Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཁག་གིས་༸གོང་ས་མཆོག་སོག་ཡུལ་དུ་གདན་ཞུས་ཐུབ་པར་སོག་ཡུལ་གཞུང་ལ་བསྔགས་བརྗོད་ཞུས་འདུག

རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་འབྲེལ་མཐུད་ཚོགས་པས་སོག་པོའི་གཞུང་གིས་༸གོང་ས་མཆོག་སོག་ཡུལ་དུ་ཆིབས་སྒྱུར་བསྐྱང་ཆེད་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་ལྟོས་པར་མཐུན་འགྱུར་ཞུས་པར་བསྔགས་བརྗོད་ཞུས་འདུག དེ་ཡང་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་འབྲེལ་མཐུད་ཚོགས་པས་ཁ་སང་བསྒྲགས་གཏམ་ཞིག་སྤེལ་འདུག་པའི་ནང་། ༸གོང་ས་མཆོག་ཉེ་ཆར་སོག་ཡུལ་ནང་དུ་ཆིབས་བསྒྱུར་གྱིས་ཁུལ་དེའི་སོག་པོ་ནང་པ་ཚོར་གསུང་ཆོས་བསྩལ་ཐུབ་པར་སོག་ཡུལ་གཞུང་ལ་བསྔགས་བརྗོད་ཞུས་པ་དང་སྦྲགས། ལྷག་དོན་དུ་རྒྱ་གཞུང་གིས་དགག་བྱེད་པར་ལྟོས་མེད་སོག་ཡུལ་གཞུང་ནས་རྒྱལ་ཁབ་ཀྱི་རིན་ཐང་ལ་བརྩི་བཀུར་ཞུས་ཏེ་མགོན་པོ་མཆོག་ཡུལ་དེར་གདན་ཞུས་གནང་པ་ལྟར། སོག་པོའི་གཞུང་མིག་དཔེར་བཟུང་ནས་ནང་པའི་རྒྱལ་ཁབ་གཞན་ཚོས་ཀྱང་༸གོང་ས་མཆོག་གདན་འདྲེན་ཞུ་ཐབས་གནང་དགོས་པའི་འབོད་སྐུལ་གནང་འདུག དེ་བཞིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ Lisa Singh ལགས་ནས་ཀྱང་རང་གི་ Twitter དྲ་གནས་ཐོག་ ཉེ་ཆར་སོག་པོའི་སྲིད་གཞུང་གིས་མགོན་པོ་མཆོག་སོག་ཡུལ་དུ་གདན་ཞུས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པར་དགའ་བསུ་དང་གཞུང་དེ་ཉིད་ཀྱི་ལངས་ཕྱོགས་བརྟན་པོར་འཛིན་པར་བསྔགས་བརྗོད་ཀྱང་ཞུས་འདུག གཞན་ཡང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་རྒྱའི་ཐོག་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ནས་ཀྱང་ཉེ་ཆར་སོག་ཡུལ་དུ་༸གོང་ས་མཆོག་གིས་མཛད་འཕྲིན་བསྐྱངས་པ་འདི་གལ་གནད་ཆེན་པོ་ཆགས་ཡོད་སྐོར་ལ་དཔྱད་རྩོམ་ཞིག་སྤེལ་འདུག་པ་དང་། དེའི་ནང་ ༸གོང་ས་མཆོག་དེ་སྔ་ ༡༩༥༩ ནས་བཟུང་བོད་མི་ཁོ་ནའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་ནའང་། ད་ཆ་རྒྱུན་སྲོལ་གྱི་བསམ་བློ་དེ་རིམ་བཞིན་འགྱུར་བ་ཕྱིན་ནས་མགོན་པོ་མཆོག་ལ་དད་གུས་བྱེད་མཁན་ཤར་ཕྱོགས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཙམ་མིན་པར་རྒྱལ་སྤྱིའི་ཡུལ་གྲུ་གང་ས་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་སོགས་གསལ་བཏོན་གནང་འདུག དཔྱད་རྩོམ་དེའི་ནང་ཁོང་གིས་ད་དུང་སོག་ཡུལ་ལྟར་བུར་ཆ་མཚོན་ན་ལོ་རྒྱུས་ཀྱི་ཐོག་ནས་སོག་ཡུལ་མི་མང་དང་༸གོང་ས་མཆོག་གི་དབར་ལ་ཐུན་མིན་གྱི་འབྲེལ་བ་གཏིང་ཟབ་ཡོད་ཅིང་། དེ་མཚུངས་སོག་ཡུལ་མི་མང་ཁྲོད་ནས་མང་ཆེ་བ་ནང་ཆོས་ཀྱི་རྗེས་འཇུག་པ་ཞིག་ཡིན་སྟབས། ད་ལན་གྱི་ཆིབས་བསྒྱུར་སྐབས་མང་ཚོགས་ཀྱིས་༸གང་ཉིད་མཆོག་ལ་དད་གུས་ཀྱི་རྣམ་པ་མངོན་གསལ་གནང་ཐོག་གནམ་གཤིས་གྲང་ངར་ལ་མ་ལྟོས་པར་ས་ཐག་རིང་པོ་ནས་མགོན་པོ་མཆོག་གི་དྲུང་ནས་བཀའ་ཆོས་ཞུ་རྒྱུ་དང་ཞལ་མཇལ་ཐོབ་ཕྱིར་ཆེད་བཅར་ཞུས་ཡོད་སྐོར་སོགས་བཀོད་འདུག ལྷག་དོན་དུ་རྒྱ་ནག་གཞུང་ནས་དུས་ཡུན་རིང་པོར་༸གོང་ས་མཆོག་ལ་འགྲེལ་བརྗོད་ལོག་པ་བརྒྱབ་ཏེ། ༸སྐུ་ཉིད་མཆོག་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ལས་དཀའ་ངལ་བཟོ་གཞི་ཞིག་ལ་ངོས་འཛིན་གྱིས་དཔལ་འབྱོར་གྱི་སྟོབས་ཤུགས་ངོམ་པའི་ཐོག་ནས་མགོན་པོ་མཆོག་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་ཆིབས་བསྒྱུར་མཛད་རྒྱུར་བཀག་འགོག་བྱེད་བཞིན་ཡོད་སྟབས། འཛམ་གླིང་ཐོག་ཡོད་པའི་རྒྱལ་ཁབ་ཆེ་གྲས་གཞན་ཚོས་རྒྱ་གཞུང་གིས་གནོན་ཤུགས་ལ་མགོ་འགུར་ཡོད་པ་མངོན་གསལ་དང་སྦྲགས་ད་ལན་སོག་པའི་སྲིད་གཞུང་གིས་རྒྱ་གཞུང་གིས་གནོན་ཤུགས་འོག་ཏུ་མ་ཕྱིན་པ་དེས་དོན་དངོས་ཐོག་ཡུལ་དེའི་འགོ་ཁྲིད་རྣམ་པས་སོག་ཡུལ་རྒྱལ་ཁབ་ཀྱི་རྩ་འཛིན་དང་རིན་ཐང་ཁག་སྲུང་སྐྱོབ་བྱས་པ་ཞིག་མཚོན་གྱི་ཡོད་སྐོར་བརྗོད་འདུག ལར་ནས་བུ་ཆུང་ཚེ་རིང་ལགས་ཀྱིས་དཔྱད་རྩོམ་དེའི་བརྒྱུད་ད་ལན་སོག་ཡུལ་གྱི་སྙིང་སྟོབས་ལྡན་པའི་དམིགས་དཔེར་བཟང་པོ་དེ་རིམ་བཞིན་རྒྱལ་ཁབ་གཞན་ཚང་མའི་ནང་ལ་ཁྱབ་ཐུབ་པ་གནང་སྟེ་ནམ་ཞིག་རྒྱ་ནག་ནང་ལ་ཡོད་པའི་རྒྱ་རིགས་ནང་པ་ཚོའི་ངོས་ནས་ཀྱང་མགོན་པོ་མཆོག་གི་དྲུང་ནས་གསུང་ཆོས་ཞུ་ཕྱིར་རྒྱ་གཞུང་གི་གནོན་ཤུགས་འོག་མ་ཚུད་པར་བཀའ་ཆོས་ཞུ་ཐུབ་རྒྱུར་འབད་དགོས་གལ་ཡིན་པ་ནན་བརྗོད་གནང་འདུག  

