Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2022

ཨ་རིའི་ཕྱི་སྲིད་དྲུང་ཆེས་གཙོས་པའི་སུད་སི་དང་འཇར་མན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་༸སྐུའི་འཁྲུངས་སྐར་འཚམས་འདྲི་ཞུས་པ།

ཁ་སང་ཕྱི་ཚེས་ ༦ ཉིན་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་བོད་ཀྱི་ཐུན་མིན་རྐང་བྲོ་གླུ་གཞས་འཁྲབ་སྟོན་དང་རྩེད་རིགས་འགྲན་བསྡུར། ཞལ་ལག་གང་རྒྱས་སོགས་བཞེས་ཏེ་དགའ་དད་སྤྲོ་གསུམ་འཁོལ་བའི་ངང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་ལྟར་ཁ་སང་གི་དུས་ཚིགས་དང་བསྟུན་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་གྲོས་ཚོགས་འོག་མའི་ཚོགས་གཙོ་གཙོས་སུད་སི་དང་འཇར་མན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་༸གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བར་༸གོང་ས་མཆོག་གིས་ཞི་བདེ་གོང་མཐོར་དང་ཆོས་ལུགས་མཐུན་སྒྲིལ། དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན། ཁོར་ཡུག་སྲུང་སྐྱོབ་ཐད་ཐུགས་འཁུར་ཆེས་བཞེས་མཛད་བཞིན་པར་ཡི་རང་བསྔགས་བརྗོད་ཞུས་པ་དང་འབྲེལ། ཨ་རི་གཞུང་གིས་མུ་མཐུད་ནས་༸གོང་ས་མཆོག་དང་བོད་མི་རྣམས་ལ་བོད་པའི་རིག་གཞུང་གཅེས་ཉར་ཐོག་རྒྱབ་སྐྱོར་གནང་ངེས་ཡིན་སྐོར་ཞལ་བཞེས་གནང་འདུག ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་Twitter དྲ་གནས་ཐོག་༸གོང་ས་མཆོག་ལ་༸སྐུའི་འཁྲུངས་སྐར་འཚམས་འདྲི་ཞུས་པ་དང་སྦྲགས། དེ་རིང་དང་དུས་ཀུན་ཏུ་ནས་ཨ་རིའི་གྲོས་ཚོགས་གོང་འོག་དང་ཚོགས་པ་ཐུན་མོང་གི་ངོས་ནས་༸གོང་ས་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་ལ་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད་པ་དང་ལྷག་པར་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཆོས་དང་སྐད་ཡིག   རིག་གཞུང་བཅས་ཀྱི་རང་དབང་ཐད་འཐབ་རྩོད་མཛད་བཞིན་པར་རྒྱབ་སྐྱོར་ཞུ་ངེས་ཡིན་པ་གསུངས་འདུག ཁ་སང་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན་བྱང་ཨ་རིའི་སྐུ་ཚབ་དོན་ཁང་དུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་དོན་གཅོད། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་བཅས་དམིགས་བསལ་སྐུ་མགྲོན་ལ་གདན་འདྲེན་ཞུས་པའི་ཐོག་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གིས་Twitter དྲ་གནས་ཐོག་མགོན་པོ་༸གང་ཉིད་མཆོག་གིས་༸སྐུ་ཚེ་གང་པོར་བྱམས་བརྩེའི་གོང་མཐོར་སླད་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་པར་གུས་བརྩི་ཡོད་པ་དང་མགོན་པོ་མཆོག་དང་ལྷན་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་གྲོས་མོལ། བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར། དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱི་དགོས་མཁོ་ལ་སོགས་པའི་གནད་དོན་ཐོག་ཕྱག་ལས་གནང་རྒྱུ་རེ་བ་ཡོད་ཅེས་གསུངས་འདུག ད་དུང་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་མགོན་པོ་༸གང་ཉིད་མཆོག་གིས་བྱམས་བརྩེ་དང་འཚེ་མེད་ཞི་བ། ཁོར་ཡུག་སྲུང་སྐྱོབ་ཐད་བཀའ་སློབ་སྩལ་ཁག་ནི་སེམས་འགུལ་ཐེབས་གཞི་ཞིག་ཆགས་ཡོད་པར་མ་ཟད་དེང་གི་འཛམ་གླིང་ལ་ཧ་ཅང་དགོས་ངེས་ཆགས་ཡོད་སྐོར་གསུངས་པ་དང་ཆབས་ཅིག ང་ཚོས་རང་གི་རིག་གཞུང་དང་སྐད་ཡིག ཆོས་ལུགས་རང་དབང་སྲུང་སྐྱོབ་སླད་འཐབ་རྩོད་གནང་མཁན་གྱི་བོད་མི་ཡོངས་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག གཞན་ཡང་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ༸གོང་ས་མཆོག་༸སྐུ་ཚེ་ཡུན་དུ་བརྟན་པ་དང་དབུ་མའི་ལམ་གྱི་དགོངས་གཞི་བརྒྱུད་བོད་ལ་རང་དབང་མྱུར་དུ་ཐོབ་རྒྱུའི་རེ་སྨོན་ཞུས་འདུག རྒྱ་ནག་གིས་བོད་ནང་དུ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་ནས་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་ཐུགས་འཚབ་གནང་བ་དང་། སུད་སི་གཞུང་ནས་རྒྱ་ནག་ལ་བོད་ནང་གི་བོད་མིའི་གཞི་རྩའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་ཞེས་བཀའ་གནང་དགོས་པ་གསུངས་འདུག འཇར་མན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Michael Brand ལགས་ཀྱིས་བོད་མི་ཙམ་མིན་པར་འཛམ་གླིང་གི་མི་འབོར་ས་ཡ་མང་པོས་༸གོང་ས་མཆོག་དང་མགོན་པོ་༸གང་ཉིད་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་དགོངས་གཞིར་གུས་བརྩི་བཞིན་ཡོད་པ་མ་ཟད། དེ་ལྟ་བུའི་དགོངས་པ་བཞེས་ཕྱོགས་ལ་འཛམ་གླིང་གི་རང་དབང་ཅན་གྱི་རྒྱལ་ཁབ་རྣམས་ནས་རྒྱབ་སྐྱོར་གནང་འོས་པ་ཞིག་ཡིན་སྐོར་གསུངས་འདུག ཕྱོགས་མཚུགས་འཇར་མན་གཞུང་གི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ལྕམ་ Luise Amtsberg ལགས་ཀྱིས་ཀྱང་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག བོད་ནང་རྒྱ་གཞུང་གི་གདུག་རྩུབ་མནར་གཅོད་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུག གཞི་རྩའི་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྣམ་པ་འདྲ་མིན་ཐོག་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་ལྟར། ཇི་ནི་ཝར་སུད་སི་དང་ལིག་ཏེན་སིཌཡན་བོད་རིགས་མི་མང་སྒྲིག་འཛུགས་ཁྱབ་ཁོངས་ཚོགས་ཆུང་གིས་གོ་སྒྲིག་ཞུས་ཏེ། Tibet Park ཞེས་པར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་གཙོས་དོན་ཁང་གི་ལས་བྱེད་དང་སུད་བོད་མཛའ་གྲོགས་ཚོགས་པའི་ཚོགས་མི། དེ་བཞིན་སུད་སི་དང་ལིག་ཏེན་སིཌཡན་བོད་རིགས་མི་མང་གི་ཚོགས་གཞོན་དང་བོད་མི་བཅས་མཉམ་ཞུགས་ཀྱིས་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་ཁུལ་དེར་ཡོད་པའི་མཆོད་རྟེན་རབ་གནས་གནང་བར་མ་ཟད། བོད་ཀྱི་རྒྱལ་དར་དང་ནང་པའི་རྒྱལ་དར་སྒྲེང་འཛུགས་གནང་ཐུབ་པ་བྱུང་འདུགདབྱིན་ཡུལ་ནང་སྐུ་ཚབ་དོན་ཁང་དང་བོད་ཁང་ཐེབས་རྩས་གོ་སྒྲིག་གནང་ནས་དེ་རིང་ཕྱི་ཚེས་ ༧ ནས་ ༡༡ བར་ October Gallery ཞེས་པར་༸གོང་ས་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞིའི་སྐོར་པར་རིས་འགྲེམས་སྟོན་དང་༸སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་མཆོག་ནས་ཆོས་ལུགས་མཐུན་སྒྲིལ་དང་ཁུལ་དེར་ཡོད་པའི་དགེ་བཤེས་བསྟན་འཛིན་རྣམ་དག་ལགས་ཀྱིས་བྱམས་སྙིང་རྗེ་སྐོར་གསུང་བཤད་གནང་ཡོད།   ཤྲི་ལངྐར་ནང་དུ་ Srilankan Tibetan Buddhist Brotherhood Society ཞེས་པའི་ཤྲི་ལངྐར་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཁ་སང་ཕྱག་ཚོད་ ༢ ཐོག་ནང་པ་དང་པཱ་ལིའི་གཙུག་ལག་སློབ་གཉེར་ཁང་དུ་༸གོང་ས་མཆོག་གི་སྐོར་དངོས་བྱུང་གློག་བརྙན་གཟིགས་འབུལ་དང་༸རྒྱལ་བ་རིན་པོ་ཆེའི་ཐུགས་བསྐྱེད་བཞི་དང་གོ་ལ་སྤྱི་ལ་ཁྱབ་པའི་བཟང་སྤྱོད་སོགས་ཀྱི་བརྗོད་གཞི་ཐོག་གཏམ་བཤད་དང་བགྲོ་གླེང་གནང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག འབྲེལ་ཡོད་པར་ཁག་གི་བདག་དབང་སྤྱི་ཚོགས་དྲ་རྒྱར་ཡོད།  

