Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

དབྱིན་ཡུལ་དུ་ཚོགས་པའི་ Lush Summit ཐོག་སྒྱུ་རྩལ་གྱི་ལམ་ནས་རྒྱ་གཞུང་གི་བྱ་སྤྱོད་ལ་འགོག་རྒོལ།

དབྱིན་ཡུལ་ནང་ཕྱི་ལོ་ ༢༠༡༧ ལོའི་ Lush Summit ཞེས་པའི་འདུ་འཛོམས་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་ཚོགས་པ་དང་བོད་པའི་རྩོམ་པ་པོ། དེ་བཞིན་ཟིན་བྲིས་བ་ཁག་ཅིག་གིས་སྒྱུ་རྩལ་གྱི་ལམ་ནས་རྒྱ་གཞུང་གི་དྲག་པོའི་བྱ་སྤྱོད་ལ་འགོག་རྒོལ་གནང་འདུག དེ་ཡང་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Lush བྱུག་རྫས་བཟོ་གྲྭས་གོ་སྒྲིག་འོག་ཁུལ་དེའི་རྒྱལ་ས་London ནང་དུ་ཟླ་འདིའི་ཚེས་ ༨ དང་ ༩ བཅས་ཉིན་གཉིས་རིང་ལ་ ༢༠༡༧ ལོའི་ Lush Summit ཞེས་པའི་འདུ་འཛོམས་ཚོགས་ཡོད་པ་རེད། འདུ་འཛོམས་དེའི་ཐོག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ངེས་བསྟོན་པ་ Alison Reynolds ལགས་ཀྱིས་གཙོས་པའི་ལས་བྱེད་ཁག་ཅིག་དང་། དབྱིན་ཡུལ་ནང་བཅའ་བསྡོད་རི་མཐོ་ས་གཙང་དྲ་རྒྱའི་རྩོམ་སྒྲིག་པ་བདེ་ཆེན་སྤེན་པ་ལགས་དང་། ལྷ་དཀར་ཉིན་དེབ་ཅེས་པའི་དྲ་ཚིག་གསར་གཏོད་པ་ཀུན་བཟང་སྐལ་ལྡན་ལགས་སོགས་མཉམ་ཞུགས་གནང་སྟེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་སྒོས་བོད་མིའི་འཐབ་རྩོད་སྐོར་མང་ཚོགས་ལ་གཏམ་བཤད་གནང་འདུག སྐབས་དེར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ངེས་བསྟོན་པ་ Alison Reynolds ལགས་ཀྱིས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་ནང་གི་བོད་མི་རྣམས་ལ་སྨྲ་བརྗོད་དང་འདུ་འཛོམས་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་མེད་པ་མ་ཟད། བོད་ནང་རྒྱལ་སྤྱིའི་གསར་འགོད་པ་འགྲོ་འོང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་སྐོར་སོགས་ངོ་སྤྲོད་གནང་འདུག བོད་མིའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་བོད་མི་ ༡༤༠ ལྷག་གིས་སྐུ་ལུས་ཞུགས་འབུལ་གནང་པའི་དངོས་ཡོད་གནས་ཚུལ་རྣམས་མང་ཚོགས་ལ་འགྲེལ་བརྗོད་ནན་པོ་གནང་ཡོད་པ་རེད། རི་མཐོ་ས་གཙང་དྲ་རྒྱའི་རྩོམ་སྒྲིག་པ་བདེ་ཆེན་སྤེན་པ་ལགས་ཀྱིས་རྒྱ་ནག་ལ་ཡོད་པའི་བོད་པིའི་བེུད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་རྒྱ་གཞུང་གི་གནོན་ཤུགས་སོགས་ལ་མ་ལྟོས་པར་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དཔྱད་རྩོམ་རིགས་རྒྱལ་སྤྱིའི་ཐོག་སྤེལ་བཞིན་ཡོད་པ་མང་ཚོགས་ལ་ངོ་སྤྲོད་གནང་པ་ཆབས་ཅིག གཞུང་གི་སྲིད་བྱུས་འོག་བོད་པའི་གཞས་པ་གཞས་མ་དང་རྩོམ་པ་པོ་རྣམས་ལ་བསམ་བརྗོད་ཀྱི་རང་དབང་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་སྐོར་མངོན་གསལ་གནང་འདུག ལྷ་དཀར་ཉིན་དེབ་ཀྱི་དྲ་ཚིག་གསར་གཏོད་པ་ཀུན་བཟང་སྐལ་ལྡན་ལགས་ཀྱིས་ཀྱང་ལྷ་དཀར་ལས་འགུལ་གྱི་བྱུང་རབས་དང་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་པའི་སྒྱུ་རྩལ་བ་ཚོའི་ཕྱག་ལས་གནང་ཕྱོགས་སྐོར་ལ་ཡང་ངོ་སྤྲོད་གནང་ཡོད། གཞི་རྩའི་ད་ལན་ Lush Summit ཞེས་པའི་འདུ་འཛོམས་དེའི་ཐོག་ Lush བཟོ་གྲྭའི་ཐོན་སྐྱེད་ཁག་མང་ཚོགས་ལ་འགྲེམས་སྟོན་དང་རིན་མེད་ཐོག་འགྲེམས་སྤེལ་གནང་པ་མ་ཟད། རྒྱལ་སྤྱིའི་ཆབ་སྲིད་དང་ཁོར་ཡུག་གི་གནད་དོན། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་སེམས་ཅན་གྱི་རང་དབང་སོགས་ཀྱི་ཐོག་ཕྱག་ལས་གནང་མཁན་གྱི་ཚོགས་པ་འདྲ་མིན་གྱི་ལས་འཆར་དང་འཐབ་རྩོད་བཅས་ཀྱི་སྐོར་མང་ཚོགས་ལ་མངོན་པ་གསལ་བའི་འགྲེལ་བརྗོད་ཞུ་རྒྱུའི་སྡིངས་ཆ་ཞིག་ཀྱང་བསྐྲུན་ཡོད།