༸གོང་ས་མཆོག་སོག་ཡུལ་ནང་གི་མཛད་འཆར་ལེགས་གྲུབ་ཀྱིས་ཉི་ཧོང་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་ནང་ཉིན་གྲངས་བཞིའི་རིང་བཀའ་ཆོས་དང་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ། དེ་བཞིན་ནང་པའི་ལྟ་གྲུབ་དང་ཚན་རིག་དབར་གྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་རིང་ཉི་ཧོང་དུ་ཉིན་རྒྱབ་ཚོུད་ ༢།༣༠ ཡོལ་ཙམ་ལ་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུག དེ་ཡང་༸གོང་ས་མཆོག་གིས་སོག་ཡུལ་ནང་གི་མཛད་འཆར་ཁག་ལེགས་གྲུབ་དང་བསྟུན་སླར་ཉི་ཧོང་དུ་ཆིབས་བསྒྱུར་མཛད་དོན་ནི་༸གང་ཉིད་མཆོག་གིས་ཟླ་འདིའི་ཚེས་ ༨ ནས་དབུ་འཛུགས་ཀྱིས་ཉིན་གྲངས་ ༡༩ རིང་ཉི་ཧོང་དུ་མཛད་འཕྲིན་རྒྱ་ཆེ་བསྐྱང་གཏན་འཁེལ་ཡང་། ཕྱི་ཚེས་ ༡༨ ཉིན་མགོན་པོ་མཆོག་གིས་ཉི་ཧོང་ནང་གི་མཛད་འཆར་ཁག་ཅིག་རེ་ཞིག་མཇུག་སྒྲིལ་མཛད་ནས་སོག་ཡུལ་དུ་ཆིབས་བསྒྱུར་མཛད་ཡོད་སྟབས། སླར་ཉི་ཧོང་ནང་གི་མཛད་འཕྲིན་ཁག་ཅིག་འཕྲོ་སྐྱོང་མཛད་ཕྱིར་སོག་ཡུལ་ནས་ཉི་ཧོང་དུ་ཆིབས་བསྒྱུར་མཛད་པ་ཞིག་ཡིན་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་སང་ཚེས་ ༢༤ ཉིན་སྔ་དྲོ་ཉི་ཧོང་གི་གྲོང་ཁྱེར་ Khanazawa ཕྱོགས་སུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་རེད། དེའང་ཁུལ་དེར་བོད་དོན་རྒྱབ་སྐྱོར་ཚོགས་པས་གདན་ཞུ་ཕུལ་དོན་ལྟར་སྐུ་ངལ་གསོ་བཞུགས་མཛད་རྒྱུ་དང་། ཚེས་ ༢༥ ཉིན་རྒྱབ་ཁུལ་དེའི་ཆོས་ཞུ་བ་ཁག་ཅིག་ལ་བཀའ་ཆོས་བསྩལ་རྒྱུ་མ་ཟད། དེ་རྗེས་ཚེས་ ༢༦ ཉིན་ཉི་ཧོང་གི་གྲོང་ཁྱེར་ Sayitama ནང་དུ་རྟེན་གཞི་བྱས་པའི་སྨན་ཁང་ཞིག་ཏུ་ཆིབས་བསྒྱུར་གྱིས་སྨན་ཁང་གི་འགན་འཛིན་དང་འབྲེལ་ཡོད་རྣམ་པར་འཚམས་འདྲི་ཞུ་རྒྱུ་དང་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གཏན་འཁེལ་འདུག ༸གོང་ས་མཆོག་གིས་སོག་ཡུལ་ནང་གི་གསར་འགོད་པའི་བཀའ་འདྲི་དང་ལེན་མཛད་པ་དང་སྦྲགས་མགོན་པོ་མཆོག་གིས་ད་ལན་སོག་ཡུལ་དུ་དུས་ཡུན་ཐུང་ངུ་འདིའི་ནང་མཛད་འཆར་ཁག་དོན་སྙིང་ལྡན་པ་ཞིག་བྱུང་སོང་ཞེས་བཀའ་བསྩལ་གནང་པ་དང་འབྲེལ། མགོན་པོ་མཆོག་གིས་ཁལ་ཁ་རྗེ་བཙུན་དམ་པ་མཆོག་ནི་ལོ་རྒྱུས་ཀྱི་ཐོག་ནས་བོད་དང་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་དབར་ཐུན་མིན་གྱི་འབྲེལ་བ་གཏིང་ཟབ་ཞིག་ཡོད་པ་དང་༸གང་ཉིད་མཆོག་དང་ཆེས་མཛའ་བའི་གྲོགས་པོ་ཡིན་་སྟབས། མགོན་པོ་༸གང་ཉིད་མཆོག་གིས་རིན་པོ་ཆེ་སྐུ་ཐོག་གོང་མར་སོག་ཡུལ་རང་དུ་ཡང་སྤྲུལ་འཁྲུངས་དགོས་གལ་ཡིན་པ་བཀའ་བསྩལ་དོན་ལྟར། ཡང་སྤྲུལ་འདི་ནི་འཁྲུལ་བྲལ་ཞིག་ཡིན་པ་བཀའ་བསྩལ་འདུག ལྷག་དོན་༸གོང་ས་མཆོག་གིས་ད་ཆ་ཡང་སྤྲུལ་ལོ་ན་ཆུང་ཆུང་ཡིན་པས་སློབ་གཉེར་གནང་བཅུག་ནས་རིམ་པའི་དགུང་ལོ་གསུམ་བཞི་ལ་ཕེབས་སྐབས་ཡང་སྤྲུལ་ཡོངས་བསྒྲགས་གནང་ན་འགྲིག་སྐོར་ལམ་སྟོན་མཛད་འདུག དེ་རྗེས་ ༸གོང་ས་མཆོག་ལ་མ་འོངས་པར་སོག་ཡུལ་དུ་དུས་དབང་བསྩལ་རྒྱུ་ཐད་བཀའ་འདྲི་ཞུས་པར་བཀའ་ལན་དུ་མགོན་པོ་མཆོག་གིས་དེའི་ཐོག་མ་འོངས་པར་དགོངས་བཞེས་གནང་རྒྱུ་ཡིན་པ་དང་གལ་ཏེ་ཐུགས་གཏན་འཁེལ་ཚེ་དབྱར་དུས་སུ་གནང་ཐུབ་ན་ལེགས་ཚུལ་གྱི་བཀའ་སྩལ་ཡོད་པ་རེད། གཞན་ཡང་༸གོང་ས་མཆོག་ལ་གསར་འགོད་པས་༸སྐུ་ཉིད་ད་རེས་སོག་ཡུལ་ནང་ཆིབས་བསྒྱུར་མཛད་པར་རྒྱ་གཞུང་གིས་སྐྱོན་བརྗོད་ཐེངས་གཉིས་བྱས་ཡོད་པ་དེའི་ཐད་དགོངས་ཚུལ་ཇི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་རྒྱ་གཞུང་གི་བྱེད་སྟངས་དེ་ནི་རྒྱུན་ལྡན་ཞིག་ཡིན་པ་དང་། ༸སྐུ་ཉིད་ནང་པ་ཞིག་ཡིན་པའི་ཆ་ནས་ད་ལྟའི་ཆར་ཉི་ཧོང་དང་སོག་ཡུལ་གཉིས་མ་གཏོགས་ནང་པའི་རྒྱལ་ཁབ་གཞན་ཁག་ཏུ་ཕེབས་ཆོག་གི་མེད་པ་བཀའ་བསྩལ་བ་དང་སྦྲགས། རྒྱ་གཞུང་གིས་ངོས་རྒྱལ་ཁབ་ཁ་བྲལ་བ་ཞིག་ཡིན་པར་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་མི་དམངས་དང་རྒྱལ་སྤྱིའི་ཐོག་ནས་༸གང་ཉིད་རང་བཙན་རྩོད་ཀྱི་མེད་པར་ངོས་ལེན་ཞུ་བཞིན་ཡོད་སྐོར་དང་། མགོན་པོ་མཆོག་ནས་དུས་རྟག་ཏུ་ཕྱོགས་གཉིས་ཀར་ཕན་པ་ཞིག་ཡོང་བའི་ཐུགས་རེ་གནང་བཞིན་ཡོད་པ་བཀའ་གནང་འདུག

༸གོང་ས་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་དང་ཆོས་ཀྱི་བསླབ་བྱ་གཉིས་ཟུང་འབྲེལ་ཐོག་སོག་ཡུལ་དེ་དམིགས་དཔེ་འོས་པ་ཞིག་བཟོ་དགོས་པར་ལམ་སྟོན་མཛད་འདུག