བཞུགས་སྒར་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཕོག་མཁན་ ༢༥ ཙམ་བྱུང་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ ༡༩ ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༡༡༨ པ་གནང་སྟེ་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས་དེང་སྐབས་རྒྱ་གར་གཙོས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་ ༡༩ པའི་གཉན་སྲིན་གསར་པ་ཕོག་པའི་གནད་དོན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། འདས་པའི་བདུན་ཕྲག་འདིའི་ནང་བཞུགས་སྒར་དྷརྨ་སཱ་ལཱ་དང་ཉེ་འཁྲིས་ས་ཁུལ་གཅིག་བཅས་ས་ཁུལ་ཁག་གཉིས་སུ་ཏོག་དབྱིབས་གཉན་རིམས་གསར་པ་ཕོག་མཁན་ཁྱོན་མི་གྲངས་ ༢༥ ཙམ་བྱུང་ཡོད་པ་དང་དེའི་ཁོངས་སུ་སྐྱེས་པ་ ༡༥ དང་བེུད་ ༡༠ ཡོད། བོད་མི་དེ་དག་གི་ཁོངས་ནས་ཁག་ཅིག་དྲག་སྐྱེད་བྱུང་བར་བརྟེན་ད་ལྟའི་ཆར་ནད་གཞི་ཕོག་པ་མི་གྲངས་ ༡༨ ཡོད་པ་གསུངས་སོང་།ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་གཉན་རིམས་ཕོག་མཁན་མང་པོ་བྱུང་ཡོད་པ་ལྟར་དྲག་སྐྱེད་བྱུང་བ་ཁྱོན་ ༩༠༢༦ ཡོད་པ་མངོན་གསལ་དང་སྦྲགས། བོད་མི་རྣམས་གཉན་རིམས་སྔོན་འགོག་གི་གནང་སྒོ་ཁག་ཚུལ་མཐུན་གནང་དགོས་གལ་ཡིན་པ་དང་ལུས་པོའི་ནད་གཞི་འགོག་སྲུང་གི་ནུས་པ་ཇེ་ལེགས་ཡོང་ཆེད་ཟས་སྤྱོད་ལ་ཐུགས་སྣང་གང་ཐུབ་གནང་དགོས་པ་སོགས་ཀྱི་ལམ་སྟོན་གནང་ཡོད།དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་ཁ་སང་རྒྱ་ནག་གི་ Shanghai དང་ Xian གྲོང་ཁྱེར་གཉིས་ཀྱི་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་གསར་པ་ ༣༠༠ ཙམ་བྱུང་ཡོད་པ་དང་འབྲེལ་ནས་ཁ་སང་གྲོང་ཁྱེར་དེ་དག་ནང་གི་ཚོང་ཁང་སོགས་ཡོངས་རྫོགས་སྒོ་རྒྱག་ཡོད་པ་དང་། མི་མང་སྟོང་ཕྲག་མང་པོ་བརྟག་དཔྱད་ཁང་དུ་བང་སྒྲིག་པའི་གནས་ཚུལ་ཐོན་པ་དང་འབྲེལ། རྒྱ་ནག་ནང་དུ་ཟླ་བ་མང་པོའི་རྗེས་སུ་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་ཅུང་བཟང་དུ་ཕྱིན་རྗེས་སླར་སྒོ་རྒྱ་བསྡམ་པའི་གནས་སྟངས་ཆགས་སྲིད་སྐོར་གསུང་མཁན་འདུག

