Tibetan Royal Year of 2151 | Year of the Wood Dragon

བོད།

ལི་ཐང་དགོན་ཆེན་གྱི་དབུ་ཟུར་ཨ་ཀྲུག་བློ་སྤོ་ལགས་གློད་བཀྲོལ་བཏང་འདུག

རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས་ཀྱི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་ཟུར་ཨ་ཀྲུག་བློ་སྤོ་ལགས་ཁ་སང་ཚེས་ ༢༡ གི་མཚན་མོར་ལོ་བཅུའི་བཙོན་འཇུག་དུས་བཀག་ཚང་ནས་གློད་བཀྲོལ་བཏང་འདུག དེའང་རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས་ཀྱིས་ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༡ ཉིན་ལི་ཐང་བརྒྱད་གཅིག་རྟ་རྒྱུག་དུས་ཆེན་སྐབས་བོད་རྒྱ་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་སར་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་འཇུག་དགོས། ང་ཚོ་བོད་ལ་རང་དབང་དགོས། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྣམ་གཉིས་གཙོས་ཆབ་སྲིད་གཙོན་པ་རྣམས་མྱུར་ཏུ་གློད་བཀྲོལ་དགོས་ཞེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་རྐྱེན་ཁོང་དང་ཁོང་གི་ཚ་བོ་ཨ་ཀྲུག་བློ་སྦོ་ལགས་གཙོས་བོད་མི་ཁག་ཅིག་འཛིན་བཟུང་གིས་རྒྱལ་ཁབ་མགོ་རྟིང་སློག་པ་དང་། རྒྱལ་ཁབ་གྱི་གསང་བ་ཕྱིར་བསྒྲགས་བྱས་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོང་གུད་བཏང་བ་སོགས་ཀྱི་ཉེས་མིང་འོག་ལོ་ ༣ ནས་ ༡༠ བར་གྱི་ཁྲིམས་ཐག་མི་འདྲ་བ་བཅད་པ་ལས་ལོ་མང་ཤོས་ཀྱི་ཁྲིམས་ཆད་ཕོག་པ་ཁོང་གི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་ཟུར་ཨ་ཀྲུག་བློ་སྤོ་ལགས་ཁ་སང་ཟླ་ ༨ ཚེས་ ༢༡ གི་མཚན་མོ་ཚོུད་ ༡༡ ཙམ་ཞིག་ལ་གློད་བཀྲོལ་བཏང་འདུག ཁོང་གི་སྤུན་མཆེན་ཡིན་པ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་འདི་ལས་སུ་ཁོངས་ལྡན་གནས་ཚུལ་གནང་འབྱོར་བྱུང་བར་གཞིགས་ན། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཇི་འདྲ་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་བཀོད་འདུག གཞི་རྩའི་ལི་ཐང་དགོན་ཆེན་གྱི་དབུ་ཟུར་ཨ་ཀྲུག་བློ་སྤོ་ལགས་ཀྱིས་ ༢༠༠༧ ཟླ་ ༨ པའི་ནང་ཁོང་གིས་རང་ཉིད་ཀྱི་སྤུན་མཆེད་རྒྱལ་གཅེས་པ་རུང་རྒྱས་ཨ་གྲགས་ལགས་གློད་བཀྲོལ་དགོས་པའི་ཞུ་འབོད་གནང་རྗེས་ལོ་དེའི་ཟླ་ ༨ ཚེས་ ༢༡ ཉིན་རྒྱ་གཞུང་གི་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་བྱས་པ་དང་དེ་རྗེས་རྒྱལ་ཁབ་གྱི་གསང་བ་ཕྱིར་བསྒྲགས་བྱས་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོང་གུད་བཏང་བ་སོགས་ཀྱི་ཉེས་མིང་འོག་ལོ་བཅུའི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་པ་རེད། ཁོང་གིས་རྒྱུན་དུ་གཞོན་སྐྱེས་ཚོའི་ཤེས་ཡོན་གོང་སྤེལ་གནང་རྒྱུ་དང་། དཀར་མཛེས་ནང་ནགས་ཚལ་གཅོད་བྲེགས། དེ་བཞིན་རི་དྭགས་རྔོན་པ་བརྒྱབ་རྒྱུ་མེད་པའི་ཐོག་བཀག་འགོག་གིས་འབད་བརྩོན་ཤུགས་ཆེ་གནང་མཁན་བཅས་ཡིན་པ་རེད། ས་གནས་ཀྱི་ཡུལ་མང་ཚོགས་ནས་ཁོང་ལ་གུས་བརྩི་ཆེན་པོ་ཞུ་ཡུལ་ཞིག་ཀྱང་ཡིན་པ་མ་ཟད། ལྷག་དོན་ཁོང་གིས་ལི་ཐང་དགོན་དུ་བཞུགས་རིང་ལ་དབུ་མཛད་དང་། དགོན་པའི་མང་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གཞོན་པ་སོགས་གནང་མྱོང་ཡོད་པ་དེ་ལྟར་ཡང་། ༸གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པ་སོགས་ཀྱི་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ནས་ལས་གནས་ནས་དགོངས་ཞུ་གནང་ཡོད་པ་རེད། རྩ་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རུང་རྒྱས་ཨ་གྲགས་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣༠ ཉིན་བོད་ནང་གི་མཚན་མོ་ཆུ་ཚོད་དང་པོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་མགོ་རྟིང་སློག་པའི་ནག་ཉེས་འོག་བཙོན་འཇུག་ཁྲིམས་ཆད་མི་ལོ་ ༨ ཧྲིལ་པོ་གཙང་ནས་གློད་བཀྲོལ་ཐོབ་ཡོད་པ་རེད།

རྒྱ་གཞུང་གིས་ཡ་ཆེན་སྒར་དུ་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པ།

