Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

བྷོ་ཙ་ཝ་ནའི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་པ་གསུངས་འདུག

དེ་ཡང་ AFP གསར་ཁང་དང་དེ་བཞིན་ News24 སོགས་ཀྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན་བྷོ་ཙ་ཝ་ན་གཞུང་གིས་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་བརྒྱུད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཟླ་ ༨ པའི་ནང་ Africa ཁུལ་གྱི་བྷོ་ཙ་ཝ་ནའི་རྒྱལ་ས་ Gaborone ནང་དུ་ཆིབས་བསྒྱུར་གནང་གཏན་འཁེལ་བ་དང་བསྟུན། ཡུལ་དེའི་སྲིད་འཛིན་སྐུ་ཞབས་ Ian Khama མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་པ་གསུངས་འདུག རྩ་བའི་བྷོ་ཙ་ཝ་ནའི་ཁྱིམ་མཚེས་རྒྱལ་ཁབ་ལྷོ་ཨ་ཕི་རི་ཀའི་ངོས་ནས་རྒྱ་ནག་གཞུང་དང་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པར་དོགས་ཏེ་དེ་སྔ་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་༸གོང་ས་མཆོག་ཡུལ་དེའི་ནང་ཕེབས་པར་མཐོང་མཆན་ཐེངས་གསུམ་མ་སྤྲད་པའི་གནས་ཚུལ་བྱུང་ཡོད་སྟབས། ད་ལན་བྷོ་ཙ་ཝ་ན་གཞུང་ནས་གནང་ཕྱོགས་དེས་བྷོ་ཙ་ཝ་ན་དང་རྒྱ་ནག་གཞུང་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པ་བརྗོད་མཁན་མང་པོ་ཡོད་པ་རེད་འདུག འོན་ཀྱང་བྷོ་ཙ་ཝ་ན་གཞུང་གི་མགྲིན་ཚབ་པས་ད་ལན་གྱི་གནད་དོན་དེའི་རྐྱེན་པས་ རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་དང་མི་འགྲོའི་ལན་འདེབས་གང་ཡང་གནང་མེད་པ་མ་ཟད། ཡུལ་དེའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་ངོས་ནས་ཀྱང་ད་ལྟའི་ཆར་གནད་དོན་དེ་དང་འབྲེལ་བའི་འགྲེལ་བརྗོད་གནང་མེད་པ་རེད། རྩ་བའི་༸གོང་ས་མཆོག་ Botswana ཡི་རྒྱལ་ས་ Gaborone ནང་དུ་རྟེན་གཞི་བྱས་པའི་གཙུག་ལག་སློབ་གཉེར་ཁང་གི་ནང་དུ་ཟླ་ ༨ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་ ༣ རིང་ལུས་སེམས་སྲོག་གི་ལྷན་ཚོགས་ཤིག་ཚོགས་གཏན་འཁེལ་བའི་ཐོག Africa གླིང་ཆེན་ནང་གི་ཆོས་ཕྱོགས་དང་མང་ཚོགས་ཀྱི་དབུ་ཁྲིད། ཚན་རིག་པ་དང་ཤེས་ལྡན་མི་སྣ། སྨན་པ་སོགས་མང་དག་ཞིག་ལྷན་འཛོམས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང། དབང་རྩའི་རིག་པའི་ཚན་རིག་པ་རྣམ་པའི་དབར་ Botho/Ubuntu ཞེས་པའི་ Africa འི་གདོད་མའི་མི་རིགས་རྣམས་ཀྱི་ཁྲོད་གནའ་སྔ་མོ་ནས་ཡོད་པའི་བསམ་བློའི་རིག་གཞུང་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་རེད་འདུག  

༸གོང་ས་མཆོག་གིས་ནུབ་ར་བདེ་སྐྱིད་ས་གནས་སུ་ཆོས་འབྲེལ་ལེགས་གྲུབ་མཛད་པ།

 བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཚེས་ ༡༣ སྔ་དྲོ་ལ་དྭགས་ནུབ་ར་བདེ་སྐྱིད་ས་གནས་ཀྱི་མི་མང་ཕོ་བྲང་གི་གསུང་ཆོས་ར་བར་ཆེད་དུ་བྱ་བའི་གདུལ་བྱ་ས་གནས་ཀྱི་སེར་སྐྱ་མང་ཚོགས་གཙོས་པའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེག་སོ་བདུན་མའི་བཀའ་ཆོས་བཀྲིན་སྩལ་བ་དང་འབྲེལ། ལ་དྭགས་ཀྱི་ཡུལ་བ་ཚོས་དུས་རྒྱུན་དུ་ཡུལ་ལྷ་གཞི་བདག་ལ་གསོལ་ཁ་བྱེད་ན་འགྲིག་གི་ཡོད་ཀྱང། དེ་དག་ལ་སྐྱབས་ཡུལ་མཐར་ཐུག་ལ་རྩིས་ཏེ་སྐྱབས་སུ་སོང་ན། སངས་རྒྱས་པའི་སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་ཡོད་ཅེས་བཀའ་སྩལ་སོང། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་འཇིག་རྟེན་དྲེགས་པའི་ལྷ་བསྟེན་སྲོལ་སྐོར་ལམ་སྟོན་གནང་པ་དང་སྦྲགས་ཏེ་བར་སྐབས་ཤིག་སྤྱི་ཚོགས་ཁྲོད་ལ་དོལ་རྒྱལ་བསྟེན་སྲོལ་དར་བ་དང། དེ་བཞིན་དོལ་རྒྱལ་སྐོར་གྱི་ལོ་རྒྱུས་རྒྱབ་ལྗོངས་དང། དེ་སྔ་མགོན་པོ་༸གང་ཉིད་མཆོག་གི་བསྟེན་གནང་ཡོད་ཀྱང་། ཕྱིས་སུ་དོལ་རྒྱལ་སྐོར་ཞིབ་འཇུག་ནན་གཏན་གནང་མཐར་དེ་ལྟར་གནང་རྒྱུ་སྤངས་རིམ་ཞིབ་རྒྱས་ངོ་སྤྲོད་མཛད་པ་དང་འབྲེལ། ༸གང་ཉིད་མཆོག་གིས་བར་སྐབས་ཤིག་ནས་དེར་བསྟེན་སྲོལ་ཐད་དམ་དྲག་གནང་པ་དང་དུས་མཚུངས་ལ་དྭགས་ཁུལ་དང་རྒྱ་གར་གྱི་ས་གནས་ཁག་ཅིག་ནས་ལྷ་བསམ་རྣམ་དག་དང་མགོན་པོ་༸གང་ཉིད་ལ་ཡིད་ཆེས་བློ་སྐྱེལ་གྱིས་ལག་ལག་ལེན་དུ་འཁེལ་ཡོད་པ་རེད། འོན་ཀྱང་དོལ་རྒྱལ་བསྟེན་མཁན་ཁག་ཅིག་གིས་ཆོས་དད་རང་དབང་སྤྲད་ཀྱི