རྒྱ་གར་གཞུང་གི་བློན་ཆེན་གཉིས་གཙོས་ཕྱི་རྒྱལ་གྱི་གཞུང་ཚབ་ལྔ་བཅུ་ལྷག་གིས་༸སྐུའི་འཁྲུངས་མཛད་སྒོར་ལྷན་ཞུགས་གནང་བ།

ཁ་སང་ཕྱི་དྲོ་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ India Habitat Centre  ཞེས་པའི་ལྟེ་གནས་ཁང་དུ་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་དགའ་སྟོན་མཛད་སྒོ་ཞིག་གོ་སྒྲིག་གནང་ཡོད་པ་ལྟར་  Silver Oak དུ་སྐུ་མགྲོན་གཙོ་བོར་རྒྱ་གར་དབུས་གཞུང་གི་ཕྱི་སྲིད་དང་རིག་གཞུང་བློན་ཆེན་གཞོན་པ་ལྕམ་སྐུ་ Meenakshi Lekhi མཆོག་གིས་དབུས་པའི་ཁྲིམས་ལུགས་བློན་ཆེན་གཞོན་པ་སློབ་དཔོན་ S P Singh Baghel མཆོག་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་ལྡི་ལིར་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ལྔ་བཅུ་ལྷག་གི་སྐུ་ཚབ་དང་གཞུང་ཚབ་པ་བཅས་གནད་ཡོད་མི་སྣ་ ༢༠༠ ལྷག་ཆེད་ཕེབས་གནང་འདུག ༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ལྕམ་སྐུ་ Meenakshi Lekhi མཆོག་གིས་དེང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བྱམས་པ་དང་སྙིང་རྗེ། བཟོད་པ་བཅས་ལམ་སྟོན་མཛད་མཁན་གྱི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་འཁྲུངས་ཡུལ་རྒྱ་གར་མིན་ནའང་། མགོན་པོ་༸གང་ཉིད་མཆོག་རྒྱལ་ཁབ་འདིའི་རིགས་མྱུག་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་ཡོད། དེ་བཞིན་ཁོང་གིས་རྒྱ་གར་གནའ་རབས་ཀྱི་རིག་གཞུང་བཟང་པོའི་ཡོན་ཏན་ཁག་ལ་རྒྱུན་དུ་ནས་ཆེ་མཐོང་མཛད་མཁན་ཞིག་དང་། ལྷག་དོན་ཆོས་མཐུན་སྒྲིལ་གྱི་བསླབ་བྱ། མིའི་རིན་ཐང་བཅས་པ་རྒྱུ་མཚན་ཡང་དག་ཐོག་ནས་ལམ་སྟོན་མཛད་མཁན་གྱི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡིན་པ་སོགས་གསུངས་ཏེ། རྒྱ་གར་གཞུང་མང་གཉིས་ཀྱི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུས་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ བདག་གིར་བཞད་པའི་༸སྐུའི་འཁྲུངས་ཀྱི་མཛད་སྒོའི་ཐོག་ད་དུང་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་༸སྐུ་ཚེ་ཧྲིལ་པོའི་རིང་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ། བོད་མིའི་མགྲིན་ཚབ་པ་བཅས་ཀྱི་དབུ་ཁྲིད་ཅིག་ཡིན་པ་འགྲེལ་བརྗོད་དང་སྦྲགས། བཀའ་ཟུར་མཆོག་རིང་མིན་བགྲེས་ཡོལ་དུ་ཕེབས་ཀྱི་ཡོད་སྐོར་གསུངས་ཏེ་འདས་པའི་དུས་ཡུན་དེའི་རིང་རྒྱ་གར་གཞུང་གི་འབྲེལ་ཡོད་ཁག་གི་ལམ་སྟོན་དང། ལས་དོན་བྱེད་ཕྱོགས་སོགས་གང་ཅིའི་ཐོག་ནས་རྒྱབ་སྐྱོར་གང་ཡོང་གནང་བར་བཀྲིན་ཆེ་ཞེས་སོགས་གསུངས་ཡོད། གཞི་རྩའི་ལྡི་ལི་ཁུལ་གྱི་གཞུང་འབྲེལ་མཛད་སྒོ་དེ་ཁ་སང་སྔ་ཐོག་བོད་སྒར་བསམ་ཡས་གླིང་དུ་ཚོགས་ཡོད་པ་དང་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ཀྱི་ནང་པའི་སྐུ་ཚབ་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་ཕེབས་ཡོད་པ་དང་། སྐུ་མགྲོན་དུ་ས་གནས་ཀྱི་གྲོས་ཚོགས་ཚོགས་མི་སྐུ་ཞབས་ Parlad Singh Sawhney ལགས་དང་། ལྡི་ལི་སྐུ་ཚབ་དོན་གཅོད། སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་གཙོས་མི་མང་བརྒྱ་ཕྲག་འགའ་འདུ་འཛོམས་གནང་སྟེ་དགའ་དགའ་སྤྲོ་སྤྲོའི་ངང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༢༢།༠༧།༠༦