རྒྱ་གཞུང་གིས་ཡ་ཆེན་སྒར་དུ་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པའི་ཁྲོད་ནས་འདི་ལོའི་ནང་གྲྭ་ཤག་ ༢༠༠༠ ཙམ་གཏོར་བཤིག་དང་། གྲྭ་བཙུན་ ༢༠༠༠ ཙམ་ཕྱིར་འབུད་གཏང་འཆར་ཡོད་པ་རེད་འདུག དེ་ཡང་ཉེ་ཆར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་སོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་རྒྱ་ནག་གཞུང་གིས་དབྱེས་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་ནང་དུ་རྟེན་གཞི་བྱས་པའི་ཡ་ཆེན་སྒར་འམ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ཆོས་སྒར་དུ་རྒྱ་ནག་གཞུང་གིས་ཟླ་ ༨  ཚེས་ ༨ ནས་གྲྭ་ཤག་གཏོར་བཤིག་གི་ལས་དོན་འགོ་འཛུགས་ཀྱིས་ལོ་འདིའི་ནང་ཡ་ཆེན་སྒར་དུ་གྲྭ་ཤག་ཁྱོན་སྟོང་ཕྲག་གཉིས་ཙམ་གཏོར་བཤིག་གཏང་འཆར་ཡོད་པ་མ་ཟད། གྲྭ་བཙུན་སྟོང་ཕྲག་གཉིས་ཙམ་ཕྱིར་འབུད་གཏང་འཆར་ཡོད་པ་རེད་འདུག ཤེས་རྟོགས་བྱུང་བར་རྒྱ་གཞུང་གིས་འདས་པའི་ལོ་ཤས་གོང་ནས་ཡ་ཆེན་ཆོས་སྒར་དུ་སུན་གཙེར་བཟོས་ཐོག་དཀའ་ངལ་དུ་མ་འཕྲད་བཞིན་པ་རེད་འདུག གྲྭ་བཙུན་ཚོའི་ཐོབ་ཐང་དཔང་ཡིག་ལག་འཁྱེར་སོགས་དེ་སྔ་ནས་ཐོ་འགོད་གནང་ཟིན་ཡོད་པ་ལྟར། ཟླ་ ༨ ཚེས་ ༡༠ ཙམ་ནས་གྲྭ་བཙུན་རྣམས་ལ་རང་ཉིད་ཀྱི་ངོས་ནས་གྲྭ་ཤག་གཏོར་བཤིག་ཟིན་ཁག་གཙང་བཟོ་བྱེད་དགོས་པ་དང། ཨར་འདམ་གྱི་ཁང་པ་སོགས་ལས་དོན་ཆེ་ཁག་རྣམས་རྒྱ་གཞུང་གི་ཆེད་གཏོང་བྱེད་པའི་ལས་མིས་གཏོར་བཤིག་གཏོང་བཞིན་ཡོད་པའི་ཁྲོད། ཉེན་སྔོན་གཏོར་བཤིག་གི་ལས་དོན་འགྲོ་སྐབས་བཙུན་མ་གཅིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད་འདུག ལྷག་དོན་གནད་དོན་དེ་དང་འབྲེལ་ནས་སྒར་གྱི་གནད་ཡོད་བླ་མ་ཞིག་གིས་གནས་སྟངས་དེ་ནི་ཟློག་ཐབས་མེད་པ་ཞིག་ཡིན་སྟབས། གྲྭ་བཙུན་རྣམས་ཀྱིས་བསྟན་པ་ལ་བར་ཆད་མི་འགྲོ་བ་གནང་ནས་ཉམ་ཆུང་ཚུལ་མཐུན་ཐོག་བཞུགས་དགོས་གལ་ཡིན་པ་དང་། རིང་མིན་འགྱུར་བ་འགྲོ་བ་ཞིག་འགྲོ་ངེས་ཡིན་པར་སེམས་གསོ་གནང་འདུག རྩ་བའི་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དེ་མཁན་པོ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་གིས་ཕྱི་ལོ་ ༡༩༨༤ ལོར་ཕྱག་བཏབ་ཅིང། ཆོས་སྒར་ཧྲིལ་པོ་གླིང་ཆེན་པོ་བཅུ་ལས་གྲུབ་ཡོད་པ་དང། བོད་མི་སེར་སྐྱ་དབྱེ་མེད་ནས་ནང་ཆོས་ལ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་གྱི་བསྟི་གནས་ཆེན་པོ་ཞིག་ཡིན་པ་རེད། ཡ་ཆེན་སྒར་དུ་དེང་སྐབས་ཁྱོན་གྲྭ་བཙུན་ཆིག་ཁྲི་ཙམ་ནས་སློབ་གཉེར་གནང་བཞིན་ཡོད་པ་ལས་བཙུན་མ་བརྒྱད་སྟོང་ཙམ་དང་དགེ་འདུན་པ་ཉིས་སྟོང་ཙམ་ཆགས་ཀྱི་ཡོད་པ་རེད་འདུག སྔ་ལོ་རྒྱ་གཞུང་གིས་སེར་རྟ་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་ཀྱི་ལས་དོན་ཤུགས་ཆེ་སྤེལ་བཞིན་པའི་ཁྲོད་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་བླ་རུང་སྒར་སྲུང་སྐྱོབ་དགོས་པའི་འབོད་སྐུལ་བཞུས་པ་དང་འབྲེལ། བླ་རུང་སྒར་དང་ཡ་ཆེན་སྒར་གྱི་གནས་སྟངས་ངོ་སྤྲོད་གནང་པའི་བརྒྱུད་ཡ་ཆེན་སྒར་དུ་སྔ་ལོའི་ཕྱི་ཟླ་ ༤ པ་ནས་འགོ་འཛུགས་ཀྱིས་ཟླ་ ༡༢ བར་བཙུན་མ་ ༡༠༠༠ ལྷག་ཙམ་ཕྱིར་འབུད་བཏང་ཡོད་པ་མངོན་གསལ་གནང་ཡོད་པ་རེད། དེ་རྗེས་གནས་ཚུལ་རིམ་པ་ཐོན་པའི་ནང་རྒྱ་གཞུང་གིས་ཡ་ཆེན་སྒར་གྱི་ཉེ་འཁྲིས་སུ་དད་ལྡན་ཚོའི་དབུ་གར་ཡོད་པ་རྣམས་མེད་པ་བཟོས་བཅུག་པ་སོགས་ཀྱི་གནས་ཚུལ་ཁག་ཅིག་ཐོན་ཡོད་པ་རེད།