་མི་འདུག་ཅེས་སྐད་རྒྱག་ཡོད། ངོས་ནས་དེར་བསྟེན་པའི་སྐྱོན་ཡོད་ཚུལ་བཤད་པ་ལས་བཀག་འགོག་བྱེད་མེད་པས་ཆོས་དད་རང་དབང་སྤྲོད་ཡོད་ཅེས་བཀའ་སྩལ་ཡོད་པ་རེད། གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་སྔ་དྲོ་ཆོས་ཞུ་བ་ཚོར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་སྩལ་བ་ལས། སྐྱེས་བུ་ཆེན་པོ་བྱང་ཆུབ་སེམས་ཀྱི་སྐོར་བཀའ་འགྲེལ་མཛད་སྐབས་སེམས་བཟང་པོ་བྱ་རྒྱུ་ཟེར་བ་དེ་ལ་སེམས་ཅན་དུད་འགྲོ་ཚོའང་དགའ་པོ་བྱེད་ཡུལ་ཞིག་ཆགས་ཡོད། དེར་བརྟེན་སྲོག་ཆགས་སུ་འདྲ་ཞིག་ཡིན་ཀྱང་རང་ཉིད་ལྟར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པའི་འདུ་ཤེས་འཛིན་ནས་བརྩེ་བ་བྱེད་དགོས་ཞེས་སོགས་བཀའ་སྩལ་བ་མ་ཟད། ལྷག་དོན་སེམས་པ་བཟང་པོ་དང་གཞན་ལ་ཕན་བདེ་སྒྲུབ་རྒྱུ་དེ་མི་ཚེ་སྐྱིད་པོ་ཡོང་རྒྱུའི་ཆ་རྐྱེན་རེད་ཅེས་བཀའ་ནན་སྩལ་ཡོད་པ་རེད། རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༡༡ ནས་དབུ་འཛུགས་ཀྱིས་ལ་དྭགས་ནུབ་ར་བདེ་སྐྱིད་ས་གནས་སུ་ཆེད་དུ་བྱ་བའི་གདུལ་བྱ་ས་གནས་ཀྱི་སེར་སྐྱ་མང་ཚོགས་གཙོས་པའི་ཕྱི་ནང་གྱི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་སྒོམ་རིབ་བར་པ་དང། སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་སྣང་བཅས་བཀྲིན་བསྩལ་ཡོད་པ་དང།  དེ་རིང་ཉིན་མཐའ་མའི་ཆོས་འབྲེལ་ཐོག་ལག་ལེན་སོ་བདུན་མ་དང། སྙིང་པོ་དོན་གསུམ་གྱི་བཀའ་ཆོས།  དེ་བཞིན་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་ཚེ་དབང་བཅས་བཀྲིན་བསྩལ་ཡོད་པ་རེད། མཛད་འཆར་སྔོན་སྒྲིག་ལྟར་ན། ༸གོང་ས་མཆོག་ནས་སང་ཉིན་ཚེས་ ༡༤ ཉིན་སྐུལ་ངལ་གསོལ་བཞུགས་མཛད་རྒྱུ་དང། དེ་ནས་ཚེས་ ༡༥ ཉིན་ནུབ་ར་བདེ་སྐྱིད་ས་གནས་ནས་རྒྱང་ཐག་སྤྱི་ལེ་ ༣༠ སར་ཡོད་པའི་བསམ་གཏན་གླིང་དགོན་པར་ཆིབས་སྒྱུར་གྱིས་བཀའ་ཆོས་སྩལ་རྒྱུར་ཐུགས་གཏན་འཁེལ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མགོན་པོ་༸གང་ཉིད་མཆོག་གིས་ཉིན་གཅིག་གི་མཛད་འཆར་སྔར་སྣུར་གྱིས་དེ་རིང་ཕྱི་དྲོ་ནུབ་ར་བདེ་སྐྱིད་ས་གནས་ནས་བསམ་གཏན་གླིང་དགོན་པར་ཆིབས་ཞལ་བསྒྱུར་གནང་གིས་སང་ཚེས་ ༡༤ ཉིན་༸གོང་ས་མཆོག་ནས་ཁུལ་དེར་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀྲིན་བསྩལ་རྒྱུ་དང། དེ་ནས་ཚེས་ ༡༥ ཉིན་ནུབ་ར་བདེ་སྐྱིད་ས་གནས་ནས་རྒྱལ་ས་སླེ་ལ་ཕེབས་ཐོན་མཛད་ཀྱི་ཡོད་པ་རེད། ཚེས་ ༡༦ ཉིན་༸གོང་ས་མཆོག་ལ་དྭགས་ཟངས་དཀར་ཕྱོགས་སུ་མཛད་འཆར་བསྐྱང་སླད་ཆིབས་བསྒྱུར་གནང་གི་འདུག

ལ་དྭགས་པའི་སློབ་ཕྲུག་ཚོས་བོད་ཡིག་ལ་དོ་སྣང་ཤུགས་ཆེ་བྱེད་དགོས་ཞེས་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༡༡ ཉིན་སྔ་དྲོ་ལ་དྭགས་ནུབ་ར་ལྡུམ་རྭ་བདེ་དགོན་དགའ་ལྡན་བཀྲིས་ཆོས་གླིང་དུ་ཉིན་དང་པོའི་བཀའ་ཆོས་སྩལ་གྲུབ་རྗེས། ཉིན་རྒྱབ་ཏུ་ནུབ་ར་ཉེ་འཁོར་གྱི་ལ་དྭགས་སློབ་གྲྭ་ཁག་གི་སློབ་མ་ཚོ་དང། དབྱར་ཆོས་ཆེན་མོའི་ཐོག་མཉམ་ཞུགས་གནང་མཁན་གྱི་དགེ་བཙུན་ཚོ་ལ་ནང་ཆོས་དང་འབྲེལ་བའི་ཐོག་དམིགས་བསལ་བཀའ་འདྲི་དགོངས་བསྐོར་ཞུ་རྒྱུའི་ལས་རིམ་ཞིག་ཚོགས་གནང་སོང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་ཕྲུག་ཚོའི་ངོས་ནས་དོན་གཉེར་ཆེན་པོས་དྲི་བ་དྲིས་པར་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སོང་ཞེས་བཀའ་སྩལ་བ་དང་འབྲེལ། སྤྱིར་སློབ་ཕྲུག་ཚོའི་ངོས་ནས་ཤེས་ཡོན་ཐོག་སློབ་གཉེར་བྱེད་པ་དང་ཆབས་ཅིག་ཏུ་རྒྱ་གར་མཁས་པའི་ལྟ་གྲུབ་མི་འདྲ་བ་དེ་དག་ཐོག་སློབ་གཉེར་བྱེད་ཐུབ་ན་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་དང། དེ་བཞིན་ནང་པའི་གཞུང་ནས་གསུང་པའི་ཚད་མ་རིག་པ་དང་སེམས་ཁམས་རིག་པ་དེ་ཚོ་ཐུན་མོང་མ་ཡིན་པ་ཞིག་ཡིན་སྟབས། ཁ་ཆེ་སློབ་མ་དང་ཆོས་གྲོགས་ཚོས་ཀྱང་དེ་དག་ཐོག་སློབ་གཉེར་བྱེད་ཐུབ་ན་ཕན་ཐོགས་ཧ་ཅང་ཡོད་ཅེས་བཀའ་སྩལ་སོང་། ལྷག་དོན་ལ་དྭགས་པའི་སློབ་ཕྲུག་ཚོས་བོད་ཡིག་ལ་དོ་སྣང་ཤུགས་ཆེ་བྱེད་དགོས་ཞེས་བཀའ་ནན་སྩལ་ཡོད་པ་རེད། ལ་དྭགས་དགོན་པའི་སློབ་ཕྲུག་དགེ་འདུན་པ་ཞིག་ནས་རྣམ་ཀུན་དུ་མགོན་པོ་༸གང་ཉིད་མཆོག་ནས་རིའི་རྒྱལ་པོ་རི་རབ་མེད་ཅེས་གསུང