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་ནས་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་མཛད་པ། བཞུགས་སྒར་དུ་༸གོང་ས་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ། སྲིད་བློན་མོ་རྡི་མཆོག་གིས་༸གོང་ས་མཆོག་ལ་ཞལ་པར་བརྒྱུད་༸སྐུའི་འཁྲུངས་སྐར་འཚམས་འདྲི་ཞུས་འདུག ༸གོང་ས་མཆོག་འཛམ་གླིང་སྤྱི་དང་བྱེ་བྲག་བོད་མི་ཚོར་གལ་ཇི་ལྟར་ཆེ་ཚུལ་དང་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཕྱོགས་སྐོར། Wednesday 06/07/2022 HHDL inaugurates the Dalai Lama Library and Archives Dharamshala celebrates Dalai Lama’s 87th Birthday with Richard gere and HP Forest minister PM Modi wishes Dalai Lama on his 87th birthday In detail: Significance of the Dalai Lama for Tibet and the world at large

༸གོང་ས་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་མཛད་པ།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོར་༸གོང་ས་མཆོག་གིས་བཞུགས་སྒར་དྷ་སའི་ལྷ་རྒྱལ་རིའི་ཉེ་འཁྲིས་སུ་ཆགས་པའི་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་མཛད་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་ ༨ ཡོལ་ཙམ་ལ་༸གོང་ས་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་མཛད་པ་དང་འབྲེལ་ཏེ་དཔེ་མཛོད་དང་ཡིག་ཚགས་ཁང་། གཟེངས་རྟགས་སྒྲིག་གཤོམ་ཁང་བཅས་སུ་གཟིགས་ཞིབ་ཀྱིས་བྱིན་འབེབས་རབ་གནས་སྩལ་གྲུབ་མཚམས་དབུ་འབྱེད་མཛད་སྒོར་དབུ་བཞུགས་མཛད་སོང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཁྱེད་རང་ཚོ་༸རྒྱལ་བ་རིན་པོ་ཆེའི་སྐྱེས་སྐར་ལ་འཛུམ་མུལ་མུལ་དང་དགའ་སེམས་འཁོལ་བོའི་ངང་འདུ་འཛོམས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་། གཉན་འཕྲང་གི་དུས་ཚིགས་འདིར་ངོས་ནས་ཏཱ་ལའི་བླ་མ་མིང་འཁུར་ཏེ་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་བྱས་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག ད་བར་ངོས་ནས་བསམ་པ་རྣམ་དག་གིས་ལས་དོན་གཉེར་ཁག་གི་ལག་རྗེས་སུ་འཛམ་གླིང་གང་སར་ནས་མང་ཚོགས་དུ་མས་བོད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་གནད་དོན་ཁོ་ན་མ་ཡིན་པར་དྲང་བདེན་གྱི་གནད་དོན་ཞིག་ཡིན་པར་དོ་སྣང་གནང་གི་ཡོད་སྐོར་བཀའ་སྩལ་སོང་།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་ནི་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུ་ཞིག་ཡིན་པ་དང་། དེ་ནི་ཆོས་དད་ཡོད་མེད་ལ་མ་ལྟོས་པར་ཀུན་ལ་མཁོ་བ་ཞིག་ཡིན་སྟབས། བོད་ཀྱི་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་རིག་གཞུང་དེ་འཛམ་བུ་གླིང་འདིའི་སྒང་ལ་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད་སྐོར་བཀའ་སྩལ་སོང་།མགོན་པོ་༸གང་ཉིད་མཆོག་གིས་བོད་མི་རྣམས་ནི་བཙན་བྱོལ་བ་འདྲ་འདྲི་ནང་ནས་མི་འདྲ་ཞིག་ཆགས་ཡོད་པ་དང་ལྷག་པར་མགོན་པོ་༸གང་ཉིད་མཆོག་གི་གྲོགས་པོ་ཞིག་གིས་དེ་སྔ་མ་སུ་རི་ནས་བཞུགས་སྒར་དུ་ཆིབས་བསྒྱུར་མཛད་སྐབས་༸རྒྱལ་བ་རིན་པོ་ཆེའི་བཞུགས་སྒར་དྷརྨ་སཱ་ལཱ་བཞུགས་ནས་ཐུགས་རྗེའི་འོད་ཟེར་འཛམ་བུ་གླིང་ཡོངས་ལ་ཁྱབ་ཐུབ་པ་ཡོང་གི་རེད་ཅེས་གསུངས་པ་དང་སྦྲགས། གཞིས་བྱེས་གཉིས་སུ་བཞུགས་པའི་བོད་མི་ཡོངས་ནས་བོད་སྤྱིའི་དོན་དུ་སེམས་ཤུགས་སྤུངས་ཏེ་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་སོང་བར་མ་ཟད་ངོས་ད་དུང་ལོ་ངོ་བཅུ་ཕྲག་གཅིག་གཉིས་འཚོ་ཐུབ་ཀྱི་རེད་ཅེས་བཀའ་སྩལ་སོང་།མཛད་སྒོར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་ཚོགས་གཙོ་ལས་ཚབ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་ངོ་སྤྲོད་གསུང་བཤད་གནང་སྐབས་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་ནས་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་ད་བར་༸སྐུ་སྒེར་ཡིག་ཚང་གི་ཡིག་ཚགས་མ་ཉམས་པ་ཡོད་པ་ཡོངས་དང་ཕྲན་བུ་ཉམ་ཆག་ཕྱིན་པ་རྣམས་ཉམས་གསོའི་ཐོག་ནས་བདག་ཉར་བྱ་རྒྱུ་དང་། དེ་བཞིན་ཤེས་ཡོན་གྱི་ཉམས་ཞིབ་པ་ཚོར་༸རྒྱལ་དབང་རིམ་བྱོན་གྱི་གསུང་འབུམ་སོགས་དཔེ་མཛོད་གཅིག་གི་ནང་བདེ་བླག་ཏུ་འཚོལ་རྙེད་ཀྱིས་གསན་བསམ་ཉམས་ཞིབ་གནང་ཐུབ་པའི་དཔེ་མཛོད་ཕུན་སུམ་ཚོགས་པ་ཞིག་བསྐྲུན་རྒྱུ་ནི་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་ཀྱི་དགོས་དམིགས་ཡིན་སྐོར་གསུངས་སོང་།གཞི་རྩའི་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་ནང་དཔེ་མཛོད་དང་ཡིག་ཚགས་ཁང་། གཟེངས་རྟགས་སྒྲིག་གཤོམ་ཁང་། དེ་བཞིན་སྒྲ་བརྙན་སྡེ་ཚན། གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་གྱི་ལས་ཁུངས་སོགས་ཡོད། དེ་རིང་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་ཀྱི་མཛད་སྒོ་ཐོག་དགའ་ལྡན་ཁྲི་ཐོག་ ༡༠༤ པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་དབུས་པའི་བླ་སྤྲུལ་རྣམ་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་སོགས་ནས་ལྷན་ཞུགས་གནང་སོང་།