གྲྭ་སྒོ་དམར་ཆོས་འཕེལ་ལགས་བཙོན་གྲོལ་ཐོབ་འདུག

བོད་རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་སྒོ་དམར་ཆོས་འཕེལ་ལགས་འདི་ལོ་ཟླ་ ༧ པའི་ནང་མཚོ་སྔོན་མིན་ཡང་བཙོན་ཁང་ནས་བཙོན་གྲོལ་ཐོབ་ཡོད་པ་དང་། ཁོང་རང་ཉིད་བཙོན་གྲོལ་ཐོབ་རྗེས་རང་ཡུལ་དུ་འབྱོར་སྐབས་ས་གནས་ཀྱི་དགེ་འདུན་པ་དང་ནང་མི་ཉེ་འབྲེལ་ཚོས་ཕེབས་བསུའི་སྣེ་ལེན་ཞུས་འདུག འོན་ཀྱང་རྒྱ་གཞུང་གི་ཉེན་རྟོག་པས་དམ་དྲག་བྱེད་རྐྱེན་ཁོང་གློད་བཀྲོལ་གཏོང་སྐབས་ཀྱི་པར་གཅིག་ཀྱང་ལེན་བཅུག་མེད་པ་རེད་འདུག ད་ལྟའི་ཆར་ཁོང་བོད་རེབ་གོང་རོང་པོ་དགོན་ཆེན་གྱི་ཚོགས་དང་ཆོས་ར་འགྲིམ་བཅུག་ཡོད་ནའང་ས་གནས་ཀྱི་ཉེན་རྟོག་པས་ཁོང་ས་གནས་གཞན་དུ་འགྲོ་མི་བཅུག་པར་དམ་དྲག་བྱེད་བཞིན་ཡོད་འདུག གཞི་རྩའི་རང་ལོ་ ༤༨ སོན་པའི་གྲྭ་སྒོ་དམར་ཆོས་འཕེལ་ལགས་ནི་བྲག་དམར་སྡེ་བ་ནས་ཡིན་ཞིང་། ཕ་མིང་ལ་ཀླུ་བྱམས་ཟེར་གྱི་ཡོད་འདུག བོད་མདོ་སྨད་རེབ་གོང་རོང་པོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སློབ་གཉེར་གནང་པ་མ་ཟད་རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་པ་རྒན་གྲས་ཡིན་པ་དང། རྒྱུན་དུ་ཡ་རབས་ཚུལ་མཐུན་ཅན་དང་སློབ་སྦྱོང་ལ་བརྩོན་ཞིང་དགོན་པ་ནས་བསླབ་པ་མཐར་སོན་པ་བྱུང་འདུག ཁོང་རང་ཉིད་རྒྱ་གཞུང་གི་བཙོན་ཁང་དུ་ཡོད་སྐབས་ནང་མི་ཚོ་དང་ཟླ་རེར་ཐེངས་གཅིག་ཐུག་འཕྲད་བྱེད་བཅུག་གི་འདུག་ཀྱང་། ཐུག་འཕྲད་སྐབས་སུ་རྒྱ་སྐད་ནང་སྐད་ཆ་བཤད་ཚེ་སྐར་མ་ ༣༠ བོད་སྐད་ནང་བཤད་ཚེ་སྐར་མ་ ༥ མ་གཏོགས་བཤད་བཅུག་གི་མེད་པ་མ་ཟད་ལྷག་དོན་ཁོང་ལ་ཆབ་སྲིད་ཀྱི་ནག་ཉེས་ཡོད་པས་ནང་མི་ཚོ་ཐུག་འཕྲད་ལ་ཡོང་སྐབས་བཙོན་པ་གཞན་ལྟར་མིན་པར་ཉེ་འཁོར་དུ་ཉེན་རྟོག་པས་ལྟ་རྟོག་དང་བརྙན་པར་སོགས་ལེན་གྱི་ཡོད་པ་རེད་འདུག ཁོང་བཙོན་འཇུག་བྱེད་དོན་ནི་ ༢༠༡༥ ཟླ་ ༧ ཕྱི་ཚེས་ ༡༠ ཙམ་ལ་ཐུན་རིན་རྫོང་གི་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པ་རེབ་གོང་དགོན་ཆེན་དུ་ཡོང་སྟེ་ཁོང་གི་གྲྭ་ཤག་ཏུ་སྔོག་གཤེར་བྱེད་སྐབས་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་བྱེད་ཡོད་སྐོར་བཤད་ནས་འཛིན་བཟུང་བྱས་པ་དང། ཟླ་དྲུག་ལྷག་རིང་ཁོང་ལ་འདྲི་བརྩད་དང་བཀག་བསྐྱིལ་བྱས་མཐར་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༧ ཉིན་ཁོང་ལ་རྨ་ལྷོ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཁོང་ནས་༸གོང་ས་མཆོག་གི་༸སྐུ་པར་བདག་ཉར་གནང་སྟེ། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་༸གོང་ས་མཆོག་གི་༸སྐུ་པར་བཀྲམས་ཏེ་སྤྱི་ཚོགས་ཀྱི་བརྟན་ལྷིང་དཀྲུགས་པའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

དྲ་རྒྱ་ཐོག་ས་འགུལ་དང་འབྲེལ་བའི་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་མི་བཞི་བཀག་ཉར་བྱས་འདུག