དེ་རིང་ཟླ་ ༡༡ ཚེས་ ༢༢ ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་གྱི་རྒྱལ་ས་ ཨུ་ལཱན་བ་ཏར་ནང་དུ་རྟེན་གཞི་བྱས་པའི་སོག་ཡུལ་གྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་ཆེན་མོར་ཁུལ་དེའི་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་རྣམས་ལ་མཇལ་ཁ་དང་དུས་རབས་ ༢༡ པའི་ནང་པ་དང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བླང་དོར་བཀའ་སློབ་བསྩལ་འདུག སྐབས་དེར་༸གང་ཉིད་མཆོག་གིས་སློབ་མ་ཁག་ནས་བཀའ་འདྲི་ཞུས་པར་བཀའ་ལན་བསྩལ་བ་དང་སྦྲགས། སོག་པོའི་རྒྱལ་ཁབ་ནང་རིམ་བཞིན་དེང་དུས་ཀྱི་ཤེས་ཡོན་ཅན་མང་པོ་ཐོན་བཞིན་ཡོད་པ་མ་ཟད། རིག་གཞུང་གི་ཆ་ནས་དཔལ་ན་ལནྡྲའི་ཆོས་ཉམས་ལེན་གནང་མཁན་ཞིག་ཡིན་སྟབས། དཀའ་ངལ་ཕྲན་བུ་འཕྲད་པ་ལ་མ་ལྟོས་པར་ཤེས་ཡོན་དང་ཆོས་ཀྱི་བསླབ་བྱ་གཉིས་ཟུང་འབྲེལ་གྱིས་སོག་པོ་དེ་ཞི་བདེ་ལྡན་པའི་རྒྱལ་ཁབ་གཅིག་པོ་ཙམ་མིན་པར། ཁྱད་པར་དུ་རྒྱལ་སྤྱིའི་རྒྱལ་ཁབ་གཞན་ལ་དམིགས་དཔེ་འོས་པ་ཞིག་བཟོ་རྒྱུའི་ནུས་པ་ཆ་ཚང་ཡོད་པ་རེད་ཅེས་སོགས་བཀའ་ནན་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དངོས་གཞི་སྩལ་སྐབས་སུ་ཆེས་ཐོག་མར་མགོན་པོ་༸གང་ཉིད་མཆོག་གི་ཐུགས་སྐྱེས་དམ་བཅའ་གསུམ་པོའི་ངོ་སྤྲོད་དང་འབྲེལ། འདས་པའི་དུས་རབས་ནང་ལ་འཚེ་བའི་ལས་འདྲ་མིན་བྱུང་ཡོད་ཀྱང་། འདས་ཟིན་པའི་ལོ་རྒྱུས་ལ་ང་ཚོས་འགྱུར་བ་ཞིག་གཏོང་ཐབས་མེད་པར་བརྟེན་དུས་རབས་ ༢༡ པ་འདི་བཞིན་འཚེ་བ་མེད་ཅིང་བྱམས་བརྩེ་དང་ལྡན་པའི་དུས་རབས་ཤིག་བསྐྲུན་རྒྱུར་ང་ཚོ་ཚང་མ་ལ་ནུས་ཤིག་ཡོད་སྟབས། ང་ཚོ་དང་ཁྱད་པར་དུ་གཞོས་སྐྱེས་ཚོ་ལའང་འགན་འཁྲིད་དམིགས་བསལ་བ་ཞིག་ཡོད་སྐོར་བཀའ་བསྩལ་འདུག ད་དུང་༸གང་ཉིད་མཆོག་གིས་དེང་སྐབས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་དམག་འཁྲུག་སོགས་ཀྱི་རྐྱེན་པས་འགྲོ་བ་མི་ཕན་ཚུན་དབར་བསད་རེས་བྱེད་རྒྱུ་དེ་དག་རྒྱུན་ལྡན་ལྟ་བུ་ཞིག་ཏུ་འགྱུར་བཞིན་པ་དེ་ནི་ཤིན་ཏུ་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་སྐོར་བཀའ་སྩལ་དང་ཆབས་ཅིག  དེང་སྐབས་གོ་ལ་གཅིག་འགྱུར་གྱི་དུས་རབས་འདིའི་ཁྲོད་རྒྱལ་ཁབ་དང་མི་སེར་ཚང་མ་གཅིག་ཕན་གཅིག་གྲོགས་གནང་ནས་འཚོ་གནས་བྱ་རྒྱུ་གནད་ཆེ་ཡིན་པའི་ལམ་སྟོན་ཡང་བསྩལ་ཡོད་པ་རེད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་ ༢༠༠ ལྷག་གི་རིང་ལ་ཤེས་ཡོན་གྱི་ལྟེ་གནས་ཁག་ཏུ་ཕྱི་དངོས་པོ་ཡར་རྒྱས་གཏོང་རྒྱུ་ཁོ་ནར་དམིགས་ཏེ་དེང་དུས་ཅན་གྱི་ཤེས་ཡོན་ Modern Educarion སློབ་གསོ་ཞེས་པ་ཞིག་ལག་བསྟར་གནང་པ་དེས་འགྲོ་བ་མིའི་སྤྱི་ཚོགས་ནང་ལ་དོན་སྙིང་ལྡན་པའི་བདེ་སྐྱིད་བསྐྲུན་རྒྱུར་ངེས་པ་མེད་ཅེས་བཀའ་བསྩལ་མཛད་པ་དང་འབྲེལ། སློབ་མ་རྣམས་ལ་བཟང་སྤྱོད་ཀྱི་སློབ་གསོ་གནང་དགོས་གལ་ཡིན་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་འདས་པའི་ལོ་ཤས་གོང་ནས་རྒྱལ་སྤྱིའི་ཚན་རིག་པ་དང་མཁས་པ་མང་པོའི་ལྷན་དུ་བགྲོ་གླེང་དང་བརྟག་དཔྱད་རབས་དང་རིམ་པ་མཛད་མཐར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོ་ཞིག་སྤེལ་གནང་མཛད་ཡོད་པ་དང་། དེ་འབྲེལ་སློབ་དེབ་ཞིག་གང་མགྱོགས་འདོན་སྤེལ་གནང་འཆར་ཡོད་པ་མ་ཟད། སློབ་དེབ་དེ་དག་སློབ་གྲྭ་ཁག་ཏུ་སློབ་ཁྲིད་ཐུབ་རྒྱུར་འབད་བཙོན་ཞུ་མུས་ཡིན་ཅེས་བཀའ་བསྩལ་འདུག ཤེས་རྟོགས་བྱུང་བར་གཞིགས་ཚེ། སང་ཚེས་ ༢༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་ནང་གི་མཛད་འཕྲིན་ཁང་ལེགས་པར་གྲུབ་རྗེས་ཁུལ་དེའི་རྒྱལ་ས་ཨུ་ལཱན་བ་ཏར་ནས་མཁའ་ལམ་བརྒྱུད་ཉི་ཧོང་དུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་རེད་འདུག ཟླ་འདིའི་ཚེས་ ༢༣ ནས་ ༢༦ བར་༸གང་ཉིད་མཆོག་ནས་ཉི་ཧོང་གི་གྲོང་ཁྱེར་ Khanazawa དང་། Saitama གཉིས་སུ་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་བསྐྱང་གཏན་འཁེལ་ཡོད་པ་དང་། ཚེས་ ༢༧ ཉིན་༸གང་ཉིད་མཆོག་གིས་ཉི་ཧོང་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་རྒྱ་གར་ནང་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཀྱི་འདུག

༸གོང་ས་མཆོག་གིས་ནང་པའི་ལྟ་གྲུབ་དང་ཚན་རིག་དབར་གྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་གྱི་རྒྱལ་ས་ཨུ་ལཱན་བ་ཏུར་གྱི་ Corporate Hotel & Convention Centre ཚོགས་ཁང་དུ་ཚན་རིག་པ་དང་འཕྲུལ་ལས་མཁས་པ། རྩོམ་པ་པོ། སྙན་ངག་པ་སོགས་ཤེས་ཡོན་ཅན་མི་སྣ་ཁྱོན་ ༡༢༠༠ ལྷན་བཞུགས་གནང་པའི་ནང་པའི་ལྟ་གྲུབ་དང་ཚན་རིག་དབར་གྱི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་མཛད་འདུག དེ་རིང་ཟླ་ ༡༡ ཚེས་ ༢༡ ཉིན་སྔ་དྲོ་༸གོང་ས་མཆོག་གིས་ཨུ་ལཱན་བ་ཏར་ Corporate Hotel & Convention Centre