བཞུགས་སྒར་དུ་༸གོང་ས་མཆོག་དགུང་གྲངས་ ༨༧ བདག་གིར་བཞད་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

དེ་རིང་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ནང་གི་མང་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་ཐོག་གཞུང་འབྲེལ་གྱི་མཛད་སྒོ་ཚོགས་པ་བརྒྱུད་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ དང་བོད་ལུགས་ལྟར་དགུང་གྲངས་ ༨༨ བདག་གིར་བཞད་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཏེ་བཀའ་སྤྱི་གཉིས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་སྲིད་མི་རིགས་ཀྱི་སླད་དུ་སྐུ་ངལ་མཛད་མེད་ཀྱིས་མཛད་པ་ཇི་སྙེད་ཅིག་བསྐྱངས་པ་དང་སྒོས་སུ་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དང་བྱམས་བརྩེ་གོང་འཕེལ་སླད་མཛད་པ་རླབས་ཆེན་སྐྱོང་བའི་འོག་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་འཛམ་གླིང་ཁྲོད་ཀྱི་སྐྱབས་བཅོལ་བའི་སྒྲིག་འཛུགས་གཟེངས་སུ་ཐོན་པ་ཞིག་བསྐྲུན་གནང་མཛད་པའི་བླ་ན་མེད་པའི་མཛད་འཕྲིན་ཁག་དྲན་གསོ་ཞུས་པ་དང་འབྲེལ། ༸གོང་ས་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་གཙོས་བཀའ་དགོངས་བཞིན་རྣམ་དཀར་དགེ་བའི་ལས་ལ་གཞོལ་ཞིང་། སྤྱི་དོན་ཐོག་ནུས་པ་མཉམ་སྤུངས་གནང་བའི་འབོད་སྐུལ་བསྐྱར་ནན་གནང་སོང་།དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་གཞུང་འབྲེལ་གྱི་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ད་བར་སྐུ་ངལ་མཛད་མེད་ཀྱིས་སྐུ་ལས་བསྐྱོན་པའི་ཁྲོད་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་སྟེ། འཛམ་གླིང་ཁྲོད་ཀྱི་སྐྱབས་བཅོལ་བའི་སྤྱི་ཚོགས་ཚགས་ཚུད་ཤོས་སུ་གྱུར་གནང་མཛད་ཡོད་པ་སོགས་༸སྐུའི་མཛད་རྗེས་ཁག་དྲན་གསོ་དང་འབྲེལ། རང་ཅག་ལས་ཀྱི་སྣེ་མོ་བ་རྣམས་དང་མང་ཚོགས་བཅས་ཐུན་མོང་གི་ངོས་ནས་སྤྱི་མཐུན་བསོད་ནམས་གསོག་པ་དང་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་༸གོང་ས་མཆོག་ཐུགས་འཚབ་དང་ཐུགས་སུན་འབྱུང་གཞིའི་གཏམ་བརྗོད་མཐའ་དག་རྒྱང་དུ་དོར་ཏེ། ཐུགས་བསྐྱེད་དམ་བཅའ་བཞི་གཙོ་གྱུར་ཐོག་བཀའ་དགོངས་བཞིན་རྣམ་དཀར་དགེ་བའི་ལས་ལ་གཞོལ་ཞིང་། སྤྱི་དོན་ཐོག་ནུས་པ་མཉམ་སྤུངས་ཡོང་བའི་འབོད་སྐུལ་དང་། སྐབས་ ༡༦ པའི་བཀའ་ཤག་གི་ངོས་ནས་ལས་དོན་བྱེད་སྒོ་མཐའ་དག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་འབད་བརྩོད་ཞུ་མུས་ཡིན་ཞིང་། མ་འོངས་པར་ཡང་༸མགོན་པོ་མཆོག་གི་དགོངས་གཞི་བསྒྲུབ་རྒྱུའི་དམ་བཅའ་བརྟན་པོ་ཡིན་ཞེས་སོགས་གསུངས་སོང་།དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ཁག་ལ་ཆེ་བསྟོད་དང་འབྲེལ་དེ་རིང་གི་གོ་སྐབས་ཆེས་བཞེས་ཀྱིས་དུས་རབས་ཉེར་གཅིག་པའི་གནས་བབ་བཅས་ལ་བསམ་ཞིབ་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོས་བོད་ཐོག་འཛིན་པའི་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ངེས་པར་དུ་གཏོང་དགོས་པའི་དུས་ལ་བབ་ཡོད་པའི་སྐུལ་མ་གནང་སོང་།སྤྱིར་དེ་རིང་བསྐལ་བཟང་ཉིན་མོ་དེར་སྐུ་མགྲོན་གཙོ་བོར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Jai Ram Thakur