རྒྱ་གཞུང་གི་སྤྱི་བདེ་ལས་ཁུངས་ནས་རྔ་བ་གཟི་རྩ་སྡེ་དགུ་རྫོང་དུ་ས་འགུལ་གྱི་གནད་དོན་དང་འབྲེལ་ནས་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་དྲ་རྒྱ་བཀོལ་སྤྱོད་བྱེད་མི་བཞི་འཛིན་བཟུང་བྱས་འདུག དེའང་རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་ཐོག་གནས་ཚུལ་ཐོན་པའི་ནང་གསལ་ལྟར་ན། རྒྱ་ནག་གི་སྤྱི་བདེ་ལས་ཁུངས་ཀྱིས་མི་བཞི་པོ་དེ་དག་གིས་ཚོགས་སྡེ་ཁག་ཅིག་གི་མིང་བེད་སྤྱོད་བྱས་ནས་བརྒྱུད་ལམ་ཐོག་ས་ཡོམ་དང་འབྲེལ་བའི་གཞི་མེད་ཀྱི་གནས་ཚུལ་རིགས་སྤེལ་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། བྱ་སྤྱོད་དེ་དག་རིགས་ཀྱིས་སྤྱི་ཚོགས་ཐོག་ཟིང་ཆ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ལ་དཀྲུག་གཞི་བཟོས་ཡོད་པ་བརྗོད་འདུག་པ་མ་ཟད། འབྲེལ་ཡོད་ལས་ཁུངས་ནས་ས་ཡོམ་ཁྲོད་མི་མང་གི་བདེ་དོན་ཆེད་ཚོགས་པ་ཆེད་བཙུགས་ཀྱིས་ཞལ་འདེབས་བསྡུ་འགོད་བྱེད་པའི་ཐད་ལའང་ཞིབ་དཔྱོད་བྱས་འདུག འོན་ཀྱང་རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་གི་གནས་ཚུལ་དེའི་ནང་མི་བཞི་པོ་དེ་དག་སུ་ཡིན་དང་ཁོང་རྣམ་པ་རྒྱ་རིགས་དང་བོད་རིགས་གང་ཡིན་སོགས་ཀྱི་གནས་ཚུལ་ཁ་གསལ་གང་ཡང་བཀོད་མི་འདུག རྩ་བའི་རྒྱ་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་ རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་ཁོངས་སུ་ཟླ་བ་འདིའི་ཚེས་ ༨ ཀྱི་དགོང་དྲོ་ཚོུད་ ༩།༡༩ ཙམ་ལ་ས་ཡོམ་ཤུགས་ཚད་རིམ་པ་ ༧ ཅན་ཞིག་བརྒྱབ་སྟེ་ད་བར་ཁྱོན་མི་ ༢༤ གྲོངས་པ་དང་མི་ ༤༩༣ ལ་རྨས་སྐྱོན་ཕོག་ཡོད་པ་རེད། རྒྱ་ནག་གཞུང་ནས་དེ་སྔོན་ཁུལ་དེར་ས་ཡོམ་བྱུང་མ་ཐག་ཡོངས་ཁྱབ་བཀོད་ཁྱབ་ཅིག་བཏང་སྟེ་རྒྱ་ནག་ནང་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གཙོས་པའི་རྒྱལ་སྤྱིའི་གསར་ཁང་རྣམས་ནས་རྔ་བ་གཟི་རྩ་སྡེ་དགུའི་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་སྐབས་དང་། ལྷག་པར་དུ་ས་ཡོམ་གྱི་གོད་ཆག་དེའི་ཁྲོད་ཚེ་སྲོག་ཤོར་བོའི་མིའི་ཁ་གྲངས་རིགས་བཀོད་སྐབས་རྒྱ་ནག་གཞུང་འབྲེལ་གསར་ཁང་ Xinhua ལ་གཞི་བཅོལ་དགོས་པ་མ་ཟད། པར་རིས་དང་བརྙན་ཐུང་རིགས་ཀྱང་གསར་ཁང་གི་དྲ་བ་དང་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་གནས་སོགས་ཀྱི་ཐོག་ལའང་འཇོག་རྒྱུར་ཚོད་འཛིན་བྱེད་དགོས་པ་བཀོད་ཡོད་པ་རེད།

