་བྱེད་མཁན་གྱི་རྒྱུན་ལས་ལྷན་ཁང་ནང་བོད་མི་རྩ་བ་ནས་སླེབས་མྱོང་མེད་པ་བཀོད་འདུག

ལྷག་དོན་བོད་ནང་གི་འགོ་ཁྲིད་གནས་བབ་ལ་མཚོན་ན་རྒྱ་གཞུང་གིས་པེ་ཅིན་དུ་བོད་མི་ཚོར་འགོ་ཁྲིད་ཀྱི་གོ་སྐབས་མི་སྤྲོད་པ་དང་ཆབས་ཅིག་ཁོང་རྣམས་རང་གི་ཕ་ཡུལ་དུའང་དབང་ཆའི་གོ་གནས་མེད་པར་སྡོད་འཇུག་གི་ཡོད་པ་འགྲེལ་བརྗོད་དང་སྦྲགས་བོད་ནུབ་ཕྱོགས་དང་དབུས་ཀྱི་ས་ཁུལ་ཕལ་ཆེ་བར་ཁྱབ་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་མཐོ་ཤོས་དེ་བོད་མི་གཅིག་གིས་ཀྱང་བཟུང་མེད་པ་དང་བོད་ཀྱི་ས་ཁུལ་ལྷག་མ་ཚུད་པའི་རྒྱ་ནག་གི་དབྱེ་བའི་ཟི་ཁྲོན་དང་ཡུ་ནན། ཀན་སུ་ཞིང་ཆེན་བཅས་ཀྱི་ནང་དུའང་བོད་ཀྱི་ཏང་གི་དྲུང་ཆེ་མེད་པ་མ་ཟད། ས་ཁུལ་འདི་དག་ཏུ་བོད་རིགས་དམར་ཤོག་ཚོགས་པའི་རྫོང་རིམ་པའི་དྲུང་ཡིག་ཁ་ཤས་ཡོད་ཀྱང་ཕྱི་ལོ་ ༢༠༢༠ ནས་བཟུང་དེའི་གྲངས་བོར་ཡང་ཇེ་ཉུང་དུ་ཕྱིན་ཡོད་པ་བཀོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་གཞུང་གིས་བོད་མིར་དབང་སྒྱུར་དང་དྲག་གནོན་བྱེད་བཞིན་པའི་སྤྱི་བདེ་ལས་ཁུངས་གཙོས་སྤྱི་དམངས་བདེ་འཇགས་ལས་ཁུངས་ཁག་གི་འགོ་ཁྲིད་རྣམས་ལ་ལྟ་ཞིབ་གནང་བའི་གྲུབ་དོན་དུ་ཞིང་ཆེན་དང་མངའ་སྡེའི་རིམ་པ་གཉིས་ཀའི་ནང་གི་འགོ་ཁྲིད་དང་དེ་བཞིན་བོད་ནང་གི་དམག་དོན་རིམ་པ་ཚང་མའི་འགོ་ཁྲིད་ཀྱང་ཕལ་ཆེ་བ་བོད་མི་མིན་པ་གསལ་བཏོན་གནང་སྟེ་འདི་ལོའི་བོད་ནང་གི་བོད་མིའི་གནས་སྟངས་ལ་བལྟས་ན་ཁོ་ཚོའི་མ་འོངས་མདུན་ལམ་དེ་རང་གི་ལག་ཏུ་ཡོད་རྒྱུ་ལས་ལྡོག་སྟེ་མུ་མཐུད་ནས་སོ་སོའི་ཕ་ཡུལ་གྱི་མི་སེར་རིམ་པ་གཉིས་པ་ལྟ་བུ་ཆགས་ཡོད་ཅེས་ནན་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།