ཚོགས་ཁང་ཆེན་མོར་ནང་པའི་ལྟ་གྲུབ་དང་ཚན་རིག་དབར་གྱི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་ནང་པའི་ཐུན་མིན་ལྟ་གྲུབ་དང་སྒོམ་ཉམས་ལེན་གྱི་ཕན་ཡོན་ཐོག་བཀའ་སྩལ་བའི་ཁྲོད། ནང་པའི་ལྟ་གྲུབ་ཀྱི་ཆ་ནས་ང་ཚོ་འགྲོ་བ་མིའི་མ་འོངས་པའི་མི་ཚེ་ཇི་འདྲ་ཆགས་མིན་དེ་ནི་གཙོ་བོ་མི་སྒེར་སོ་སོའི་བྱེད་ལས་ལ་རག་ལུས་ཡོད་པ་མ་ཟད། ལྷག་དོན་དུ་ལས་བཟང་ངན་གང་བྱེད་མིན་ནི་རྐང་རང་ཉིད་ཀྱི་ཀུན་སློང་ལ་ཐུག་ཡོད་པར་བརྟེན་རྣམ་ཀུན་ནས་རང་རྒྱུད་ཀྱི་བཟང་པོའི་ཀུན་སློང་དེ་གོང་འཕེལ་གཏོང་བར་འབད་སྤུངས་རྒྱ་གང་ཆེ་གནང་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་ང་ཚོ་མིའི་སྤྱི་ཚོགས་སེམས་ཅན་ཞིག་དང་གཅིག་ལ་གཅིག་བརྟེན་གྱི་འཚོ་གནས་བྱེད་མཁན་ཡིན་པའི་ཆ་ནས་འགྲོ་བ་མིའི་རང་ཆས་སུ་ཡོད་པའི་བྱམས་བརྩེ་དང་སྙིང་རྗེ་རང་བཞིན་གཉིས་པོ་གོང་མཐོར་གཏོང་དགོས་པ་ལས་ཁོང་ཁྲོའི་གཞན་དབང་དུ་མ་སོང་བར་འབད་དགོས་པ་ནི་གནད་ཀྱི་སྙིང་པོ་ཡིན་པར་བཀའ་སློབ་བསྩལ་ཡོད་པ་རེད། གཞི་རྩའི་ད་ལན་གྱི་བགྲོ་གླེང་དེ་སོག་ཡུལ་དགའ་ལྡན་དགོན་པ་དང་། Tritiya Dharma Chakra ཐེབས་རྩ། སོག་ཡུལ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དང་ཚན་རིག་དང་འཕྲུལ་ལས་ཀྱི་གཙུག་ལག་སློབ་གཉེར་ཁང་བཞི་ཟུང་འབྲེལ་གྱིས་གོ་སྒྲིག་གནང་པ་ཞིག་ཡིན་པ་རེད། དེའང་སོག་ཡུལ་ནང་༸གོང་ས་མཆོག་དབུ་བཞུགས་ཐོག་བགྲོ་གླེང་དེ་ལྟར་གོ་སྒྲིག་གནང་པ་ཆེས་ཐོག་མ་དེ་ཆགས་ཀྱི་འདུག མཛད་འཆར་ལྟར་ན། ༸གོང་ས་མཆོག་སང་ཚེས་ ༢༢ ཉིན་སྔ་དྲོ་སོག་ཡུལ་གྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་ཆེན་མོར་རྒྱལ་ས་ཨུ་ལཱན་བ་ཏར་གྱི་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་རྣམས་ལ་བླང་དོར་བཀའ་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་འདུག རྩ་བའི་ཁ་སང་ཆོས་འབྲེལ་ཉིན་གཉིས་པར་༸གོང་ས་མཆོག་གིས་སོག་ཡུལ་གྱི་རྒྱལ་ས་ཤུ་ལཱན་བ་ཏར་ནང་རྟེན་གཞི་བྱས་པའི་ Sports Complex ཚོགས་ཁང་དུ་མང་ཚོགས་ ༡༤༠༠༠ ཙམ་ལ་རྗེས་རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་སྣང་དང་རྟེན་འབྲེལ་བསྟོད་པ། དེ་བཞིན་ལམ་གཙོ་རྣམ་གསུམ་བཅས་ཀྱི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་རེད།

རྒྱ་གཞུང་གི་དགག་བྱ་ལ་མ་ལྟོས་པར་༸གོང་ས་མཆོག་སོག་ཡུལ་ནང་དུ་ཕེབས་བསུ་གཟབ་རྒྱས་ཞུས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཕྱི་དྲོ་ ༤།༣༠ ཙམ་ལ་ཉེ་ཧོང་ནས་ཕེབས་ཐོན་གྱིས་སོག་ཡུལ་གྱི་རྒྱལ་ས་ Ulaan Baator ནང་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་ཅིང་། ད་ལན་རྒྱ་གཞུང་གིས་སོག་ཡུལ་གཞུང་ལ་༸གོང་ས་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་མཛད་རྒྱུར་བཀག་འགོག་དགོས་པའི་གནོད་ཤུགས་ཆེན་པོ་སྤྲད་ཡོད་ཀྱང་། སོག་ཡུལ་གཞུང་གིས་རྒྱ་གཞུང་གི་དགག་བྱ་མ་ལྟོས་པར་༸གང་ཉིད་མཆོག་ཡུལ་དེའི་ནང་གནད་ཞུ་ཕུལ་དོན་ལྟར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག ཁ་སང་ཕྱི་དྲོ་སོག་ཡུལ་གྱི་རྒྱལ་ས་Ulaan Baator གནམ་ཐང་དུ་༸གང་ཉིད་མཆོག་༸ཞབས་སོར་བདེ་བར་འཁོད་སྐབས་ཕེབས་བསུའི་སྣེ་ལེན་དུ་ཆིབས་བསྒྱུར་གསོལ་འདེབས་ཞུ་མཁན་ཁུལ་དེའི་དགའ་ལྡན་དགོན་པ་གཙོས་པའི། དགོན་སྡེ་ཁག་གི་མཁན་པོ་རྣམ་པ། དེ་བཞིན་རྒྱ་གར་གཞུང་ཚབ། གཞན་ས་གནས་བོད་མི། སོག་ཡུལ་གྱི་དད་ལྡན་མང་ཚོགས་བཅས་ཆེད་བཅར་ཞུས་འདུག་པ་མ་ཟད། ལྷག་དོན་སོག་ཡུལ་གཞུང་གི་སྐུ་ཚབ་མི་སྣ་ཉེ་ཧོང་དུ་༸གང་ཉིད་མཆོག་གི་གདན་ཞུར་བཅར་ཡོད་པ་མ་ཟད། མགོན་པོ་༸ གང་ཉིད་ཀྱི་བཞུགས་གནས་ཀྱང་རྣམ་ཀུན་ཡུལ་གྱི་ཆེས་མཐོ་ནི་སྣ་སྲིད་འཛིན་དང་སྲིད་བློན་སོགས་ཀྱི་བཞུགས་ཡུལ་གསོལ་མགྲོན་ཁང་དུ་གོ་སྒྲིག་ཞུས་འདུག རྩ་བའི་ད་རེས་རྒྱ་གཞུང་གིས་༸གོང་ས་མཆོག་སོག་ཡུལ་ནང་ཆིབས་བསྒྱུར་མཛད་པར་སྐྱོན་བརྗོད་བྱས་པ་དེ་ཐེངས་དང་པོ་མ་ཡིན་པར། དེ་སྔ་ཕྱི་ལོ་ ༢༠༠༢ ལོར་དང་ ༢༠༠༦ ལོར་མགོན་པོ་མཆོག་སོག་ཡུལ་ནང་དུ་ཆིབས་བསྒྱུར་མཛད་པའི་རྗེས་སུ།  སྐབས་དེར་རྒྱ་གཞུང་གིས་སོག་ཡུལ་རྒྱལ་ས་ Ulaan Baatar ནས་རྒྱ་ནག་བར་གྱི་མེ་འཁོར་དང་མཁའ་ལམ་གྱི་འགྲིམ་འགྲུལ་བཀག་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། གཞི་རྩའི་༸གང་ཉིད་མཆོག་ཟླ་ ༡༡ ཚེས་ ༡༩ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༢༢ བར་ཁུལ་དེའི་ནང་གི་མཛད་འཆར་ཁག་ཅིག་བསྐྱང་གནང་གི་ཡོད་པ་རེད།   ༸གང་ཉིད་མཆོག་གིས་ཁུལ་དེར་རྟེན་གཞི་བྱས་པའི་དགའ་ལྡན་དགོན་པར་གནས་གཟིགས་མཛད་རྒྱུ།  