བླ་རུང་སྒར་གྱི་བཙུན་མ་ཚེ་རིང་སྒྲོན་མ་ལགས་ཀྱི་ཞལ་ཆེམས་ཕྱིར་འགྱུར་བྱུང་འདུག

ཕ་ཡུལ་ཁྱུང་མཆུ་རྫོང་རྨེ་བ་ཡུལ་ཕྱོགས་ནས་ཡིན་པའི་བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་སྔ་ལོ་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་བཏང་པར་མ་བཟོད་ནས་རང་སྲོག་བཅད་དེ་སྐབས་དེར་ཁོང་གིས་བྲིས་པའི་ཞལ་ཆེམས་ཡི་གེ་ཞིག་ད་ཆ་གཞི་ནས་ཕྱིར་འགྱུར་བྱུང་འདུག དེ་ཡང་ཨོ་སི་ཊོ་ལི་ཡར་གནས་སྡོད་བཙུན་མ་ཁོང་གི་གྲོང་པ་གཅིག་པ་ཆབ་སྲིད་བཙོན་ཟུར་ཤེལ་དགེ་འདུན་ཚེ་རིང་ལགས་སུ་བོད་ནས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ཁོང་གིས་གསུངས་པར་བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་རྒྱ་གཞུང་གིས་བླ་རུང་སྒར་དགོན་པ་གཏོར་བཤིག་བཏང་པར་མ་བཟོད་ནས་རང་སྲོག་བཅད་དེ་ད་ཆ་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་མཚམས་འདིར་སྐབས་དེར་ཁོང་གི་ཤུལ་དུ་ཞལ་ཆེམས་ཡི་གེ་ཞིག་བཞག་ཡོད་པ་ཁོང་གི་འབྲེལ་ཡོད་ནས་ཟླ་ ༨ ཚེས་ ༡༢ ཉིན་གཞི་ནས་བྱེས་སུ་ཕྱིར་འགྱར་གནང་འདུག དེའི་ནང་ཁོང་ནས་ངའི་སེམས་པ་འདི་ཧ་ཅང་སྐྱོ། རྒྱུ་མཚན་རྒྱ་ནག་གཞུང་གིས་ཆོས་སློབ་པ་ལའང་རང་དབང་སྤྲོད་ཀྱི་མི་འདུག སྡོད་ཤག་ཆུང་ཆུང་དེ་ཚོའང་བཤིག་བཞག་ཐལ། ང་ཤི་ན་དགའ་ཞེས་བྲིས་ཡོད་པ་མངོན་རྒྱུ་འདུག སྐབས་དེར་རྒྱ་གཞུང་གིས་བཙུན་མ་ཁོང་ནས་རང་སྲོག་བཅད་པའི་དོན་རྐྱེན་བྱུང་རྗེས་ཁོང་གི་ནང་མིར་ཆེས་དམ་དྲག་དང་འཇིགས་སྣང་སྐུལ་བའི་རྐྱེན་གྱིས་ད་བར་ཞལ་ཆེམས་དེ་བོད་ཕྱི་ཕྱོགས་སུ་བཏང་མ་ཕོད་པར་ཉར་དགོས་བྱུང་ཡོད་པ་རེད་འདུག གཞི་རྩའི་བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་སྔ་ལོ་ཟླ་ ༨ ཚེས་ ༡༧ ཉིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བཅད་སྐབས་ཁོང་དགུང་ལོ་ ༢༠ ཡིན་པ་དང་། རྒྱ་གཞུང་གིས་བླ་རུང་ཆོས་སྒར་གཏོར་བཤིག་བཏང་དང་གཏང་མུས་ཀྱི་ལས་གཞི་དེའི་རྐྱེན་པས་ཁོང་གིས་གཙོས་པའི་ད་བར་བཙུན་མ་གསུམ་ནས་རང་སྲོག་བཅད་པའི་གནས་ཚུལ་ཐོན་ཡོད་པ་རེད། དེང་སྐབས་བླ་རུང་སྒར་དང་འབྲེལ་བའི་གནས་ཚུལ་གསར་དུ་ཐོན་ཁག་ལས་བོད་གསེར་རྟ་ཁུལ་གྱི་ཆོས་སྡེ་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་བཏང་སྟེ། གྲྭ་ཤག་ཁག་གཏོར་བཤིག་བཏང་པའི་ས་ཆ་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་སའི་རྒྱ་ལམ་དང་སྐས་བརྫེགས་ས་སྟོང་སོགས་གསར་རྒྱག་བྱེད་བཞིན་ཡོད་པ་མ་ཟད་རྒྱ་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པར་དམིགས་ཏེ་གཞི་རྒྱ་ཆེ་བའི་མགྲོན་ཁང་ཁག་ཅིག་གསར་རྒྱག་བྱེད་བཞིན་ཡོད་པ་མ་ཟད། ཆོས་སྡེ་དེར་ད་ཆ་ནང་ཆོས་སློབ་གཉེར་བ་ལས་ཡུལ་སྐོར་སྤྲོ་འཆམ་པ་མང་བ་ཆགས་ཡོད་པ་ཤེས་རྟོགས་ཐུབ་ཡོད།  