མཆོག་ཆེད་ཕེབས་གནང་གཏན་ཁེལ་ཡོད་ཀྱང་དྲག་ཆར་ཁྲོད་ཐད་ཕུར་གནམ་གྲུ་ཕུར་མ་ཐུབ་པའི་རྐྱེན་གྱིས་མཛད་སྒོའི་ཐོག་ཕེབས་ཐུབ་མེད་སྟབས། ཁོང་གིས་དྲ་རྒྱ་བརྒྱུད་ནས་གསུང་འཕྲིན་ཞིག་སྩལ་ཏེ་མང་ཚོགས་ལ་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་ཉིན་མོར་འཚམས་འདྲི་དང་རིང་མིན་དྷརྨ་སཱ་ལཱར་ཕེབས་ནས་༸གོང་ས་མཆོག་དང་ལྷན་མཇལ་འཕྲད་ཞུ་ཐབས་གནང་རྒྱུ་ཡིན་སྐོར་གསུངས་པ་དང་འབྲེལ། ང་ཚོ་ཚང་མས་༸གོང་ས་མཆོག་གི་བཀའ་སློབ་ཁག་གང་ཐུབ་ལག་བསྟར་ཞུས་ནས་མགོན་པོ་༸གང་ཉིད་མཆོག་གིས་འདོན་གནང་མཛད་པའི་ལམ་ཐོག་ཤར་སྐྱོད་གནང་དགོས་པའི་སྐུལ་མ་གནང་བར་མ་ཟད། དེ་རིང་ཁོང་གིས་ཞལ་པར་བརྒྱུད་ནས་༸གོང་ས་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་སྐབས་མགོན་པོ་༸གང་ཉིད་གིས་ད་དུང་དགུང་ལོ་ ༢༥ ནས་ ༣༠ བར་བཞུགས་རྒྱུའི་ཞལ་བཞེས་མཛད་པ་བཞིན་བློན་ཆེན་མཆོག་གིས་ཀྱང་༸གོང་ས་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཐུགས་སྨོན་ཞུ་བཞིན་ཡོད་སྐོར་གསུངས་སོང་།དེ་རིང་མཛད་སྒོའི་ཐོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཕེབས་ཐུབ་མེད་སྟབས་ཁོང་གི་ཚབ་ཏུ་མངའ་སྡེའི་ཤིང་ནགས་བློན་ཆེན་སྐུ་ཞབས་ Rakesh Pathania མཆོག་གིས་གསུང་བཤད་གནང་བར་༸གོང་ས་མཆོག་ཧི་མཱ་ཅལ་ནང་དུ་༸སྐུ་བཞུགས་མཛད་པ་དེ་ང་ཚོ་ཧི་མཱ་ཅལ་མང་ཚོགས་ཀྱི་བསོད་ནམས་ཡིན་པ་དང་དེ་རིང་སྲིད་སྐྱོང་མཆོག་གིས་བོད་མིའི་འཐབ་རྩོད་དང་༸གོང་ས་མཆོག་གི་མཛད་རྗེས་སྐོར་ངོ་སྤྲོད་གནང་བ་ལྟར་ཧི་མཱ་ཅལ་མངའ་སྡེའི་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་དུ་གཏན་འཇོག་གནང་སྟེ་མང་ཚོགས་ལ་༸གོང་ས་མཆོག་གི་རླབས་ཆེན་གྱི་བློས་བཏང་དང་མཛད་འཕྲིན་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་པ་དང་། རྒྱ་གར་གཞུང་མང་ཡོངས་ནས་བོད་མིའི་རང་བཙན་འཐབ་རྩོད་ལ་དུས་རྟག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་སོང་།དེ་བཞིན་དེ་རིང་གི་དམིགས་བསལ་སྐུ་མགོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱལ་སྤྱིའི་གློག་བརྙན་འཁྲབ་བསྟོན་པ་གྲགས་ཅན་ Richard Gere ལགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུའི་སྐྱེས་ཆེན་དམ་པ་ཞིག་བོད་མིའི་ལྷན་དུ་ཡོད་པ་འདི་ནི་ཧ་ཅང་གི་བསྐལ་བཟང་ཡིན་པ་དང་། ༸གོང་ས་མཆོག་དགུང་གྲངས་ ༡༡༣ འམ་ ༡༥༠ བར་དུ་བཞུགས་སྲིད་ཀྱང་༸གོང་ས་མཆོག་མེད་པའི་དུས་སྐབས་ལ་བོད་མི་རྣམས་ཕན་ཚུན་མཉམ་རུབ་ཐོག་ནས་བོད་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་ཀྱི་འགན་ཁུར་དགོས་ཞེས་གསུངས་སོང་།དེ་བཞིན་དེ་རིང་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་དང་བསྟུན་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་དབུ་ཁྲིད་རྒན་གྲས་ Indresh Kumar ལགས་ཀྱིས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་དྲན་རྟེན་ཆེད་ཕྱག་རྟགས་ཤིག་སྐུར་ཡོད་པ་དེ་མཛད་སྒོའི་ཐོག་ཆེད་ཕེབས་གནང་བའི་རྒྱ་གར་ BJP ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཚབ་ Vijay Jolly མཆོག་གིས་སྲིད་སྐྱོང་མཆོག་ལ་ཕུལ་སོང་།དེ་རིང་བཞུགས་སྒར་དྷརྨ་སཱ་ལཱ་གཙོས་བོད་མི་གནས་སྡོད་ས་གནས་གང་སར་དགའ་སྤྲོའི་རྣམ་པའི་ཐོག་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པའི་ཁྲོད་དྷ་སར་གཞུང་འབྲེལ་མཛད་སྒོའི་ཐོག་མང་ཚོགས་ལ་རྟེན་འབྲེལ་ཚུལ་དུ་མངར་ཟས་ཞལ་གྲངས་ ༡༡༣ འགོད་འགྲེམས་གནང་བ་དང་། ཉིན་དགུང་ཞལ་ལག་གོ་སྒྲིག་སོགས་བརྒྱུད་ནས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པར་མ་ཟད། ཕྱི་དྲོ་ཕྱག་ཚོད་ ༥ བར་བོད་ཀྱི་ཐུན་མོང་མ་ཡིན་པའི་རྐང་བྲོ་གླུང་གཞས་སོགས་གོ་སྒྲིག་གནང་འདུག