་དོན་གང་ཡིན་ཞེས་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་སངས་རྒྱས་པའི་ཆོས་ཀྱི་གཞི་རྩ་གཙོ་བོ་དེ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་རེད། དེ་ལོ་ངོ་བརྒྱ་ཕྱིན་ནའང་སུ་གཅིག་གིས་གཡོ་འགུལ་གཏང་ཐུབ་ཀྱི་མ་རེད། མ་འོངས་པར་ཚན་རིག་པ་ཡར་རྒྱས་ག་ཚོད་ཕྱིན་ཀྱང་དེར་ངོ་མཚར་སྐྱེས་དགོས་པ་ཞིག་ལས་གང་ཟག་སུ་གཅིག་གིས་དགག་པ་བརྒྱབ་ཐུབ་ཀྱི་མ་རེད་ཅེས་བཀའ་ལན་སྩལ་སོང་། དེ་བཞིན་སློབ་ཕྲུག་བེུད་ཅིག་གིས་ནང་པའི་ཆོས་ལས་རིགས་རུས་དབྱེ་བ་མེད་ནའང་དགེ་ཚུལ་སྒྲུབ་སྐབས་སུ་རིགས་རུས་དབྱེ་བ་ཡོད་པ་དེ་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར། མགོན་པོ་མཆོག་གིས་རིགས་རུས་ཟེར་བ་དེ་སྔར་རྒྱ་གར་ནང་ཞིང་བྲན་ལམ་ལུགས་ཀྱི་བག་ཆགས་ལས་བྱུང་བ་ཞིག་ཡིན་པ་དང། ནང་པ་སངས་རྒྱས་པའི་ཆོས་ནང་འགྲོ་བ་མི་ཚང་མ་གཅིག་འགྱུར་གྱི་འདུ་ཤེས་འཛིན་པ་ལས་རིགས་རུས་ཀྱི་དབྱེ་འབྱེད་རྩ་བ་ནས་གནང་གི་མེད་ཅེས་བཀའ་ལན་སྩལ་ཡོད། ༸གོང་ས་མཆོག་གིས་མུ་མཐུད་གསུངས་པར་གསར་བརྗེ་པ་དང་མང་ཚོགས་ནས་ཆོས་ལ་ངོ་རྒོལ་གནང་དོན་ནི། ཆོས་ལུགས་ཀྱི་སྒྲིག་འཛུགས་ཁག་ནས་ཞིང་བྲན་ལམ་ལུགས་ལ་རྒྱབ་སྐྱོར་བྱས་པས་དེ་ལྟར་ཡོང་བ་ལས་ཆོས་རང་གི་ངོ་བོ་ནི་བྱམས་པ་དང་། སྙིང་རྗེ་ཡིན་པས་དེ་འདྲ་ཞིག་ཡོང་མི་སྲིད་པ་རེད་ཅེས་བཀའ་ནན་སྩལ་སོང་། རྩ་བའི་ཁ་སང་ནང་ཆོས་དང་འབྲེལ་བའི་བཀའ་འདྲིའི་ལས་རིམ་ཐོག་སློབ་མ་ཚོའི་ངོས་ནས་༸གོང་ས་མཆོག་ལ་འཛམ་གླིང་ཆགས་ཚུལ་དང་། རྡུལ་ཕྲ་རགས། འགྲོ་རིགས་དྲུག་སོགས་ཀྱི་བརྗོད་གཞི་ཁག་འདྲ་མིན་ཐད་ལ་བཀའ་འདྲི་ཞུས་པར་མགོན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་བཀའ་ལན་མཛད་སོང་།

དེ་སྔ་བོད་ཀྱི་ནང་པའི་ཆོས་བརྒྱུད་ཁག་གིས་བསྟན་པ་སྤྱི་མཚན་ཐོག་འཐུས་ཤོར་བཏང་འདུག་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་ཟླ་ ༧ ཚེས་ ༡༡ ཉིན་སྔ་དྲོ་ལ་དྭགས་ལྡུམ་རྭ་བདེ་དགོན་དགའ་ལྡན་བཀྲིས་ཆོས་གླིང་གི་ཆོས་རར་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ལྷག་ལ་སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་དང་འབྲེལ། དེ་སྔ་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་ཁག་གིས་གང་ཟག་དགོས་མཚན་དུ་འཛིན་ནས་བསྟན་པ་སྤྱི་མཚན་ཐོག་འཐུས་ཤོར་བཏང་འདུག་ཅེས་བཀའ་སྩལ་སོང་། དེ་བཞིན་མགོན་པོ་མཆོག་གིས་དུས་རབས་ ༢༡ པའི་འཛམ་བུ་གླིང་འཁྲུག་ཆ་དོད་པོ་ཡོད་པའི་དུས་སྐབས་འདིར་སངས་རྒྱས་པའི་ཆོས་འདི་རི་ཁྲོད་པས་ཉམས་ལེན་གནང་རྒྱུ་གཅིག་དང་། བསྟན་པ་སྤྱི་མཚན་ཕར་བཞག་ནས་གང་ཟག་དགོས་མཚན་ཐོག་གནང་པ་དེས་འདངས་ངེས་མི་འདུག་ཅེས་བཀའ་སྩལ་བ་དང་། རྣམ་ཀུན་སངས་རྒྱས་པའི་ཆོས་དེ་ངོ་སྤྲོད་བྱེད་སྐབས་བསྟན་པ་སྤྱི་མཚན་ཐོག་བྱེད་དགོས་པ་མ་ཟད། མདོར་ན་བཀའ་འགྱུར་དང་བསྟན་འགྱུར་པུ་ཏི་ ༣༠༠ ཡོད་པ་དེ་དག་གི་དོན་ཚུར་སྡོམ་ནས་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་དགོས་ཀྱི་འདུག་ཅེས་བཀའ་ནན་སྩལ་སོང་། ལྷག་པར་མགོན་པོ་མཆོག་གིས་དེ་སྔ་བོད་ཀྱི་ནང་པའི་ཆོས་བརྒྱུད་ཁག་གིས་གང་ཟག་དགོས་མཚན་དུ་གཙོ་བོར་འཛིན་ནས་འཐུས་ཤོར་ཕྱིན་པ་དེ་ཤེས་ཐོག་ཕྱིན་ཆད་ལེགས་བཅོས་གཏང་དགོས་གལ་ཡིན་པ་དང་། དེ་ལྟར་བྱུང་ཐུབ་ན་ཆོས་བརྒྱུད་ཕན་ཚུན་དབར་ལ་འཐེན་འཁྱེར་ཡོང་གི་མ་རེད་ཅེས་བཀའ་བསྩལ་ཡོད་པ་རེད། ནང་པའི་དད་ལྡན་པ་ཚོའི་ངོས་ནས་བཀའ་འགྱུར་བསྟན་འགྱུར་པུ་ཏི་ ༣༠༠ ཡོད་པ་དེ་དག་དཔང་པོ་བཞག་ནས་ཆོས་འཆད་ཉན་གནང་སྟེ་ཤེས་པ་བྱེད་དགོས་ཞེས་དང་། དེ་བཞིན་པཎ་གྲུབ་ ༡༧ རྣམས་ནི་དེ་སྔ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་རིམ་པ་གསུམ་བཀའ་བསྩལ་བ་དེ་དག་གི་དགོངས་དོན་འགྲེལ་གནང་མཁན་གྱི་སློབ་དཔོན་འབའ་ཞིག་ཆགས་ཡོད་སྟབས། ཁྱེད་རང་ཚོའི་ངོས་ནས་ནང་སངས་རྒྱས་པའི་ཆོས་གང་འདྲ་ཡིན་མིན་ཤེས་དགོས་ན། ངེས་པར་དུ་པཎ་གྲུབ་ ༡༧ གྱི་གསུང་དེ་དག་ལ་སློབ་གཉེར་དཔྱིས་ཕྱིན་བྱེད་དགོས་ཞེས་བཀའ་སྩལ་ཡོད། དེ་རིང་སྔ་དྲོ་སྔོན་འགྲོའི་གསུང་ཆོས་གྲུབ་མཚམས་སུ་མགོན་པོ་༸གང་ཉིད་མཆོག་གིས་སྒོམ་རིམ་བར་པ་བཀའ་ཆོས་དབུ་འཛུགས་གནང་ཡོད་པ་དང་། ནུབ་ར་བདེ་དགོན་གྱི་བཀའ་ཆོས་ཐོག་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གིས་གཙོས། བདེ་སྐྱིད་དགོན་གྱི་དགོན་བདག་ཁྲིག་སེ་རིན་པོ་མཆོག