ཉིན་རྒྱབ་ལྗགས་སྨིན་གྲུབ་རྗེས་སུ་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པའི་བླ་བྲང་དང་། དེ་བཞིན་ཡིད་དགའ་ཆོས་གླིང་གྲྭ་ཚང་བཅས་སུ་ཆིབས་བསྒྱུར་མཛད་པ་དང་སྦྲགས་ཏེ་དགོན་ཁག་གི་འདུ་མང་དགེ་འདུན་པ་རྣམས་དང་མང་ཚོགས་བཅས་ཁག་སོ་སོར་ བཀའ་སློབ་བཀྲིན་བསྩལ་རྒྱུའི་མཛད་འཆར་ཡོད་འདུག མཛད་འཆར་ལྟར་ན། ཚེས་ ༢༠ ཉིན་ཁུལ་དེའི་དད་ལྡན་མང་ཚོགས་རྣམས་ལ་ལམ་གཙོ་རྣམ་གསུམ་དང་རྟེན་འགྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་མ་ཟད། དེ་བཞིན་ཚེས་ ༢༡ དང་ ༢༢ བཅས་སུ་ཁུལ་དེའི་ཚན་རིག་མཐོ་སློབ་ཁང་དུ་ནང་པའི་ལྟ་གྲུབ་དང་ཚན་རིག་སྐོར་གྱི་བགྲོ་གླེང་ཚོགས་འདུའི་ཐོག་ལྷན་བཞུགས་མཛད་རྒྱུ་དང་མང་ཚོགས་རྣམས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་ཡོད་པ་རེད།

༸གོང་ས་མཆོག་གིས་ཉི་ཧོང་ནང་གི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་གྱིས་སོག་ཡུལ་དུ་ཆིབས་བསྒྱུར་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་གི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་མཛད་པ་དང་སྦྲགས་ཏེ་སོག་ཡུལ་དུ་ཆིབས་བསྒྱུར་མཛད་ཡོད་པ་རེད། དེ་ཡང་མགོན་པོ་༸གང་ཉིད་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཁ་སང་ཚེས་ ༡༧ བར་ཉི་ཧོང་ནང་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་དང་། མང་ཚོགས་ལ་བཀའ་སློབ། དེ་བཞིན་ཁུལ་དེའི་བླ་ཆེན་དང་གྲོས་ཚོགས་འཐུས་མི་ཁག་དང་ལྷན་མཇལ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད་པ་དང་། དེ་རིང་༸གང་ཉིད་མཆོག་ཁུལ་དེའི་ནང་གི་མཛད་འཆར་ཁག་ཅིག་རེ་ཞིག་མཇུག་སྒྲིག་མཛད་པ་དང་སྦྲགས་ཏེ་ཉི་ཧོང་གི་རྒྱལ་ས་ Tokyo ནས་མཁའ་ལམ་བརྒྱུད་སོག་ཡུལ་དུ་ཆིབས་བསྒྱུར་མཛད་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་རུ་སུའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་འགྲེལ་བརྗོད་གནང་དོན་ལ། ད་རེས་༸གང་ཉིད་མཆོག་སོག་ཡུལ་ནང་དུ་མཛད་འཆར་ཁག་ཅིག་བསྐྱང་རྒྱུའི་ཐུགས་གཏན་འཁེལ་བ་དེའང་གཙོ་བོ་ལོ་ཤས་གོང་ནས་གྲ་སྒྲིག་གནང་པ་ཞིག་ཆགས་ཀྱི་ཡོད་ཀྱང་། རྒྱུ་རྐྱེན་དུ་མའི་དབང་གིས་ད་བར་མགོན་པོ་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་ཐུབ་མེད་སྐོར་འགྲེལ་བརྗོད་དང་འབྲེལ་ད་ལན་གྱི་ཆིབས་བསྒྱུར་འདི་རྐང་སོག་ཡུལ་གྱི་སྲིད་འཛིན་མཆོག་དང་ཁུལ་དེར་རྟེན་གཞི་བྱས་པའི་དགའ་ལྡན་ཐེག་ཆེན་གླིང་དགོན་པ་གཉིས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་སྔ་རྗེ་སུ་གསོལ་འདེབས་རིམ་ཞུས་གནང་པ་ཞིག་ཆགས་ཡོད་སྐོར་གསུངས་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཉིན་རྒྱབ་ཁུལ་དེའི་ཚོུད་ ༤།༣༠ ཙམ་ལ་རྒྱལ་ས་ Ulaan Baator ནང་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཀྱི་ཡོད་པ་དང་། སང་ཉིན་ཚེས་ ༡༩ ཉིན་༸གང་ཉིད་མཆོག་གིས་ཁུལ་དེར་རྟེན་གཞི་བྱས་པའི་དགའ་ལྡན་དགོན་པར་གནས་གཟིགས་མཛད་རྒྱུ་དང་། དེ་རྗེས་ཚེས་ ༢༠ ཉིན་ཁུལ་དེའི་དད་ལྡན་མང་ཚོགས་རྣམས་ལ་ལམ་གཙོ་རྣམ་གསུམ་དང་རྟེན་འགྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་མ་ཟད། དེ་བཞིན་ཚེས་ ༢༡ དང་ ༢༢ བཅས་སུ་ཁུལ་དེའི་ཚན་རིག་མཐོ་སློབ་ཁང་དུ་ནང་པའི་ལྟ་གྲུབ་དང་ཚན་རིག་སྐོར་གྱི་བགྲོ་གླེང་ཚོགས་འདུའི་ཐོག་ལྷན་བཞུགས་མཛད་རྒྱུ་དང་། མང་ཚོགས་རྣམས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་ཐུགས་གཏན་འཁེལ་ཡོད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་མ་མཛད་པའི་གོང་སྟེ་ཁ་སང་ཚེས་ ༡༧ ཉིན་ཉི་ཧོང་གི་གྲོང་འཁྱེར་Yokohama ནང་དུ་རྟེན་གཞི་བྱས་པའི་ཞི་མཐུན་ཚོགས་ཁང་དུ་ Pacifico Yokohama Hall བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་ཡོད་པ་དང་། ལྷག་པར་དུ་བོད་དང་སོག་པོ། དེ་བཞིན་ཀོ་རི་ཡ་བཅས་ནས་ཕེབས་པའི་དད་ལྡན་མང་ཚོགས་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་ཡང་རྩལ་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ནས་ཕེབས་པའི་བོད་མི་ ༡༥༠ ཙམ་ལ་མཇལ་ཁ་སྐབས་བཀའ་སློབ་བསྩལ་དོན་ལ། དེང་སྐབས་དཔལ་ན་ལེནྡྲའི་གཞུང་ལུགས་ཁག་ལ་སློབ་གཉེར་གནང་དགོས་གལ་ཡིན་པ་དང་། དེའང་བོད་ཀྱི་སྐད་ཡིག་ཐོག་ལ་མ་གཏོགས་སྐད་ཡིག་གཞན་གྱི་ཐོག་ལ་ཆ་ཚང་བ་ཞིག་རྙེད་རྒྱུ་མེད་སྟབས། བོད་མི་ཚོས་རང་ཉིད་ཀྱི་སྐད་ཐོག་ལ་སློབ་གཉེར་བྱ་གལ་ཆེ་བར་བཀའ་བསྩལ་འདུག