Tibetan Royal Year of 2151 | Year of the Wood Dragon

ལྷ་སར་དྲག་པོའི་བཀག་རྒྱ་བཏང་སྟེ་ལོ་ངོ་ ༣༥ འཁོར་བར་གཞུང་འབྲེལ་མཆོད་འབུལ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་རྣམས་ནས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་ཞི་རྒོལ་རྔམ་སྟོན་གནང་རྗེས་རྒྱ་གཞུང་གིས་ལྷ་ས་ཕྱོགས་བཞི་མཚམས་བརྒྱད་དུ་དྲག་པོའི་བཀག་རྒྱ་བཏང་སྟེ་བོད་མི་སེར་སྐྱ་རྒན་གཞོན་ཕོ་མོ་མང་པོ་དམར་གསོད་དང་། ཁྲི་ཚོ་མང་པོ་ཉེས་མེད་བཙོན་འཇུག་དང་མནར་གཅོད། དེ་བཞིན་གར་སོང་ཆ་མེད་བཟོས་པ་སོགས་གཞིས་བཞུགས་རྒྱ་ཆེ་མང་ཚོགས་རྣམས་ལ་བསམ་ཡུལ་ལས་འདས་པའི་སྡུག་བསྔལ་བྱུང་བའི་དུས་སྐབས་དེ་ཉིད་རྗེས་དྲན་དུ་ལོ་ལྟར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་ཚོགས་སྲོལ་ཡོད་པ་ལྟར། དེ་རིང་ཡང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ནང་གི་རྒྱལ་གཅེས་པ་རྣམས་ལ་བཀའ་དྲིན་རྗེས་དྲན་དང་ཁོང་རྣམ་པའི་རྗེས་ཤུལ་སྐུ་འཁོར་ཡོངས་ལ་སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་བསྐྱེད།  ལྷག་དོན་བོད་ཁམས་སྡེ་དགེ་ཁུལ་དུ་ཛ་དྲག་གི་གནས་སྟངས་འགྲོ་བཞིན་པ་དེའི་ཐོག་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་གནང་སོང་།

March 8

དེ་རིང་སྔ་དྲོའི་ཚོུད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་པའི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་དེ་ཉིད་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་བ། དེ་བཞིན་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་གནང་སོང་།

March 8

སྐབས་དེར་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་མོར་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ནང་བོད་མི་ཚོས་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་གནང་བར་རྒྱ་གཞུང་གིས་དྲག་པོའི་བཀའ་རྒྱ་བཏང་ནས་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་བཏང་བ་དང་།  སྟོང་ཕྲག་མང་པོ་བཙོན་འཇུག་བྱས་ཡོད་པ་དང་ཆབས་ཅིག ཉེ་ཆར་རྒྱ་གཞུང་གིས་ཁམས་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་ལས་གཞིའི་མིང་ཐོག་ནས་ས་གནས་ཀྱི་བོད་མི་རྣམས་འཛིན་བཟུང་བཀག་ཉར་གྱིས་རྡུང་རྡེག་མནར་གཅོད་གཏོང་བཞིན་ཡོད་སྟབས། དེ་རིང་ང་ཚོ་འདིར་འཛོམས་ནས་བོད་ཀྱི་རྩ་དོན་སླད་ལུས་སྲོག་བློས་བཏང་གནང་མཁན་གྱི་བོད་མི་རྣམས་ཀྱི་ཆེད་བསྔོ་བ་སྨོན་ལམ་དང་། ད་ལྟ་ཡིན་ནའང་བོད་ནང་སྡུག་སྦྱོང་མྱོང་བཞིན་པ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་། དེ་བཞིན་ཁོང་རྣམ་པར་བཀའ་དྲིན་རྗེས་དྲན་མཚོན་ཆེད་མཆོད་འབུལ་སྨོན་ལམ་དེ་ཉིད་འཚོགས་ཡོད་པ་གསུངས་སོང་།

March 8

རླུང་འཕྲིན་ཁང་གིས་ཉིན་མོ་དེ་ཉིད་ཕྱིར་དྲན་དང་སྦྲགས་ཏེ་ཕྱི་ལོ་  ༡༩༨༧ ལོར་ལྷ་སའི་ཞི་བའི་སྒེར་ལངས་ནང་དངོས་སུ་མཉམ་ཞུགས་གནང་མྱོང་མཁན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཟུར་གྲྭ་ངག་དབང་འོད་འབར་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ཕྱི་ལོ་ ༡༩༨༧ གྱི་དོན་རྐྱེན་དེ་ནི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་འཛུལ་བྱས་རྗེས་བོད་རང་དབང་བསྐྱར་གསོའི་ལས་འགུལ་གྱི་མེ་ལྕེ་ཐོག་མ་དེ་ཡིན་པ་དང་། འཐབ་རྩོད་ཀྱི་མེ་ལྕེ་དེ་བཞིན་ད་ལྟའང་བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་ཡོངས་ཀྱི་སེམས་ནང་གསོན་པོར་གནས་ཡོད་ཅེས་དང་།  ལྷག་པར་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་རྣམས་དུས་ནམ་ཡང་མ་བརྗེད་པ་གནང་སྟེ་ནུས་པ་མཉམ་སྤུངས་དགོས་པའི་སྐུལ་མ་གནང་སོང་།  

March 8

གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ལྟར་ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་བོད་ནང་གི་འདས་གསོན་བོད་མི་རྣམས་ལ་བཀའ་དྲིན་རྗེས་དྲན་དང་། ཁོང་རྣམ་པའི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་བསྐྱེད་ཀྱིས་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་དེ་ཚོགས་ཀྱི་ཡོད་པ་དང་།  འདི་ལོ་མཚོན་པ་ཡིན་ན་ ༨༩ དོན་རྐྱེན་བྱུང་ནས་མི་ལོ་ ༣༥ ཧྲིལ་པོ་འཁོར་གྱི་ཡོད་པ་རེད།

March 8

འབྲེལ་ཡོད་གསར་གནས།

གསར་གནས།