རྒྱ་གར་གྲོས་ཚོགས་འཐུས་མི་ཐུབ་བསྟན་ཚེ་དབང་མཆོག ནུབ་ར་བདེ་སྐྱིད་གྲོང་སྡེ་ཡུལ་མི་གཙོ་བོར་གྱུར་པའི་ཉེ་འཁོར་ས་གནས་ཡུལ་མི་དང་བོད་མི། དེ་བཞིན་རྒྱ་རིགས་དང་སིངྒ་པུར། ཡུ་རོབ་སོགས་ནས་ཆོས་ཞུ་བ་ཆེད་བཅར་གནང་འདུག ཉིན་རྒྱབ་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་འཁོར་ཡུལ་མིའི་སློབ་གྲྭ་ཁག་གི་སློབ་མ་ཚོ་ལ་ནང་ཆོས་ངོ་སྤྲོད་བསྩལ་རྒྱུ་དང་། སློབ་མའི་ཁྲོད་ནས་དོགས་འདྲི་ཞུ་ཁག་ལ་བཀའ་ལན་མཛད་རྒྱུའི་ལས་རིམ་ཞིག་ཀྱང་ཡོད་པ་རེད།

༸གོང་ས་མཆོག་ལྡུམ་རྭ་བདེ་དགོན་དབྱར་ཆོས་ཆེན་མོ་ཐེངས་ལྔ་པའི་མཇུག་སྡོམ་མཛད་སྒོར་དབུ་བཞུགས་མཛད་པ།

དེ་རིང་ཟླ་ ༧ ཚེས་ ༡༠ ཉིན་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་ལ་དྭགས་སླེ་རྒྱལ་ས་ནས་ཐད་ཕུར་གནམ་གྲུ་བརྒྱུད་ཆིབས་སྒྱུར་གྱིས་ནུབ་ར་ལྡུམ་རྭ་བདེ་དགོན་དགའ་ལྡན་བཀྲིས་ཆོས་གླིང་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་གནང་པ་དང་འབྲེལ། ལྡུམ་རྭ་བདེ་དགོན་དབྱར་ཆོས་ཆེན་པོ་ཐེངས་ལྔ་པའི་མཇུག་སྡོམ་མཛད་སྒོར་དབུ་བཞུགས་མཛད་སོང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་སླེ་རྒྱལ་ས་ནས་རྒྱང་ཐག་སྤྱི་ལེ་ ༡༢༠ ལྷག་གི་སར་ཡོད་པའི་ནུབ་ར་ས་གནས་ཀྱི་ Thoies ཐད་ཕུར་གནམ་ཐང་དུ་༸ཞབས་སོར་འཁོད་བསྟུན། ཆིབས་བསྒྱུར་གསོལ་འདེབས་ཞུ་མཁན་ལྡུམ་རྭ་བདེ་སྐྱིད་དགོན་པའི་དགོན་བདག་ཁྲིག་སེ་རིན་པོ་ཆེ་མཆོག་གིས་གཙོས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་ཟླ་བ་ལགས། ས་གནས་གྲོས་ཚོགས་འཐུས་མི། ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་བཅས་ཕེབས་བསུར་བཅར་འདུག མགོན་པོ་མཆོག་ཐད་ཕུར་གནམ་ཐང་ནས་ལྡུམ་རྭ་བདེ་དགོན་དགའ་ལྡན་བཀྲིས་ཆོས་གླིང་ཕོ་བྲང་བར་ཕེབས་སྐབས་ཕེབས་ལམ་གཡས་གཡོན་དུ་ས་གནས་ཀྱི་ནང་པ་དང་ཁ་ཆེའི་མི་མང་བཅས་དད་ལྡན་མང་ཚོགས་ཚོས་ཕྱག་ཏུ་དཀར་གཙང་མཇལ་དར་གཙོས་བདུག་སྤོས་བསྣམས་ནས་དགའ་དད་སྤྲོ་གསུམ་འཁོད་ཐོག་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་བདེ་དགོན་དགའ་ལྡན་བཀྲིས་ཆོས་གླིང་ཕོ་བྲང་དུ་༸ཞབས་སོར་འཁོད་སྐབས་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་བདེ་དགོན་དགོན་པའི་དགོན་བདག་ཁྲིག་སེ་རིན་པོ་མཆོག ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་བཅས་ནས་བསུ་བ་གཟབ་རྒྱས་ཞུས་ཡོད་པ་རེད། མགོན་པོ་མཆོག་ནས་བདེ་དགོན་ཕོ་བྲང་དུ་ཉིན་དགུང་ལྗགས་སྨིན་ལྷན་བཞེས་གནང་ཡོད་པ་དང། དེ་རྗེས་ཉིན་རྒྱབ་ཏུ་མགོན་པོ་མཆོག་གིས་བདེ་དགོན་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་ལྔ་པའི་འཇུག་སྡོམ་མཛད་སྒོར་དབུ་བཞུགས་ཀྱིས་དབྱར་ཆོས་ཆེན་མོའི་ཐོག་བཅར་བའི་ལ་དྭགས་དགོན་སྡེ་ཁག་གི་དགེ་ འདུན་པ་དང་བཙུན་མ། ཕྱི་ནང་གི་ཆོས་ཞུ་བ་བཅས་ལ་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ནང་ཆོས་དང་འབྲེལ་བའི་རིག་གནས་ཐོག་ལ་ཆོས་ལུགས་དབྱེ་མེད་ཀྱིས་ཕན་ཚུན་དབར་བགྲོ་གླེང་བྱེད་དགོས་པ་མ་ཟད། ལྷག་དོན་ནང་ཆོས་ལ་སློབ་གཉེར་བྱེད་སྐབས་སྒྲ་སྡུད་འཁོར་ལོ་ལྟར་མིན་པར་ཐོས་བསམ་སྒོམ་གསུམ་བྱེད་དགོས་པ་དང། ཤེས་ཡོན་ཡར་རྒྱས་འགྲོ་གཏོང་རྒྱུ་དེ་ནི་གྲྭ་པ་གཅིག་པོ་ཙམ་མ་ཡིན་པར་མི་སྐྱ་ཚོ་ལའང་འོས་འགནཡོད་ཅེས་བཀའ་ནན་བསྩལ་སོང་། མཇུག་སྡོམ་མཛད་སྟོན་དེའི་ཐོག་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་མཆོག་དང། གྲོས་ཚོགས་འཐུས་མི་སྐུ་ཞབས་ཐུབ་བསྟན་ཚེ་དབང་མཆོག ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་ཟླ་བ་མཆོག ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་སོགས་ཆེད་བཅར་གནང་འདུག ཁོང་རྣམས་ནས་མགོན་པོ་མཆོག་གི་མཛད་རྗེས་ཁག་ལ་ཆེ་བསྟོད་ཞུས་པ་དང་འབྲེལ། ལ་དྭགས་མང་ཚོགས་ཚོས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་བཞིན། གཞན་ཕན་དང་དགེ་བའི་ལས་ལ་འཇུག་རྒྱུའི་དམ་བཅའ་ཕུལ་བ་མ་ཟད། ལ་དྭགས་མང་ཚོགས་ཀྱི་ངོས་ནས་མགོན་པོ་མཆོག་ལ་དད་པ་ཙམ་མིན་པོར་༸གང་ཉིད་མཆོག་གི་ཅི་གསུང་བཀའ་སྒྲུབ་ཞུ་དགོས་གལ་ཡིན་པ་གསུངས་ཡོད། གཞན་ཡང་དབྱར་ཆོས་ཆེན་མོའི་མཛད་སྟོན་ཐོག