ད་དུང་མགོན་པོ་མཆོག་གིས་ནང་ཆོས་ལས་གསུང་པའི་ལྟ་གྲུབ་དང་ཚད་མ་རིག་པའི་རྣམ་གཞག་དེ་དག་དེང་སྐབས་འཛམ་གླིང་འདིའི་ཐོག་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན་བོད་མི་རྣམས་ཀྱིས་འཛམ་གླིང་ཐོག་ཐུན་མིན་གྱི་བོད་ཀྱི་སྐད་ཡིག་ལ་བདག་གཅེས་གནང་དགོས་གལ་སོགས་ཀྱི་ལམ་སྟོན་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་ནང་ལ་ཆིབས་བསྒྱུར་ཐོག་མ་དེ་སྤྱི་ལོ་༡༩༧༩ ལོར་བསྐྱངས་ཡོད་པ་དང་། ད་ལན་གྱི་ཆེབས་བསྒྱུར་འདི་ཐེངས་ ༩ ཆགས་ཀྱི་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་ད་རེས་ཉི་ཧོང་ནང་གི་མཛད་འཆར་ཁག་ཅིག་རེ་ཞིག་མཇུག་སྒྲིལ་མཛད་ནས་སོག་ཡུལ་དུ་ཆིབས་བསྒྱུར་མཛད་ཀྱང་། ཟླ་བ་འདིའི་ཚེས་ ༢༣ སླར་སོག་ཡུལ་ནས་ཉི་ཧོང་དུ་ཆིབས་བསྒྱུར་མཛད་རྒྱུ་དང་། ཁུལ་དེའི་གྲོང་ཁྱེར་ Khanazawa དང་། Saitama གཉིས་ཀྱི་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཕྲིན་བསྐྱངས་རྒྱུ་ཡིན་པ་རེད། དེ་རྗེས་ཚེས་ ༢༧ ཉིན་༸གང་ཉིད་མཆོག་གིས་ཉི་ཧོང་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་རྒྱ་གར་ནང་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཀྱི་འདུག

༸གོང་ས་མཆོག་གིས་ཉི་ཧོང་གྲོས་ཚོགས་འཐུས་མི་ཉི་བརྒྱ་ལྷག་དང་མཇལ་མོལ་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གྲོས་ཚོགས་འཐུས་མི་ ༢༠༠ ལྷག་དང་མཇལ་འཕྲད་ཀྱིས་གཙོ་བོ་༸གང་ཉིད་མཆོག་གི་ཐུགས་སྐྱེས་དམ་བཅའ་གསུམ་དང་བོད་རྒྱའི་ཆབ་སྲིད་ཀྱི་གནས་སྟངས། དེ་བཞིན་བོད་དང་ཉི་ཧོང་དབར་གྱི་འབྲེལ་ལམ་ཐོག་བཀའ་སློབ་བསྩལ་འདུག དེ་ཡང་ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ནས་༸གོང་ས་མཆོག་ལ་གྲོས་ཚོགས་སུ་གདན་ཞུ་གསོལ་འདེབས་ཞུ་དོན་ལྟར། ཁ་སང་ཚེས་ ༡༦ ཉིན་མགོན་པོ་༸གང་ཉིད་མཆོག་གིས་ཉི་ཧོང་གི་རྒྱལ་ས་ Tokyo ནང་ལ་རྟེན་གཞི་བྱས་པའི་ཁུལ་དེའི་གྲོས་ཚོགས་འོག་མའི་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། ཁུལ་དེའི་ཆབ་སྲིད་ཚོགས་པ་ཁག་ལྔའི་གྲོས་ཚོགས་འཐུས་མི་བཅས་ཁྱོན་གྲོས་ཚོགས་འཐུས་མི་ ༢༠༠ ལྷག་དང་མཇལ་འཕྲད་ཀྱིས་དགའ་བསུའི་འཚམས་འདྲི་བསྩལ་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སྩལ་གནང་པར་ངོས་ཀྱིས་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་ ༧ ཡོད་པ་རྣམས་མི་གཅིག་གྱུར་ཡིན་པའི་བསམ་པ་དང་། དགེ་སློང་ཞིག་ཡིན་པའི་ཆ་ནས་འཛམ་གླིང་འདིའི་ཐོག་བྱམས་བརྩེ་དང་བཟོད་བསྲན། ཆོག་ཤེས་སོགས་ཀྱི་བསླབ་བྱ་བརྒྱུད་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་བྱེད་ཀྱི་ཡོད་ཡོད། དེ་བཞིན་བོད་མི་ཞིག་ཡིན་པའི་ཆ་ནས་སྤྱིར་བོད་མིའི་ཆབ་སྲིད་ཀྱི་འགན་བཞེས་མེད་ན་ཡང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་མཛད་བཞིན་ཡོད་པ་བཅས་༸གང་ཉིད་མཆོག་གི་ཐུགས་སྐྱེས་དམ་བཅའ་གསུམ་གྱི་སྐོར་ངོ་སྤྲོད་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་བོད་རྒྱའི་གནད་དོན་དང་འབྲེལ། དཔལ་འབྱོར་སོགས་ཀྱི་གནས་སྟངས་མང་པོ་ཞིག་གི་ཐོག་ནས་བོད་མི་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་ལྷན་དུ་མཉམ་སྡོད་བྱ་རྒྱུའི་བསམ་བློ་གཏོང་བཞིན་ཡོད་པ་མ་ཟད། ང་ཚོས་བོད་རང་བཙན་རྩོད་ལེན་གནང་གི་མེད་ཅེས་བཀའ་ནན་སྩལ་བ་དང་སྦྲགས། ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་གཞུང་ལ་༸གང་ཉིད་མཆོག་གིས་ཀྱང་རང་བཙན་རྩོད་ཀྱི་མེད་པ་དང་བོད་མིའི་མངོན་འདོད་སོགས་ཀྱི་ཐོག་སློབ་གསོ་གནང་དགོས་པར་འབོད་སྐུལ་ཡང་མཛད་འདུག ༸གང་ཉིད་མཆོག་ནས་བོད་ཀྱི་གནད་དོན་དེ་ནི་ཆབ་སྲིད་རྐྱང་པ་ཞིག་མ་ཡིན་པར་དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་ཁོར་ཡུག་སོགས་དང་འབྲེལ་བ་ཆེན་པོ་ཆགས་ཡོད་སྟབས། དེ་དག་སྲུང་སྐྱོབ་གནང་བྱ་རྒྱུ་ནི་ང་ཚོའི་འགན་དབང་ཞིག་དང་རྒྱ་ནག་གཞུང་ལ་ཡང་དེ་མཚུངས་འགན་དབང་ཆེན་ཡོད་ཅེས་བཀའ་སྩལ་འདུག གཞན་ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བཀའ་འདྲི་ཞུས་པར་བཀའ་ལན་བསྩལ་དོན་ལ། དེང་སྐབས་ཉི་ཧོང་ནང་ལ་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་དང་། ལྷག་དོན་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་ཚོགས་མི་ཇི་མང་དུ་འགྲོ་བཞིན་པ་འདི་ནི་བོད་ཀྱི་ཆབ་སྲིད་གནད་དོན་ཐོག་ལ་རྒྱབ་སྐྱོར་ཙམ་མིན་པར་བདེ་པ་དང་དྲང་བདེན་ཐོག་ལ་རྒྱབ་སྐྱོར་གནང་པ་ཞིག་མཚོན་ཡོད་སྐོར་བཀའ་སྩལ་དང་སྦྲགས། ད་བར་བོད་དོན་ཐོག་ཐུག་འཁུར་ཆེ་བཞེས་གནང་པར་ཐུགས་རྗེ་ཆེ་ཞུའི་བཀའ་བསྩལ་ཡོད་པ་རེད། གཞན་ཡང་མགོན་པོ་༸གང་ཉིད་མཆོག་གིས་སློབ་ཕྲུག་རྣམས་པའི་བཀའ་འདྲི་ཁག་ཅིག་ལ་བཀའ་ལན་བསྩལ་བར་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ཞི་བདེ་ལྡན་པ་ཞིག་བཟོ་རྒྱུར་གཞོན་སྐྱེས་རྣམས་ལ་འགན་ཆེན་པོ་ཡོད་སྐོར་བཀའ་བསྩལ་གནང་པ་དང་ཆབས་ཅིག