སྲིད་བློན་མོ་དི་མཆོག་གིས་༸གོང་ས་མཆོག་ལ་ཞལ་པར་བརྒྱུད་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།

རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་གིས་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞལ་པར་ཕུལ་ཏེ་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་༸སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་༸སྐུ་ཁམས་གསལ་ཐང་ཡོང་བའི་སྨོན་འདུན་ཞུས་འདུགསྲིད་བློན་མཆོག་གིས་དེ་རིང་སྐུ་ཉིད་ཀྱི་ Twitter དྲ་གནས་ཐོག་བཀོད་པའི་འཚམས་འདྲི་དེ་ཉིད་རྒྱ་གར་གྱི་བརྒྱུད་ལམ་འདྲ་མིན་ཐོག་རྒྱ་ཁྱབ་ཆེན་པོ་སྤེལ་བར་མ་ཟད། དེ་ཞིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་དང་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang མཆོག ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག དེ་བཞིན་ཨོ་ཌི་ཤ་མངའ་སྡེའི་བློན་ཆེན་ Naveen Patnaik མཆོག ལྡི་ལི་སྤྱི་ཁྱབ་བློན་ཆེན་ Kejriwal མཆོག  Anurag Thakur ལགས་དང་། G Kishan Reddy ལགས། Nitin Gadkari ལགས་ལ་སོགས་པའི་རྒྱ་གར་དབུས་གཞུང་གི་བློན་ཆེན་མང་དག་ཅིག་གིས་བརྙན་དང་ཡིག་ལམ་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་རིང་བཞུགས་ཏེ་མུ་མཐུད་༸སྐུ་ཁམས་གསལ་ཐང་ཐོག་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ལ་བརྩེ་བ་དང་བྱམས་པ། ཞི་བདེ་བཅས་བྱིན་གྱིས་རླབས་ཐུབ་པའི་སྨོན་འདུན་ཞུས་དང་ཞུ་མུས་རེད་འདུག གཞི་རྩའི་རྒྱ་གར་གྱི་སྲིད་བློན་མཆོག་གིས་དེ་སྔའི་བཞེངས་ཕྱོགས་དང་མི་འདྲ་བར་སྔ་ལོའི་༸སྐུའི་འཁྲུངས་སྐར་ཉིན་༸གོང་ས་མཆོག་ལ་ཆེད་དུ་ཞལ་པར་ཕུལ་ནས་འཚམས་འདྲི་ཞུས་པ་ཙམ་མ་ཟད་དེའི་སྐོར་རང་ཉིད་ཀྱི་ Twitter ཐོག་ཡོངས་གྲགས་བཀོད་ཡོད་པ་དང་། རྒྱ་གར་གྱི་དཔྱད་ཞིབ་པ་ཁག་གཅིག་གིས་སྲིད་བློན་མཆོག་ལ་བསྔགས་བརྗོད་དང་འབྲེལ་ཏེ་སྲིད་བློན་མཆོག་གི་གནང་སྟངས་དེ་རིམ་པས་སྲོལ་ལྟ་བུར་གྱུར་ཡོད་པ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ལ་ངོས་འཛིན་གནང་བཞིན་འདུག སྤྱིར་༸གོང་ས་མཆོག་གིས་ཀྱང་སྔ་ལོར་སྲིད་བློན་མོ་དི་མཆོག་གི་འཁྲུངས་སྐར་ཉིན་སྲིད་བློན་མཆོག་ལ་འཚམས་འདྲི་མཛད་པ་དང་འབྲེལ། རྒྱ་གར་གྱི་རྒྱལ་ཁབ་ཆེན་མོ་འདིའི་ཡང་དག་པའི་མང་གཙོ་དང་མང་གཙོའི་ལམ་ལུགས་དང་འབྲེལ་བ་གཏིང་ཟབ་ཡོད་པའི་ཆོས་ལུགས་སྣ་མང་གཅིག་བསྡུས་ཀྱི་ཞི་བདེ་དང་བརྟན་ལྷིང་ལ་བསྔགས་བརྗོད་མཛད་པར་མ་ཟད། བོད་མི་མང་པོ་ཞིག་རྒྱ་གར་དུ་གནས་ཡོད་པ་དང་འབྲེལ་ནས་རྒྱ་གར་ནི་བོད་མི་རྣམས་ཀྱི་ཆོས་ལུགས་ཀྱི་སྐྱབས་བཅོལ་ས་ཁོ་ན་ཙམ་མིན་པར་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་རྒྱ་གར་རྒྱལ་ཁབ་ནི་བོད་མི་མང་པོ་ཞིག་གི་ཁྱིམ་གཞིས་ཆགས་ཡོད་པར་ལུང་འདྲེན་མཛད་དེ་རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་ད་བར་མཐུན་འགྱུར་རོགས་རམ་གནང་བར་བསྐྱར་དུ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་མཛད་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༢༢།༠༧།༠༥