དགེ་འདུན་པ་དང་སློབ་མ་རྣམས་ནས་མགོན་པོ་མཆོག་ལ་རིགས་ལམ་རྟགས་གསལ་དང་ཡུལ་ལུང་ཁག་གི་གཞས་སྣ་ཁག་ཅིག་བཅས་གཟིགས་འབུལ་ཞུས་ཡོད་པ་རེད། རྩ་བའི་ཐེངས་འདིའི་མགོན་པོ་མཆོག་གི་ཆིབས་བསྒྱུར་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པ་དཀྱིལ་ཁང་རིན་པོ་ཆེ་མཆོག་གིས་གསུངས་པར་༸གོང་ས་མཆོག་ནས་ཁུལ་དེར་དེ་རིང་ཚེས་ ༡༠ ནས་ ༡༥ བར་ཉིན་གྲངས་ལྔའི་རིང་ཆོས་འབྲེལ་མཛད་འཆར་ཡོད་པ་གསུངས་སོང་། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནུབ་ར་ཁུལ་དུ་ཆིབས་བསྒྱུར་མཐའ་མ་དེ་ཕྱི་ལོ་ ༢༠༡༠ ལོར་མཛད་འདུག་པ་དང། ད་རེས་མགོན་པོ་མཆོག་ནུབ་ར་ས་གནས་སུ་ཆིབས་བསྒྱུར་མཛད་པ་ཐེངས་ ༦ ཆགས་ཀྱི་ཡོད་པ་རེད།

༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་སོག་པོའི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་གནང་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་སོག་པོ་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་སྐུ་ཞབས་ Khaltmaa Battulga མཆོག་ལ་རྒྱལ་ཁ་ཐོབ་ནས་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་སང་ཚེས་ ༩ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་སླེ་ནས་སྐུ་ཞབས་ Khaltmaa Battulga མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ། སོག་པོའི་མི་མང་རྣམས་ནས་ནང་པ་སངང་རྒྱས་པའི་ཆོས་ལ་དོ་དབྱིངས་དང་སྤྲོ་སེམས་ཆེན་པོས་སློབ་གཉེར་གནང་པར་བསྔགས་བརྗོད་མཛད་པ་དང་འབྲེལ། ཡུལ་དེའི་མང་ཚོགས་ནས་ཆོས་ལ་དབང་རྟུལ་དད་པའི་རྗེས་འབྲང་ལྟར་མིན་པར་དུས་རབས་ཉེར་གཅིག་དང་མཐུན་པའི་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཐོག་སྐྱོད་བཞིན་ཡོད་པ་གསུངས་འདུག དེ་བཞིན་༸གོང་ས་མཆོག་གིས་༸གོང་ས་༸སྐུ་ཕྲེང་གསུམ་པ་བསོད་སནམས་རྒྱ་མཚོའི་༸སྐུ་དུས་ནས་བོད་སོག་དབར་ཐུན་མིན་གྱི་འབྲེལ་བ་དམ་ཟབ་ཡོད་པ་དྲན་གསོ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་སོག་ཡུལ་དུ་ཐེངས་འགའ་ཕེབས་མྱོང་ཡོད་སྐོར་གསུངས་པ་དང་སྦྲགས་ཏེ་སོག་པོའི་མི་རིགས་ངོ་བོ་དང་རིག་གཞུང་། ཆོས་ཕྱོགས་དང་འབྲེལ་བའི་མི་ཚེ་དེ་དག་ནི་ནང་ཆོས་ལ་བརྟེན་པ་ཞིག་ཆགས་ཡོད་པ་རེད་ཅེས་བཀའ་སྩལ་འདུག ལྷག་དོན་སངས་རྒྱས་ཀྱི་ཆོས་འདིས་འགྲོ་བ་མིའི་གཞི་རྩའི་རིན་ཐང་ལྡན་པའི་བྱམས་པ་དང་འཚེ་མེད་ཞི་བ་ཡོང་བར་ཕན་ནུས་རླབས་ཆེན་ཡོད་པ་དང་འདི་བཞིན་གང་ཟག་སྒར་གྱི་ཡིད་དད་ལ་འགལ་མེད་ཆགས་ཡོད་པ་བཀའ་བསྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་བདམས་ཐོན་སྲིད་འཛིན་མཆོག་གིས་སྣེ་ཁྲིད་གཞུང་གི་ངོས་ནས་སངས་རྒྱས་པའི་ཆོས་དང་དེའི་རིན་ཐང་ཁག་མུ་མཐུད་རྒྱུན་འཛིན་གནང་རྒྱུར་ཐུགས་རེ་ཡོད་ཅེས་བཀའ་ཡོད་པ་རེད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་བདམས་ཐོན་སྲིད་འཛིན་མཆོག་གིས་སྣེ་ཁྲིད་འོག་སོག་ཡུལ་ནང་གི་མ་འོངས་པའི་ལས་དོན་རྣམས་ལམ་ལྷོངང་ཡོང་བ་དང་འདི་བཞིན་མི་མང་གི་མངོན་འདོད་མཐའ་དག་ལེགས་གྲུབ་ཐུབ་པར་ཐུགས་རེ་ཡོད་ཅེས་བཀའ་བསྩལ་འདུག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་སྐུ་ཞབས་ Khaltmaa Battulga མཆོག་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་སྦྲགས། ཐེངས་འདིའི་འོས་བསྡུའི་ཁྲོད་ཁོང་ལ་འོས་གྲངས་བརྒྱ་ཆ་ནས་བརྒྱ་ཆ་ ༥༠་༦ ཐོབ་ཐོག་ཡུལ་དེའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་ཡོད་པ་གསུངས་འདུག སྲིད་སྐྱོང་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་སོག་པོའི་སྲིད་འཛིན་གསར་པར་བདམས་ཐོན་བྱུང་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། བོད་སོག་གཉིས་པོ་ནི་ལོ་ངོ་བརྒྱ་ཕྲག་རིང་ནས་ཆོས་དང་རིག་གཞུང་། ལོ་རྒྱུས་གང་གི་ཆ་ནས་འབྲེལ་བ་དམ་ཟབ་ཡོད་པ་དེས་ཕྱོགས་གཉིས་ལ་དགེ་མཚན་ཧ་ཅང་བྱུང་ཡོད་ཅེས་གསུངས་འདུག