དེང་སྐབས་རྒྱལ་སྤྱིའི་ཐོག་མི་ཕན་ཚུན་དབར་འབྲེལ་བ་བྱེད་སྐབས་དབྱིན་ཇིའི་སྐད་ཡིག་དེ་གལ་ཆེན་པོ་ཞིག་ཆགས་ཡོད་སྟབས། ཉི་ཧོང་པ་རྣམས་ཀྱིས་ཀྱང་དབྱིན་སྐད་ཐོག་ལ་དོ་སྣང་གནང་དགོས་པའི་ལམ་སྟོན་སོགས་ཀྱང་མཛད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཉི་ཧོང་རྒྱལ་ས་ Tokyo ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་དེ་རིང་ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་གི་ཡོ་ཀོ་ཧ་མ་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཞི་མཐུན་ཚོགས་ཁང་དུ་ Pacifico Yokohama Hall བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་ཡོད་པ་རེད།

༸གོང་ས་མཆོག་གིས་དབུལ་ཕོངས་ཚོར་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཐོག་ཕན་པ་གང་ཐུབ་གནང་གལ་ཡིན་པ་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཟག་ཕྱུག་པོ་རྣམས་ནས་དབུལ་ཕོངས་ཚོར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཏེ་རོགས་རམ་གང་ཐུབ་གནང་དགོས་གལ་ཡིན་པའི་བཀའ་བསྩལ་འདུག དེ་ཡང་ཁ་སང་ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་གི་གསང་སྔགས་དགོན་པ་རྙིང་ཤོས་སུ་གྲགས་པ་ཀོན་གོ་བྷུ་ཇི་ Kongobuji དགོན་པའི་ཉེ་འཁྲིས་སུ་ཆགས་པའི་ཚོགས་ཁང་ཞིག་ཏུ་དུས་རབས་ ༢༡ ནང་པ་ཚོའི་ལས་འགན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་དངོས་གཞི་དབུ་འཛུགས་མ་མཛད་གོང་། ཚོགས་བཅར་བ་ཁག་ཅིག་ནས་བཀའ་འདྲི་ཞུས་པར་བཀའ་ལན་བསྩལ་བ་དང་འབྲེལ། སྤྱིར་འགྲོ་བ་མིའི་ཁྲོད་ལ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་དེ་དག་གང་ཟག་སོ་སོའི་ལས་འབྲས་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། དབུལ་ཞིང་ཕོངས་པ་རྣམས་ལ་རེ་བ་དང་ཡིད་ཆེས་འཕར་མ་ཞིག་བསྐྲུན་ཐབས་སུ་གང་ཟག་ཕྱུག་པོ་རྣམས་ཀྱིས་ཉམ་ཐག་པའི་འགྲོ་བ་དེ་དག་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཏེ་རོགས་རམ་གང་ཐུབ་གནང་དགོས་གལ་ཡིན་པ་བཀའ་སྩལ་གནང་པ་དང་ཆབས་ཅིག ལྷག་དོན་དབུལ་ཕོངས་རྣམས་ཀྱིས་ཀྱང་རང་ཉིད་ཉམ་ཐག་ཡིན་བསམ་ནས་ཡིད་མ་ཞུམ་པར་ངས་ཀྱང་འཇོན་གྱི་རེད་བསམ་པའི་ཐོག་ནས་བློ་སྤོབས་སྐྱེས་དགོས་གལ་ཡིན་པ་བཀའ་ནན་ཟབ་མོ་མཛད་འདུག དེ་བཞིན་ཚོགས་བཅར་བ་ཁག་ཅིག་གིས་༸གང་ཉིད་མཆོག་ལ་སྡུག་བསྔལ་གྱིས་མནར་བ་རྣམས་ཇི་ལྟར་གནང་ནས་སྐྱོབ་དགོས་མིན་ཐོག་བཀའ་འདྲི་ཞུས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་འགྲོ་བ་ཀུན་གྱི་བསམ་བློའི་ནང་སྡུག་བསྔལ་ཇི་ཙམ་ཡོད་མེད་ཕྱིར་མངོན་ཐུབ་ཀྱི་མེད་ཀྱང་། ལུས་ཀྱི་སྡུག་བསྔལ་ལས་སེམས་ཀྱི་སྡུག་བསྔལ་དེ་ཚབས་ཆེ་བ་ཡོད་སྐོར་བཀའ་སྩལ་དང་འབྲེལ་ཏེ་ང་ཚོས་རྒྱུན་དུ་ནང་སེམས་ཀྱི་སྡུག་བསྔལ་སེལ་རྒྱུར་འབད་བརྩོན་གང་མང་གནང་དགོས་པར་ལམ་སྟོན་བསྩལ་ཡོད། དེ་རྗེས་༸གང་ཉིད་མཆོག་གིས་དུས་རབས་ ༢༡ ནང་པ་ཚོའི་ལས་འགན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དངོས་གཞི་དབུ་འཛུགས་གནང་པ་དང་འབྲེལ། ཆོས་སྤྱི་དང་སྒོས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་པ་སངས་རྒྱས་པའི་ཆོས་དེ་ནི། རིག་པའི་ལམ་ནས་བརྟག་ཞིང་དཔྱད་ནས་ཆོས་ཐམས་ཅད་ཀྱི་དངོས་ཡོད་གནས་ལུགས་གང་ཡིན་ཤེས་ཐབས་གནང་བཞིན་ཡོད་པ་ལས། དད་པ་དང་རྨོངས་ཞེན་བྱེད་ན་རྩ་བ་ནས་འགྲིག་གི་མེད་སྐོར་གསུངས་པ་མ་ཟད། དེར་བརྟེན་དུས་རབས་ ༢༡ ནང་པ་རྣམས་ནས་ཆོས་འདི་བཞིན་ཚན་རིག་དང་མཐུན་པའི་རིག་པའི་ལམ་ནས་དཔྱད་པ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་གསུངས་པར་ངོས་ཀྱིས་ལོ་ངོ་ ༣༠ ལྷག་རིང་ཚན་རིག་པ་དང་ལྷན་བགྲོ་གླེང་བྱས་པ་ཡིན། དེང་སྐབས་ཚན་རིག་པ་ཚོས་འཇིག་རྟེན་ཁམས་ཀྱི་རིག་པ་དང་། Cosmology གས་ཐོར་ཆེན་པོ། Big Bang Theory སོགས་ནང་པའི་གཞུང་ནས་ཀྱང་གསུངས་ཡོད། དེ་བཞིན་དབང་རྩ་དང་། ཀླད་པ་དང་བློའི་བྱེད་ལས་ཀྱི་རྣམ་གཞག ཀོན་ཊམ་དངོས་ཁམས་རིག་པ། Quantum Physics རྣམས་ཀླུ་སྒྲུབ་ཀྱི་གསུང་སོགས་ནང་པའི་གཞུང་ནང་གསལ་ཡོད། བློའི་རྣམ་གཞག་དང་འབྲེལ་ནས་ནང་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ཧ་ཅང་གི་ཚད་མཐོ་པོ་སླེབས་ཡོད་ཅེས་སོགས་བཀའ་བསྩལ་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཉི་ཧོང་ཀོ་ཡ་སན་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཁུལ་དེའི་རྒྱལ་ས་ Tokyo ནང་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་དང་། སང་ཉིན་ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་གི་ཡོ་ཀོ་ཧ་མ་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཞི་མཐུན་ཚོགས་ཁང་དུ་ Pacifico Yokohama Hall བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་རེད་འདུག