བོད་མཐོ་སྒང་ཐོག་གོད་ཆག་ཡང་ཡང་འབྱུང་བཞིན་པའི་རྒྱུ་རྐྱེན་ངོ་མ་ཇི་ཡིན་རྩད་ཞིབ་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རྔ་བ་གཟི་རྩ་སྡེ་དགུ་རྗོང་གྱི་ས་ཡོམ་ཁྲོད་གོད་ཆག་ཕོག་པའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་འདས་གྲོངས་སུ་གྱུར་བ་རྣམས་ལ་མྱ་ངན་ཞུས་པ་ཆབས་གཅིག དེང་སྐབས་བོད་མཐོ་སྒང་སྟེང་འབྱུང་བའི་གོད་ཆགས་དེ་རིགས་ཡང་ཡང་འབྱུང་བཞིན་ཡོད་སྟབས་དེ་དག་གི་རྒྱུ་རྐྱེན་ངོ་མ་གང་ཡིན་ངེས་པར་དུ་རྩད་ཞིབ་གནང་དགོས་གལ་ཡིན་པའི་འབོད་སྐུལ་གནང་འདུག དེའང་ཕྱི་ཚེས་ ༡༢ ཉིན་བོད་མིའི་སྒྲིགས་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གིས་བོད་མིའི་ཐོག་དབང་སྒྱུར་བྱེད་ཆེད་འཛུགས་སྐྲུན་ལས་གཞི་ཚད་ལས་བརྒལ་བ་བྱས་པ་དང་། ཁོར་ཡུག་ལ་བག་ཚ་སྤུ་ཙམ་མེད་པར་ཁྲིམས་མེད་ལུང་མེད་ཀྱི་སྲིད་བྱུས་ལག་བསྟར་བྱས་པའི་ཉེར་ལེན་གྱིས་བོད་མིའི་སྲོལ་རྒྱུན་ལམ་སྲོལ་ཙམ་མ་ཟད་ཧ་ཅང་འཇིག་སླ་བའི་བོད་མཐོ་སྒང་གི་ཁོར་ཡུག་རྩ་མེད་གཏོང་བཞིན་ཡོད་སྐོར་མངོན་གསལ་གནང་འདུག ཁོང་གིས་ད་དུང་རྒྱ་གཞུང་གིས་བོད་ནང་ཕྱི་མི་གནས་སྤོས་དང་གང་བྱུང་གཏེར་ཁ་སྔོག་འདོན། དེ་བཞིན་ཆུ་མཛོད་ཀྱི་ལས་གཞི་ཚད་ལས་བརྒལ་བ་གསར་རྒྱག་བྱེད་བཞིན་པའི་ཁྲོད་འདས་པའི་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོ་སོ་སོའི་ནང་ས་གནས་སུ་ཆུ་ལོག་དང་གངས་རུད། ས་རུད་སོགས་ཀྱི་འབྱུང་བའི་འཇིགས་པ་གཅིག་རྗེས་གཉིས་མཐུད་བྱུང་ཡོད་པ་ལུང་འདྲེན་གནང་པ་དང་ལྷན་ཅིག་ཏུ་རྒྱ་གཞུང་གི་ངོས་ནས་གནད་དོན་དེ་དག་ལ་བསམ་ཞིབ་ནན་པོ་གནང་སྟེ་རང་ཉིད་ཀྱི་སྲིད་བྱུས་ལ་བསྐྱར་བཅོས་བྱེད་དགོས་སྐོར་གསུངས་འདུག གཞི་རྩའི་རྒྱ་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་ཁོངས་སུ་ཟླ་བ་འདིའི་ཚེས་ ༨ ཀྱི་དགོང་དྲོ་ཚོུད་ ༩།༡༩ ཙམ་ལ་ས་ཡོམ་ཤུགས་ཚད་རིམ་པ་ ༧ ཅན་ཞིག་བརྒྱབ་སྟེ་ད་བར་ཁྱོན་མི་ ༢༤ གྲོངས་པ་དང་མི་ ༤༩༣ ལ་རྨས་སྐྱོན་ཕོག་ཡོད་པ་རེད། ས་ཡོམ་གྱི་འཇིགས་པའི་ཁྲོད་གཟི་རྩ་སྡེ་དགུ་རྫོང་གི་གཡུང་དྲུང་བོན་གྱི་དགོན་པ་ཆེ་ཤོས་རབ་དབེན་དགོན་བཀྲིས་ཕུན་ཚོགས་གླིང་གི་གཡུང་དྲུང་ལྷ་རྩེ་མཆོད་རྟེན་དང་འདུ་ཁང་སོགས་ལ་གས་སྲུབས་བྱུང་ཡོད་པ་དང། དགོན་པའི་གྲྭ་བཙུན་རྣམས་ནས་ས་ཡོམ་ལས་གཡོལ་ཆེད་ཕྱི་ལོགས་སུ་བཞུགས་དགོས་བྱུང་བའི་གནས་ཚུལ་ཡང་བྱུང་ཡོད་པ་མ་ཟད། གཟི་རྩ་སྡེ་དགུར་ས་ཡོམ་བྱུང་རྗེས་ནོར་གླིང་རྦབ་ཆུ་དང་མེ་སྟག་མཚོ་སོགས་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་རང་བྱུང་ཁམས་ཀྱི་མཛེས་ལྗོངས་མི་ཉུང་བར་གཏོར་སྐྱོན་ཚབས་ཆེན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད། སྐད་འཕྲིན་ནང་གནད་དོན་དེ་དང་འབྲེལ་བོད་མི་ཚོས་ས་ཡོམ་དེ་ནི་རང་བྱུང་ཁམས་ལ་ཚད་ལས་བརྒལ་བའི་གཏོར་བཤིག་བཏང་བའི་མཇུག་འབྲས་ཞིག་ཡིན་པ་དང་ཕྱི་རབས་པ་ཚོས་དོགས་ཟོན་ནན་མོ་དགོས་པའི་འབོད་སྐུལ་དང་། ཡང་ཁག་ཅིག་གིས་སྙིང་རྗེ་མེད་པའི་འབྱུང་བའི་འཇིགས་པ་རྣམས་ཉམ་ཆུང་གི་མི་ཚོས་ཨུ་ཚུགས་ཀྱིས་བཟོད་བསྲན་བྱེད་རྒྱུ་ལས་བྱ་ཐབས་གང་ཡོད་དམ་ཞེས་སོགས་ཀྱི་མཆན་མང་པོ་བཀོད་འདུག རྩ་བའི་གཟི་རྩ་སྡེ་དགུ་ནི་རྒྱ་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གཟི་རྩ་སྡེ་དགུ་རྫོང་དུ་ཡོད་ཅིང་། ལུང་པ་དེར་ཤུག་གཅོད་སྡེ་བ་དང་འོ་ཟོ་སྡེ་བ།རྫི་ཚ་བ་སྡེ་བ་སོགས་སྡེ་བ་དགུ་ཡོད་སྟབས་ཡུལ་དེའི་མི་དེ་ལྟར་བཏགས་པ་རེད་འདུག