སྲིང་སྐྱོང་མཆོག་གིས་ད་དུང་སོག་པོའི་ཡུལ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་གདན་ཞུ་གནང་པར་སྙིང་ཐག་པ་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་དང་། ༸གོང་ས་མཆོག་སོག་ཡུལ་དུ་གདན་ཞུ་ཐུབ་པ་དེས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་སོག་པོའི་གཞུང་མང་གཉིས་དབར་ཆོས་ཕྱོགས་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་པ་དེ་དག་བསྐྱར་དུ་གསལ་བཏོན་གནང་ཐུབ་ཡོད་ཅེས་གསུངས་འདུག མཐར་ཁོང་གིས་སྐུ་ཉིད་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བ་དང་འདི་བཞིན་སོག་པོའི་མི་མང་ཚོར་བཀྲིས་པའི་དུས་གསར་ཞིག་འཆར་རྒྱུའི་རེ་བ་ཡོད་ཅེས་དང་། སྐུ་ཞབས་ Khaltmaa Battulga མཆོག་ནས་དབུ་ཁྲིད་པའི་བོད་སོག་གཉིས་ལོ་རྒྱུས་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་པ་ལྟར་དམ་འཛིན་གྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་ཡོང་བར་ཆབ་སྲིད་ཀྱི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

༸གོང་ས་མཆོག་གིས་༸སྐུའི་འཁྲུངས་སྐར་ལ་ཤིས་སྨོན་དང་འཚམས་འདྲི་ཞུས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་གསུངས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཛམ་གླིང་ས་ཕྱོགས་གང་ས་ནས་ཤིས་སྨོན་དང་འཚམས་འདྲི་ཞུས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། གཞན་ལ་ཕན་ཐོགས་གང་ནུས་བྱ་རྒྱུ་དང་། ཅི་སྟེ་ཕན་ཐོགས་མ་ནུས་ཀྱང་གནོད་པ་མ་བྱེད་རོགས་ཞེས་བཀའ་སྩལ་མཛད་འདུག དེའང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་སྤེལ་བའི་གསུང་འཕྲིན་ཞིག་གི་ནང། ༸གོང་ས་མཆོག་གིས་ཁྱེད་ཅག་ཕལ་མོ་ཆེས་ཤེས་གསལ་ལ་ངོས་ཀྱི་མི་ཚེར་ལམ་སྟོན་བྱེད་མཁན་གཡོལ་ཐབས་མེད་པའི་འགན་ཁུར་གསུམ་པོ་དེ་དག་ཡིན། དང་པོ། བྱམས་བརྩེ་ལྡན་པའི་འཛམ་གླིང་བསྐྲུན་ཐབས། གཉིས་པ། ཆོས་ལུགས་ནང་ཕན་ཚུན་དབར་མཐུན་འབྲེལ་གོང་འཕེལ། གསུམ་པ། འཚེ་མེད་ཞི་བདེ་ལྡན་པའི་བོད་ཀྱི་ནང་པའི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དང་སྒྲགས་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་བཅས་ཡིན་ཞེས་དང། བོད་མཐོ་སྒང་གི་ས་ཁུལ་དེ་ནི་གཤམ་འོག་རྒྱལ་ཁབ་ཁག་གི་གཙང་ཆུའི་འབྱུང་ཁུངས་གཙོ་བོ་ཡིན་ཞིང་། བོད་མཐོ་སྒང་ནང་རྒྱུག་བཞིན་པའི་རྒྱུག་ཆུ་དེ་དག་གི་ཐོག་ལ་མང་ཚོགས་ཐེར་འབུམ་མང་པོའི་འཚོ་རྟེན་ཆགས་ཡོད་ཅེས་བཀའ་ནན་བསྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་རྒྱ་གར་གྱི་ལོ་རྒྱུས་ལྡན་པའི་དཔལ་ན་ལེནྡྲ་ནས་བརྒྱུད་པ་ཞིག་ཆགས་ཡོད་པ་དང་། དེའང་ཡིད་ཆེས་འཕེལ་བའི་གཏན་ཚིགས་རིག་པའི་རྒྱབ་རྟེན་ཡོད་པ་གང་ཞིག་ཚན་རིག་དང་དཔུང་གཤིབ་འགྲོ་ཐུབ་པ་མ་ཟད། དེང་དུས་དང་འཚམ་པའི་ཀླད་པའི་རྣམ་གཞག་དང་སེམས་ཁམས་རིག་པའི་ཤེས་བྱ་གཏིང་ཟབ་ཡོད་པ་ཞིག་རེད་ཅེས་བཀའ་སྩལ་འདུག ༸གོང་ས་མཆོག་གིས་ད་དུང་གནད་དོན་དེ་དག་གསུམ་པོ་དེ་དག་ནི་འགྱུར་བ་མེད་པའི་ཐུགས་བསྐྱེད་དམ་བཅའ་ཞིག་ཡིན་པས་བརྩེ་ལྡན་སྤུན་ཟླ་ཕོ་མོ་ཡོངས་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྩེ་སེམས་དང་གུས་བརྩི་གནང་ཚེ་དེ་དག་ལག་བསྟར་ཡོང་བ་གནང་རོགས་ཞེས་སྐུལ་མ་མཛད་པ་མ་ཟད། མདོར་ན། ལྷག་བསམ་བཟང་པོས་ཕན་ཚུན་བརྩེ་གདུང་གིས་གཞན་གྱི་བདེ་དོན་ལ་ཐུགས་སྣང་ཆེར་བསྐྱེད་ཀྱིས་གཞན་ལ་ཕན་ཐོགས་གང་ནུས་བྱ་རྒྱུ་དང་། ཅི་སྟེ་ཕན་ཐོགས་མ་ནུས་ཀྱང་གནོད་པ་མ་བྱེད་རོགས་ཞེས་ལམ་སྟོན་མཛད་འདུག  

བྱམས་པ་དང་བརྩེ་བས་འགྲོ་བ་མི་ཕན་ཚུན་དབར་ལ་འཆམ་མཐུན་སྐྲུན་གྱི་རེད་ཅེས་བཀའ་བསྩལ་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་ལ་དྭགས་ཁུལ་དུ་བཞུགས་ཞག་གིས་མཛད་འཕྲིན་སྐྱོང་བཞིན་ཡོད་པ་དང་། དེ་རིང་ཟླ་ ༧ ཚེས་ ༨ ཉིན་མགོན་པོ་མཆོག་གིས་ལ་དྭགས་སླེ་ཁུལ་གྱི་གཞུང་སྒེར་སློབ་གྲྭ་ཁག་གི་སློབ་མ་དང་དགེ་ལས་ཚོར་བླང་དོར་གྱི་བཀའ་སློབ་སྩལ་བ་དང་འབྲེལ། བྱམས་པ་དང་བརྩེ་བས་འགྲོ་བ་མི་ཕན་ཚུན་དབར་ལ་འཆམ་མཐུན་སྐྲུན་གྱི་རེད་ཅེས་བཀའ་བསྩལ་སོང་། ལ་དྭགས་སླེ་རུ་རྟེན་གཞི་བྱས་པའི་ལ་དྭགས་མི་མང་སློབ་གྲྭ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར།མགོན་པོ་མཆོག་གིས་འདི་ཁུལ་གྱི་གཞུང་སྒེར་སློབ་གྲྭ་ཁག་བཅུ་ལྷག་གི་སློབ་མ་ཚོར་བཀའ་སློབ་བཀྲིན་བསྩལ་གནང་སོང་། སྐབས་དེར་༸གོང་ས་མཆོག་གིས་ད་བར་འདས་པའི་ལོ་ངོ་ ༥༥ འདིའི་ནང་དུ་ལ་དྭགས་ཁྱོན་ཡོངས་སུ་ཡར་རྒྱས་ཧ་ཅང་ཕྱིན་འདུག་པ་དང་། ལྷག་པར་དུ་ཤེས་ཡོན་ཐོག་ཡར་རྒྱས་ཤུགས་ཆེ་འགྲོ་ཡོད་པ་གཟིགས་ཚུལ་བྱུང་བར་ཡི་རང་བསྔགས་བརྗོད་མཛད་པ་དང་འབྲེལ། ད་ལྟའི་དུས་རབས་ ༢༡ པའི་འཛམ་གླིང་འདིའི་ནང་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དང་། དེ་བཞིན་འགྲོ་བ་མིའི་བྱ་སྤྱོད་འདྲ་མིན་རྐྱེན་པས་ཁོར་ཡུག་གཏོར་སྐྱོན་དང་གོ་ལའི་ཚ་དྲོད་རྒྱས་པ་བཅས་ཀྱི་འགྱུར་གྲོས་འོག་འགྲོ་བ་མིའི་རྒྱུད་ལ་དཀའ་ངལ་ཆེ་རུ་འགྲོ་རྒྱུའི་ཉེན་འཚབ་ཆེན་པོ་ཞིག་ཡོད་སྟབས། ངལ་བ་དེ་དག་སེལ་རྒྱུའི་འགན་དང་རེ་བ་བྱེད་སའི་གཞི་རྩ་དེ་གཞོན་སྐྱེས་ཚོ་ཆགས་ཡོད་ཅེས་བཀའ་བསྩལ་སོང་། དེ་བཞིན་མགོན་པོ་མཆོག་གིས་མ་འོངས་པའི་འཛམ་གླིང་གྱི་མདུན་ལམ་དེ་གཞོན་སྐྱེས་ཚོའི་ལག་ཏུ་ཡོད་པས་ཁྱེད་ཚོས་རྒྱུན་ལྡན་གྱི་འཚོ་བ་འགྲིག་ཡོད་པ་དེར་འདོད་བློ་ཁེངས་ནས་མི་བསྡད་པར་འཛམ་གླིང་སྤྱི་ལ་ཞི་བདེ་དང་བདེ་སྐྱིད་ལྡན་པའི་ཁོར་ཡུག་སྐྲུན་རྒྱུར་འབད་བརྩོན་དང་བསམ་བློ་གཏོང་དགོས་ཞེས་བཀའ་བསྩལ་བ་མ་ཟད། ལྷག་དོན་འགྲོ་བ་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེ་ཡིན་སྟབས་འགྲོ་བ་མིའི་རྣམས་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པའི་ཆ་ནས་བྱམས་པ་དང་བརྩེ་བ་ནི་དགོས་ངེས་ཤིག་ཆགས་ཡོད།  དེའང་བྱམས་པ་དང་བརྩེ་བས་འགྲོ་བ་མི་ཕན་ཚུན་དབར་ལ་འཆམ་མཐུན་སྐྲུན་གྱི་རེད་ཅེས་བཀའ་ནན་བསྩལ་ཡོད་པ་རེད། མགོན་པོ་མཆོག་གིས་འགྲོ་བ་མི་ཚང་མའི་རྒྱུད་ལ་ཡོད་བསྡད་པའི་བྱམས་བརྩེའི་རང་བཞིན་བཟང་པོ་འདི་ལ་དྭགས་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་མ་ཚོར་རྒྱུས་སྤྲོད་བྱ་རྒྱུ་དེ་ཆོས་ཕྱོགས་ཁོ་ནའི་ཐོག་ནས་སློབ་ཁྲིད་གནང་མི་དགོས་པར་ཆོས་ལུགས་ལ་མ་བརྟེན་པའི་ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱ་དེ་ཤེས་ཡོན་སློབ་གསོའི་ངོ་བོ་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་དུས་ལ་བབ་འདུག་ཅེས་བཀའ་བསྩལ་བ་དང་། དེ་འདྲ་ཞིག་བྱུང་བ་ཡིན་ན་བྱམས་བརྩེའི་རང་བཞིན་དེ་བརྒྱུད་ནས་དོན་དངོས་ཐོག་རང་ཉིད་དང་ཉེ་བའི་གྲོགས་པོ་དང་ནང་མི། དེ་བཞིན་སྤྱི་ཚོགས། མཐར་འགྲོ་བ་མིའི་སྤྱི་ཚོགས་ཁྱོན་ལ་བདེ་སྐྱིད་ལྡན་པའི་ཁོར་ཡུག་ཞིག་སྐྲུན་རྒྱུར་ཕན་ཐོགས་ཡོང་གི་རེད་ཅེས་བཀའ་བསྩལ་ཡོད། གཞན་ཡང་༸གོང་ས་མཆོག་གིས་ལ་དྭགས་པ་ཚོ་ནི་འཛམ་གླིང་འདིའི་འགྲོ་བ་མིའི་ཆ་ཤས་ཤིག་དང་ལྷག་པར་དུ་རྒྱ་གར་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་སྟབས། རང་ཉིད་ཀྱི་ས་གནས་གཅིག་པོའི་བདེ་དོན་ཐོག་བསམ་བཏང་པ་མིན་པར་འགྲོ་བ་མིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བདེ་དོན་ལ་བསམ་བློ་གཏོང་རྒྱུ་ནི་གལ་ཆེན་པོ་ཡིན་པ་མ་ཟད། ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་འཚེ་མེད་ཞི་བ་དང་སེམས་ཁམས་རིག་པའི་ལྟ་གྲུབ་དང་འབྲེལ་རིག་གཞུང་ཕྱུག་པོ་ཡོད་པ་དེ་དག་ཐོག་དོན་གཉེར་བྱེད་དགོས་པ་དང་། དེ་ལྟར་བྱུང་ཚེ་ཐོུང་མ་ཡིན་པའི་ཤེས་བྱ་ཡོན་ཏན་དེ་དག་བརྒྱུད་ནས་སྤྱི་ཚོགས་ལ་ཞབས་འདེགས་རླབས་ཆེན་ཞིག་ཞུ་ཐུབ་ཀྱི་རེད་ཅེས་སོགས་བཀའ་བསྩལ་སོང་། མགོན་པོ་མཆོག་ནས་བཀའ་སློབ་བསྩལ་རྒྱུའི་ལས་རིམ་ལེགས་གྲུབ་ཟིན་རྗེས་སློབ་མ་ཁག་ཅིག་ནས་བཟོད་པ་ཉམས་ལེན་བྱེད་ཕྱོགས་གཙོས་པའི་ལ་དྭགས་ཁུལ་དུ་རིགས་རུས་དབྱེ་འབྱེད་ཀྱི་དཀའ་ངལ་སོགས་ལ་དགོངས་ཚུལ་ཇི་ཡོད་ཀྱི་ལམ་སྟོན་ཞུས་པར་མགོན་པོ་མཆོག་གིས་སྤྱི་ཚོགས་ཁྲོད་དུ་རིགས་རུས་ཀྱི་དཀའ་ངལ་འཕྲད་བཞིན་པ་དེ་དག་ཕྱོགས་གཅིག་ནས་ཆོས་ཕྱོགས་ཀྱི་ལྟ་གྲུབ་ཁག་ལ་ཡང་དག་པའི་སློབ་གཉེར་མེད་རྐྱེན་ཡིན་པ་དང་། ཡང་ཕྱོགས་གཞན་ཞིག་ནས་གྲལ་རིམ་རིང་ལུགས་ཀྱི་ལྟ་བ་ལས་བྱུང་གི་ཡོད་པ་རེད། གནས་སྟངས་དེ་རིགས་ལ་བློ་ཕམ་བྱ་དགོས་པ་ཞིག་ཡིན་པས་མགོན་པོ་མཆོག་གི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་ཁྲོད་དུ་དེ་རིགས་ཉུང་དུ་གཏོང་རྒྱུར་འབད་བསྩོན་གནང་བཞིན་ཡོད་པ་མ་ཟད། རིགས་རུས་དམན་པའི་མི་སྣ་དེ་དག་སྤྱི་ཚོགས་ནང་ཡར་ཐོན་རྒྱུར་སྐུལ་ལྕག་གནང་གི་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། མཛད་འཆར་ལྟར་ན། ཕྱི་ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་ཕེབས་ཐོན་གྱིས་ནུབ་ར་དང་ཟངས་དཀར་ཁུལ་དུ་མཛད་འཆར་བསྐྱང་རྒྱུ་ཡིན་པ་རེད།