ཉན་པ།: Listen ཕབ་ལེན། Download གོམ་བགྲོད་དང་རྐང་འཁོར་སྐོར་སྐྱོད་བརྒྱུད་༸སྐུའི་འཁྲུངས་སྐར་སྲུང་བརྩི། ཆུ་ཤུལ་གློག་ཁང་གསར་རྒྱག་འོག་ཨ་ཚོགས་དགོན་པའི་གྲྭ་མང་གཙོས་མི་ཆིག་འབུམ་ལྷག་གནས་སྤོ། འཇིགས་མེད་རྒྱ་མཚོ་ལགས་སུ་མནར་གཅོད་གཏོང་མཁན་ཚོར་ཁྲིམས་ཐག་གཅོད་དགོས། དབྱིན་ཡུལ་གྲོས་ཚོགས་འཐུས་མིས་རྒྱ་ནག་གི་སོ་ལྟའི་བརྙན་མིག་བཟོ་ཚོང་ཁང་བཀག་སྡོམ་དགོས་པའི་ཞུ་སྐུལ། པྲགྷ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་དྲུག་པ་དབུ་འཛུགས། གླུ་གཞས་ལས་རིམ། བསྟན་འཛིན་དོན་ཡོད་ལགས་ཀྱིས་བླངས་པའི་བཀྲིས་དགའ་སྟོན། Tuesday 05/07/2022 Destination 87: mountain bike, walk, run for HHDL in Kalimpong Atsok monastery forced to relocate to make way for hydropower station Tibet rights group demand prosecution against government officials responsible for the death Jigme Gyatso 16th IATS Seminar kicks off in Prague, Czech Republic UK MPs seek ban on CCTVs linked to human rights abuses in China MUSIC FEATURE: Tashi Gatoen, dedicated to HHDL by Tenzin Dhonyoe

གོམ་བགྲོད་དང་རྐང་འཁོར་སྐོར་སྐྱོད་བརྒྱུད་༸སྐུའི་འཁྲུངས་སྐར་སྲུང་བརྩི།

སང་ཕྱི་ཟླ་ ༧ ཚེས་ ༦ སྟེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན་རྒྱ་གར་ཤར་ཕྱོགས་སུ་ཆགས་པའི་ཀ་ལིམ་སྤོང་ནང་དུ་གོམ་བགྲོད་དང་རྐང་འཁོར་སྐོར་སྐྱོད་བརྒྱུད་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག ཁ་སྔོན་ཕྱི་ཚེས་ ༣ རེས་གཟའ་ཉི་མའི་ཉིན་ཟླ་བ་ཤར་པ་ལགས་དང་བློ་ཆོས་ལགས། ལྷུན་གྲུབ་ལགས། བསྟན་འཛིན་ནོར་འཛིན་ལགས། ཕུན་ཚོགས་ལགས་བཅས་ཀྱིས་༸གོང་ས་མཆོག་༸སྐུ་ཚེ་ཡུན་དུ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། རྒྱ་གར་ཡུལ་མི་དང་བོད་མི་དབར་འཆམ་མཐུན་ཡོང་བ་བཅས་དམིགས་ཡུལ་གཙོ་བཟུང་འོག་འབྲས་ལྗོངས་དང་ཀ་སྦུག  རྡོ་རྗེ་གླིང་།  སི་ལི་གུ་རི་བཅས་ནས་བོད་མི་གཙོས་ཡུལ་མི་ཁྱོན་མི་གྲངས་ ༡༥༠ ལྷག་མཉམ་ཞུགས་གནང་ནས་ཀ་སྦུག་ནས་ལ་ཝ་དགོན་པ་བར་སྤྱི་ལེ་ ༨༧ ལམ་ཐག་ཡོད་སར་གོམ་བགྲོད་དང་རྐང་འཁོར་སྐོར་སྐྱོད་གནང་བ་དང་དེ་བཞིན་ལ་ཝར་༸གོང་ས་མཆོག་གི་དགུང་གྲངས་དང་མཐུན་པའི་ལྗོན་ཤིང་ ༨༧ འདེབས་འཛུགས་ཀྱིས་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུགལྷག་པར་གོ་སྒྲིག་ཞུ་མཁན་རྣམས་ནས་མི་མང་མཉམ་ཞུགས་གནང་མཁན་ཚོར་ཕྱག་འཁྱེར་གནང་བར་ཁུལ་དེའི་དབུས་གཙང་ཚོགས་གཙོར་ཞུས་དོན་བཞིན་ཀ་སྦུག་དབུས་གཙང་ཆོལ་ཁས་རྒྱབ་སྐྱོར་གནང་སྟེ་མཉམ་ཞུགས་གནང་མཁན་ཚོར་ཕྱག་འཁྱེར་གནང་ཡོད།   གཞི་རྩའི་འཛམ་གླིང་གི་ས་གནས་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་ལས་གཞིའི་རྣམ་པ་འདྲ་མིན་སྤེལ་བའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་པ་རེད།  ཁ་སང་ལ་དྭགས་ཀྱི་ཁྲིགས་སེ་དང་བདེ་སྐྱིད་དགོན་པའི་དབུ་བླ་དང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་གནང་མྱོང་མཁན་ཁྲིགས་སེ་རིན་པོ་ཆེ་མཆོག་གིས་ལ་དྭགས་དབུས་གཞུང་མངའ་སྡེའི་འཛིན་སྐྱོང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཆ་ཤས་ཙམ་ཞིག་འཇལ་སླད་ཕྱི་ཟླ་ ༧ ཚེས་ ༦ ཉིན་ལ་དྭགས་དབུས་གཞུང་མངའ་སྡེ་ཁྱོན་ཡོངས་ནས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་དེ་ཉིན་གཞུང་སྒེར་ལས་ཁུངས་ཁག་ལས་མཚམས་འཇོག་ཆོག་པའི་གཞུང་འབྲེལ་གུང་སེང་གསལ་བསྒྲགས་གནང་སྐྱོང་ཡོང་བའི་ཞུ་སྙན་ཕུལ་འདུག

Latest news