༸གོང་ས་མཆོག་གིས་གསང་སྔགས་བསྡུས་པའི་དགོན་ཁག་གི་བླ་ཆེན་རྣམས་དང་མཇལ་འཕྲད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གནས་རི་རྩ་ཆེན་Koyasan དུ་ཆིབས་བསྒྱུར་གནང་པ་དང་། ཁུལ་དེའི་གསང་སྔགས་བསྡུས་པའི་མ་དགོན་ Kongobuji གཙོས་པའི་དགོན་ཁག་གི་བླ་ཆེན་རྣམས་དང་ལྷན་མཇལ་མཛད་འདུག དེ་རིང་ཟླ་ ༡༡ ཚེས་ ༡༤ ཉིན་སྔ་དྲོ་ཉི་ཧོང་གི་གསང་སྔགས་བསྡུས་པའི་མ་དགོན་ Kongobuji ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར།  མགོན་པོ་མཆོག་གིས་ Kongobuji དགོན་པར་ཆིབས་བསྒྱུར་བསྐྱངས་ཏེ་ དགོན་པའི་མཁན་པོ་བགྲས་གཞོན་གཉིས་ཀྱིས་གཙོས་པའི་ཁུལ་དེའི་དགོན་ཁག་གི་བླ་ཆེན་དང་མཁན་པོ་རྣམས་ལ་མཇལ་འཕྲད་མཛད་ཡོད་པ་དང་། ཉིན་རྒྱབ་ Koyasan གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ ༡༣༠ འཁོར་བའི་བརྟེན་འབྲེལ་མཛད་སྒོར་དབུ་བཞུགས་ཀྱིས་དད་ལྡན་མང་ཚོགས་ ༦༠༠ ལྷག་ལ་མི་གཡོ་བའི་རྗེས་གནང་བཀྲིན་བསྩལ་འདུག སྐབས་དེར་མགོན་པོ་མཆོག་གིས་མང་ཚོགས་ལ་རྒྱུན་ལྡན་གྱི་ཆོ་ག་ཕྱག་ལེན་ཙམ་མིན་པར་ནང་ཆོས་ལ་སློབ་གཉེར་གནང་སྟེ་དུས་རབས་ ༢༡ པའི་ནང་ཆོས་སྐོར་ལ་གོ་རྟོགས་ལེགས་པོ་དགོས་གལ་ཆེ་བ་དང་། ཁྱད་པར་དུ་སློབ་གཉེར་གནང་མཁན་ཚོས་དུས་རབས་ ༢༡ དང་མཐུན་པའི་སློབ་སྦྱོང་གནང་དགོས་པར་བཀའ་བསྩལ་འདུག ༸གོང་ས་མཆོག་ཉི་ཧོང་གི་གནས་རི་རྩ་ཆེན་ Koyasan དུ་ཆིབས་བསྒྱུར་མ་མཛད་གོང་། ཟླ་ ༡༡ ཚེས་ ༡༠ ནས་དབུ་འཛུགས་ཀྱིས་གྲོང་ཁྱེར་ཨོ་ས་ཀའི་ནང་ཉིན་གྲངས་གསུམ་རིང་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་བསྩལ་ཡོད་པ་དང་། ཁ་ཉིན་མགོན་པོ་མཆོག་གིས་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་མ་མཛད་པའི་སྔ་རོལ་དུ་བོད་རིགས་དང་རྒྱ་རིགས་མི་གྲངས་ ༡༥༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་བསྩལ་འདུག སྐབས་དེར་མགོན་པོ་མཆོག་གིས་རྒྱ་རིགས་རྣམས་ཕ་མེས་ནས་ནང་པའི་རྗེས་འབྲང་པ་ཞིག་ཡིན་སྟབས་ནང་ཆོས་ཉམས་ལེན་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་དང་། ལྷག་པར་དུ་གང་ཟག་སྒེར་ལ་མཚོན་ན་རང་གི་ཕ་མེས་ནས་བརྒྱུད་པའི་ཆོས་ལུགས་གང་ཡིན་པ་དེར་དོ་སྣང་བྱེད་ནས་སློབ་སྦྱོང་དང་ཉམས་ལེན་བྱ་རྒྱུ་འོས་ཤིང་འཚམས་པ་ཞིག་ཆགས་ཡོད་སྐོར་བཀའ་གནང་འདུག  མགོན་པོ་མཆོག་ལ་མཚོན་ནའང་ཆོས་ལུགས་བརྗེ་འགྱུར་གྱི་བྱ་སྤྱོད་དེའི་རིགས་རྩ་བ་ནས་གནང་གི་མེད་ཅེས་བཀའ་ནན་བསྩལ་ཡོད། ལྷག་དོན་རྒྱ་རིགས་དེ་དག་ལ་ནང་པའི་ལྟ་གྲུབ་ནི་ཧ་ཅང་གི་ཟབ་ཅིང་རླིང་བ་ཡོད་པ་དང་། དེ་མཚུངས་ཚན་རིག་དང་མཉམ་བསྐྱོད་ཆོག་པའི་ཆོས་ཡིན་སྐོར་དང་འབྲེལ་ཚན་རིག་པ་ཚོས་ཀྱང་ནང་པའི་ལྟ་གྲུབ་ལས་ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་བསྐྲུན་རྒྱུའི་ཐོག་དོ་སྣང་ཧ་ཅང་ཆེན་པོ་བྱེད་མུས་ཡིན་སྐོར་སོགས་གསུངས་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཆོས་འབྲེལ་ཐོག་བཅར་བའི་བོད་རིགས་རྣམས་ལ་བོད་ཡིག་སློབ་རྒྱུ་ནི་ཆེས་གནད་ཆེ་ཡིན་པ་བཀའ་བསྩལ་དང་སྦྲགས། དེང་སྐབས་འཛམ་གླིང་འདིའི་ནང་དུ་དཔལ་ན་ལེནྡྲའི་མཁས་པ་ཚོས་མཛད་པའི་གཞུང་ལུགས་དེ་དག་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་རྒྱག་དགོས་ཚེ། བོད་སྐད་ནང་བཞིན་སྐད་ཡིག་གཞན་གཅིག་ཀྱང་མཐོང་རྒྱུ་མེད་པ་དང་། ལྷག་དོན་དུ་ནང་ཆོས་ནས་གསུང་པའི་ཚད་མ་རིག་པ་དང་ལྟ་གྲུབ་ཀྱི་རྣམ་གཞག་དེ་དག་ཐོག་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པར་སྐུལ་ལྕག་མཛད་ཡོད་པ་རེད། མཛད་འཆར་ལྟར་ན། སང་ཚེས་ ༡༥ ཉིན་སྔ་དྲོ་ཚོུད་ ༩ ནས་ ༡༠།༣༠ བར་༸གོང་ས་མཆོག་གིས་ཉི་ཧོང་དད་ལྡན་མང་ཚོགས་ལ་དུས་རབས་ ༢༡ པའི་ནང་ནང་པའི་དགོས་དམིགས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་དང་། དེ་རྗེས་ཉི་ཧོང་གི་རྒྱལ་ས་ Tokyo ཕྱོགས་སུ་ཆིབས་བསྒྱུར་མཛད་རྒྱུ་རེད་འདུག

Latest news