༸གོང་ས་མཆོག་ནི་དུས་རབས་ ༢༡ འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་ཡོང་ཐབས་གནང་མཁན་འཛམ་གླིང་ཁྲོད་ཀྱི་རླབས་ཆེན་དབུ་ཁྲིད་ཅིག་རེད།

དེ་རིང་ཟླ་ ༧  ཚེས་ ༦ ཉིན་སྔ་དྲོ་བོད་མིའི་གཞིས་སྒར་ལྡི་ལི་བསམ་ཡས་གླིང་དུ་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་གཙོས་པའི་ས་གནས་རྒྱ་གར་གྱི་གྲོས་ཚོགས་ཚོོགས་མི་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཀྱི་ཚོགས་མི་ཁག་གཅིག དེ་བཞིན་ས་གནས་ཀྱི་འབྲེལ་ཡོད་ཉེན་རྟོག་སྐོར་སྲུང་བའི་དཔོན་པོ་དང་བོད་མི་བཅས་ཁྱོན་མི་གྲངས་  ༥༠༠  བརྒལ་བ་འདུ་འཛོམས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་གུང་གྲངས་ ༨༢ ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་སོང་། བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་སློབ་གྲྭར་མཛད་སྒོའི་ཐོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་གྲོས་ཚོགས་ཚོགས་མི་ཟུར་པ་སྐུ་ཞབས་ RK Khirmey མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ས་ཡ་དྲུག་ཁོ་ནའི་དབུ་ཁྲིད་ཙམ་མིན་པར་མགོན་པོ་༸གང་ཉིད་མཆོག་ནི་ད་ལྟའི་དུས་རབས་འདིའི་ནང་ཞི་བདེའི་སྐྱབས་ཡུལ་ཞུ་ས་འཛམ་གླིང་ཐོག་གི་རླབས་ཆེན་དབུ་ཁྲིད་ཅིག་རེད་ཅེས་གསུང་པ་མ་ཟད།  མགོན་པོ་༸གང་ཉིད་མཆོག་གི་རླབས་ཆེའི་མཛད་འཕྲིན་ཁག་ཅིག་མང་ཚོགས་ལ་ངོ་སྤྲོད་གནང་པ་དང་འབྲེལ། མགོན་པོ་ནི་མ་འོངས་པའི་དུས་རབས་ ༢༡ འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་ཡོངས་ཐབས་གནང་མཁན་འཛམ་གླིང་ཁྱོན་ཡོངས་ནས་དད་གུས་དང་བརྩི་བཀུར་ཞུ་སའི་རླབས་ཆེན་དབུ་ཁྲིད་ཅིག་དང་། ལྷག་པར་དུ་༸གོང་ས་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཞུ་རྒྱུ་དེ་ང་ཚོ་འགྲོ་བ་ཡོངས་ཀྱི་ལས་འགན་ཡིན་ཞེས་སོགས་གསུངས་སོང་། ལྡི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱང་གནང་པ་དང་འབྲེལ་མཛད་སྒོའི་ཐོག་ཕེབས་པའི་རྒྱ་གར་གྱི་སྐུ་མགྲོན་རྣམ་པར་འཚམས་འདྲི་སོགས་གནང་ཡོད་པ་མ་ཟད།  སྐབས་དེར་མཛད་སྒོའི་ཐོག་ཕེབས་པའི་ས་གནས་ཀྱི་རྒྱ་གར་གྲོས་ཚོགས་ཚོགས་མི་ལྕམ་སྐུ་ Alka Lamba མཆོག་ནས་གཞི་རྩའི་དེ་རིང་གི་འཁྲུངས་སྐར་གྱི་མཛད་སྒོར་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Arvind Kejrewal མཆོག་ཕེབས་རྒྱུའི་ཐུགས་གཏན་འཁེལ་ཡོད་ཀྱང་། སྐབས་མཚམས་སུ་རྫ་དྲག་གི་ལས་རིམ་གཞན་ཞིག་ལ་མ་ཕེབས་ཐབས་མེད་བྱུང་སྐོར་ངོ་སྤྲོད་དང་འབྲེལ། ཉེ་ཆར་གསར་འགྱུར་ཁག་ཅིག་གི་ནང་༸གོང་ས་མཆོག་ལ་འབྲས་ནད་ཕྲན་བུ་ཡོད་པའི་གནས་ཚུལ་ཐོན་པ་པས་ང་ཚོ་བློ་ཚབས་ཧ་ཅང་ཆེན་པོ་བྱུང་སོང་། རྗེས་སུ་ཨ་རི་མཱ་ཡོ་སྨན་ཁང་ནས་མགོན་པོ་མཆོག་ལ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་སྐབས་སྐུ་ངལ་རྩ་བ་ནས་མེད་པའི་གཏམ་བཟང་ཐོས་པ་དེས་ང་ཚོ་ཚང་མ་བློ་ཧ་ཅང་བདེ་པོ་བྱུང་ཞེས་གསུང་པ་དང་ཆབས་ཅིག་ཏུ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཡང་ཞུས་ཡོད་པ་རེད། དེ་རྗེས་མཛད་སྒོའི་ཐོག་ས་གནས་ཀྱི་ཚོགས་པ་སྐྱིད་སྡུག་ཁག་ནས་དགའ་སྟོན་གྱི་གཞས་སྣ་འདྲ་མིན་ཞིག་གཟིགས་འབུལ་ཞུས་པ་མ་ཟད། དེ་རིང་ནས་བཟུང་ལྡི་ལི་བོད་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་ཞིག་ཕྱི་ཚེས་  ༢༡ བར་གནང་གི་ཡོད་པ་དང་། ལྷག་པར་དུ་དེ་རིང་ཕྱི་དྲོ་ལྡི་ལི་དོན་གཅོད་ཀྱི་ངོས་ནས་རྒྱལ་ས་ལྡི་ལིར་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་སོགས་འབྲེལ་ཡོད་ཀྱི་དཔོན་རིགས་རྣམས་ལ་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་གསོལ་སྟོན་འདེགས་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་རིམ་ཡང་ཡོད་པ་རེད།

Latest news