བོད་རྔ་བ་ཁུལ་གྱི་ས་ཡོམ་དང་འབྲེལ་བའི་གནས་ཚུལ་རྣམས་རྒྱ་ནག་གཞུང་འབྲེལ་གསར་ཁང་ Xinhua ལ་གཞི་བཅོལ་དགོས་པའི་བཀོད་ཁྱབ།

དེ་ཡང་ China Digital Times ཞེས་པའི་གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཁ་སང་རྒྱ་ནག་གཞུང་ནས་ཡོངས་ཁྱབ་བཀོད་ཁྱབ་ཅིག་བཏང་པའི་ནང་རྒྱ་ནག་ནང་ཡོད་པའི་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གཙོས་པའི་རྒྱལ་སྤྱིའི་གསར་ཁང་རྣམས་ནས་ཁ་ཉིན་ཕྱི་ཚེས་ ༨  དགོང་མོ་རྒྱ་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་ཁོངས་སུ་ས་ཡོམ་བརྒྱབ་པའི་གནས་ཚུལ་དང་། ལྷག་པར་དུ་ས་ཡོམ་གྱི་གོད་ཆག་དེའི་ཁྲོད་ཚེ་སྲོག་ཤོར་བོའི་མིའི་ཁ་གྲངས་རིགས་གནས་ཚུལ་རྣམས་རྒྱ་ནག་གཞུང་འབྲེལ་གསར་ཁང་ Xinhua ལ་གཞི་བཅོལ་དགོས་པའི་དམ་བསྒྲགས་བཀོད་ཁྱབ་བཏང་འདུག གསར་ཁང་དེའི་ངོས་ནས་ད་ལྟའི་ཆར་གནས་ཚུལ་ཡོང་ཁུངས་ཀྱི་བདེ་འཇགས་སོགས་ལ་དམིགས་ཏེ། དམ་བསྒྲགས་བཀོད་ཁྱབ་དེ་རྒྱ་གཞུང་གི་ལྷན་ཁང་དང་འགོ་ཁྲིད་སོགས་གང་གིས་བཏང་ཡོད་མེད་གསལ་ཁ་མེད་ཀྱང་།  དེའི་ནང་དུ་རྒྱ་ནག་གཞུང་ནས་མང་ཚོགས་ཁྲོད་ས་ཡོམ་དང་འབྲེལ་བའི་བསམ་ཚུལ་རྣམས་འགོག་ཐབས་སོགས་ལ་ཆེད་དམིགས་ཀྱིས་གསར་ཁང་ཁག་ནས་སྐབས་དེའི་ས་ཡོམ་དང་འབྲེལ་བའི་པར་རིས་དང་བརྙན་ཐུང་རིགས་ཀྱང་གསར་ཁང་གི་དྲ་བ་ཙམ་མ་ཟད། སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་གནས་སོགས་ཀྱི་ཐོག་ལ་འཇོག་རྒྱུར་ཚོད་འཛིན་བྱས་ཡོད་པ་བཀོད་འདུག གཞི་རྩའི་ཁ་ཉིན་ཕྱི་ཚེས་ ༨ ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་ཁོངས་སུ་ས་འགུལ་ཤུགས་ཚད་རིམ་པ་བདུན་ཅན་དེའི་ཁྲོད་དུ་མི་ ༡༩  ལྷག་གི་ཚེ་སྲེག་ཤོར་ཡོད་པ་མ་ཟད། ས་གནས་ཀྱི་སྡོད་ཁང་འབུམ་གཅིག་ལྷག་ལ་གས་རྡིབ་དང་། གཞུང་ལམ་དང་ཁང་པ། གཞུང་ལམ་ཁག་བཅད་པ་སོགས་ཀྱི་གོད་ཆག་བྱུང་ཡོད་པ་རེད།  དེ་རིང་ཚེས་ ༡༠ ཉིན་བརྒྱུད་ལམ་ཁག་ཏུ་མུ་མཐུད་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། དོན་རྐྱེན་དེའི་ཁྲོད་མི་བརྒྱ་ལྷག་གི་ཚེ་སྲོག་ཤོར་བ་དང་།  ༡༥༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པར་ཚོད་དཔག་གནང་བཞིན་འདུག ལྷག་པར་དུ་ས་ཁུལ་དེ་ནི་རྒྱུན་ལྡན་ནས་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་འགྲོ་ཡུལ་གྱི་ས་ཚིགས་གཙོ་བོ་ཞིག་ཆགས་ཀྱི་ཡོད་སྟབས། ས་གནས་རྒྱ་གཞུང་ལས་བྱེད་ཀྱིས་གོད་ཆག་དེའི་འོག་ས་གནས་ཀྱི་ཡུལ་མི་ཙམ་མ་ཟད།  ཡུལ་སྐོར་སྤྲོ་འཆམ་པ་མི་ཉུང་བ་ཞིག་ལ་རྨས་སྐྱོན་དང་ཚེ་སྲོག་ཤོར་ཡོད་པར་ཚོད་དཔག་གནང་མུས་ཡིན་པ་དང་། ཁ་སང་ཁུལ་དེ་ནས་ཡུལ་སྐོར་སྤྲོ་འཆམས་པ་ཁྲི་གསུམ་ལྷག་གནས་སྤོས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་ཀྱང་བྱེད་ཀྱི་འདུག ད་ལྟའི་ཆར་ས་གནས་དེར་ཛ་དྲག་གི་གནས་ལས་སྐྱོབ་ཕྱིར་མི་སྣ་ཆིག་སྟོང་ལྷག་འགྲེམས་འཇོག་གིས་སྨན་བཅོས་དང་ས་འོག་ལ་ཐིམ་པའི་མི་སྣ་འཚོལ་ཞིབ་སོགས་ཀྱི་ལས་འགུལ་སྤེལ་མུས་ཡིན་པ་མ་ཟད་ཉེན་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ཁོངས་སུ་ཡོད་པ་རྒྱ་ནག་སྡེ་ཚན་གྱི་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པའི་མགྲིན་ཚབ་པ་ Gwendolyn Pang གྱིས་ཐེངས་འདིའི་ས་ཡོམ་གྱི་གོད་ཆག་འོག་ས་གནས་ཀྱི་གནས་སྟངས་ནག་ཁུང་ཞིག་ཏུ་གྱུར་ཡོད་སྟབས།  ད་ལྟའི་ཆར་མི་ཤི་གོད་ཆག་དང་གནོད་འཚེ་ཕོག་པ་སོགས་ཇི་བྱུང་ཤེས་རྟོགས་དཀའ་བས་ངེས་རྙེད་བརྗོད་དཀའ་བའི་གནས་ཡིན་སྐོར་གསུངས་འདུག རྩ་བའི་རྒྱ་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་སོགས་ཀྱི་གོད་ཆག་བྱུང་བ་ད་རེས་ཐེངས་དང་པོ་མ་ཡིན་པར། འདས་པའི་ལོ་དུས་ནང་ལ་ས་ཡོམ་ཤུགས་ཚད་རིམ་པ་མི་འདྲ་བ་མི་ཉུང་བ་ཞིག་བྱུང་ཡོད་པ་དང་། དེ་དག་ཁྲོད་ནས་ཕྱི་ལོ་ ༢༠༡༣  ལོར་སི་ཁྲོན་ཡཱ་ཨན་ཁུལ་དུ་ས་ཡོམ་ཤུགས་ཚད་རིམ་པ་བདུན་ཅན་བྱུང་བ་དེའི་ཁྲོད་མི་གྲངས་ ༢༠༠ ལྷག་གི་ཚེ་སྲོག་དང་མང་ཚོགས་ ༡༥༠༠༠ ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་ཁུལ་དེར་ས་ཡོམ་ཤུགས་ཚད་རིམ་པ་བརྒྱད་ཅན་བྱུང་བ་དེའི་ཁྲོད་མང་མི་ཁྱོན་ ༨༠ ལྷག་གི་ཚེ་སྲོག་ཤོར་བ་དང་དེ་བཞིན་མང་ཚོགས་༣༧༠༠༠༠ ལྷག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད།  

རྒྱ་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་བཏང་པའི་ས་ཁུལ་ཁག་ཡུལ་སྐོར་སྤྲོ་འཆམ་པའི་འགྲོ་ལམ་བཟོ་བཞིན་པ་ར་སྤྲོད་བྱུང་འདུག

དེ་རིང་ཟླ་ ༨ ཚེས་ ༡༠ ཉིན་རྒྱབ་ཏུ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ནོར་བུ་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་འདས་པའི་དུས་ཡུན་ནང་གསང་བའི་ཐོག་བོད་ནང་ནས་གསེར་རྟ་བླ་རུང་སྒར་དང་འབྲེལ་བའི་གནས་ཚུལ་པར་རིས་དང་བརྙན་ཐུང་སོགས་ཡོད་པ་མཁོ་སྒྲུབ་ཞུས་པ་ཁག་ཅིག་གཟིགས་འབུལ་དང་སྦྲགས། ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་སྔ་ལོ་ཕྱི་ལོ་ ༢༠༡༦ ཟླ་ ༧ ནས་འདི་ལོའི་ཟླ་ ༤ བར་བསྟུད་མར་བོད་གསེར་རྟ་ཁུལ་གྱི་ཆོས་སྡེ་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་བཏང་སྟེ། གྲྭ་ཤག་ཁག་གཏོར་བཤིག་བཏང་པའི་ས་ཆ་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་སའི་རྒྱ་ལམ་དང་སྐས་བརྫེགས་ས་སྟོང་སོགས་གསར་རྒྱག་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་། གཞན་ཡང་རྒྱ་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པར་དམིགས་ཏེ་གཞི་རྒྱ་ཆེ་བའི་མགྲོན་ཁང་ཁག་ཅིག་གསར་རྒྱག་བྱེད་བཞིན་ཡོད་པ་ཟད། ཆོས་སྡེ་དེར་ད་ཆ་ནང་ཆོས་སློབ་གཉེར་བ་ལས་ཡུལ་སྐོར་སྤྲོ་འཆམ་པ་མང་བ་ཆགས་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

བོད་རྔ་པ་གཟི་རྩ་སྡེ་དགུ་རྫོང་ཁུལ་དུ་ས་ཡོམ་འོག་མི་ ༡༩ ཚེ་སྲོག་ཤོར་འདུག

རྒྱ་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་ཁོངས་སུ་ཁ་སང་དགོང་དྲོ་ཚོུད་༩།༡༩ ཙམ་ལ་ས་ཡོམ་ཤུགས་ཚད་རིམ་པ་ ༧ ཅན་ཞིག་བརྒྱབ་ནས་དེ་རིང་ཉིན་གུང་ཚོུད་ ༡།༠༠ བར་མི་ ༡༩ འི་ཚེ་སྲོག་ཤོར་ཡོད་པ་ཤེས་རྟོགས་བྱུང་འདུག ད་ལྟའི་གནས་སྐབས་སུ་བརྒྱུད་ལམ་ཁ་ཤས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་ཡོམ་བྱུང་ས་དེར་ནམ་རྒྱུན་ཕྱི་ནས་ཡུལ་སྐོར་བ་མང་དག་ཕེབས་ཡུལ་ཞིག་ཆགས་ཀྱི་ཡོད་སྟབས། རྐྱེན་འདས་སུ་སོང་མཁན་ཁོངས་སུ་ས་གནས་ཀྱི་མི་ཙམ་མ་ཟད་རེ་ཟུང་ཡུལ་སྐོར་སྤྲོ་འཆམ་བ་ཡིན་པ་གསུངས་འདུག ད་བར་ཤེས་རྟོགས་བྱུང་བར་ས་ཡོམ་གྱི་འཇིགས་པ་དེའི་ཁྲོད་དུ་རྨས་སྐྱོན་ཕོག་མཁན་མི་གྲངས་ ༢༤༧ དང་རྨས་སྐྱོན་ཚབས་ཆེ་ཕོག་མཁན་མི་གྲངས་ ༤༠ ཡོད་པ་རྣམས་འབྲེ་ལ་ཡོད་ས་གནས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་འདུག འདི་ག་རླུང་འཕྲིན་ཁང་ནས་འབྲེལ་ཡོད་མི་སྣ་ཁག་ཅིག་ལ་བཅར་འདྲི་ཞུས་པའི་ཁྲོད་གཟི་རྩ་སྡེ་དགུའི་ཉེ་འཁྲིས་ས་གནས་ཁག་ཅིག་ཏུ་ས་འགུལ་ཚོར་བ་ཙམ་ལས་ཚེ་སྲོག་ཤོར་བའི་གནས་ཚུལ་ཐོས་རྒྱུ་མི་འདུག་གསུངས་ཀྱི་འདུག བོད་ནང་གི་བོད་སྐད་རླུང་འཕྲིན་དྲ་བ་ཞེས་པའི་ཐོག་གནས་ཚུལ་སྤེལ་བར་གཟི་རྩ་སྡེ་དགུ་རྫོང་དེའི་ནང་གི་གཡུང་དྲུང་བོན་གྱི་དགོན་པ་ཆེ་ཤོས་རབ་དབེན་དགོན་བཀྲིས་ཕུན་ཚོགས་གླིང་གི་གཡུང་དྲུང་ལྷ་རྩེ་མཆོད་རྟེན་དང་འདུ་ཁང་སོགས་ལ་གས་སྲུབས་བྱུང་ཡོད་པ་དང། དགོན་པའི་གྲྭ་བཙུན་རྣམས་ནས་ས་ཡོམ་ལ་གཡོལ་ཆེད་ཕྱི་ལོགས་སུ་བཞུགས་འདུག རྩ་བའི་ཁ་སང་རྔ་པ་གཟི་རྩ་སྡེ་དགུ་རྫོང་ཁུལ་གྱི་ས་ཡོམ་དེ་ཤུགས་ཚད་ཆེ་བ་གྲས་ཤིག་ཆགས་ཀྱི་ཡོད་སྟབས། སི་ཁྲོན་ཞིང་ཆེན་ཁྱབ་ཁོངས་ཀྱི་སྡོད་ཁང་འབུམ་གཅིག་ལྷག་ཙམ་ལ་གས་རྡིབ་དང་། གཞུང་ལམ་ཁག་ཅིག་བཅད་པ་སོགས་གོད་ཆགས་ཆེན་བྱུང་འདུག ཁ་སང་དགོང་དྲོ་ཚོུད་ ༩།༡༩ ཐོག་ས་ཡོམ་ཐོག་མ་དེ་བྱུང་པ་མ་ཟད་དེའི་རྗེས་སུ་ཤུགས་ཚད་ཆུང་བའི་ས་འགུལ་སྔ་རྗེས་བྱུང་འདུག

Latest news