ཨ་རིའི་ཕྱི་སྲིད་བློན་ཆེན་གསར་པས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཅེས་གསུངས་པ།

ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་གསར་དུ་བསྐོ་གཞག་གནང་པའི་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Rex Tillerson ལགས་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཅེས་གསུངས་འདུག ཁ་སང་ཟླ་ ༢ ཚེས་ ༡ ཉིན་ཨ་མི་རི་ཀའི་གྲོས་ཚོགས་ནས་མང་མོས་ཐོག་སྐུ་ཞབས་ Rex Tillerson ལགས་ཨ་རིའི་ཕྱི་སྲིད་བློན་ཆེན་ལ་བསྐོ་གཞག་མ་གནང་པའི་གོང་དུ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྐུ་ཞབས་ Rex Tillerson ལགས་ཀྱིས་མ་འོངས་ལས་དོན་གནང་ཕྱོགས་དང་འབྲེལ་ཨ་རི་དང་རྒྱ་ནག དེ་བཞིན་བོད་བཅས་ཀྱི་གནད་དོན་སྐོར་བཀའ་འདྲི་ཁག་ཅིག་ཞུས་པར།  སྐུ་ཞབས་ Rex Tillerson ལགས་ཀྱིས་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཁྲོད་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཆབ་སྲིད་བཙོན་པའི་གནད་དོན་རྣམས་མུ་མཐུད་གླེང་སློང་གནང་རྒྱུ་ཡིན་ཅེས་གསུངས་པ་མ་ཟད། ལྷག་པར་དུ་ཆོས་དད་ཀྱི་རང་དབང་གཙོ་འཛིན་གྱིས་རྒྱ་གཞུང་གི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་ནང་པ་དང་ཁ་ཆེ། དེ་བཞིན་ཡི་ཤུའི་རྗེས་འབྲང་པ་དང་ཕ་ལུང་ཀུང་རྩ་རླུང་སྒོམ་སྒྲུབ་གནང་མཁན་ཚོའི་རང་དབང་སྲུང་སྐྱོབ་ཐུབ་ཐབས་སུ་ཨ་རིའི་སྲིད་གཞུང་གིས་མུ་མཐུད་རྒྱ་ནག་ནང་གི་ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྣམས་ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་ལོ་འཁོར་སྙན་ཐོའི་ནང་དམིགས་བཀར་གྱིས་ཟུར་བཀོད་གནང་རྒྱུ་ཡིན་ཅེས་གསུངས་འདུག ལྷག་པར་དུ་ཁོང་གིས་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་དང་འབྲེལ་གསུངས་པར་ཨ་མི་རི་ཀའི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་རྒྱ་ནག་གཉིས་ཀྱི་དབར་ལ་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་ཅེས་གསུངས་པ་མ་ཟད། རྒྱ་ནག་གཞུང་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་སྐད་ཡིག་སོགས་མི་རིགས་ཀྱི་ངོ་བོ་མཚོན་པར་བྱེད་པའི་རིག་གཞུང་ཁག་སྲུང་སྐྱོབ་ཐུབ་ཐབས་སུ་རྒྱབ་སྐྱོར་གནང་དགོས་གལ་ཡིན་པའི་སྐུལ་མ་ཡང་གནང་འདུག དེ་བཞིན་ཁོང་གིས་གདེང་ཚོད་ཆེན་པོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་ཅེས་གསུངས་པ་དང་ཆབས་ཅིག རྒྱ་གཞུང་གིས་བོད་ནང་དུ་གསར་འགོད་པ་དང་ཉམས་ཞིབ་པ། སྤྱི་མང་ཐོབ་ཐང་གི་ལས་འགུལ་བ། རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་སྐུ་ཚབ་རྣམས། གཞུང་འབྲེལ་མི་སྣ་སོགས་ལ་མཐོང་མཆན་མ་སྤྲད་པ་དང་།  བོད་ནང་རང་དབང་ཐོག་ཕྱིན་ནས་གནས་ཚུལ་དྲིལ་བསྒྲགས་བྱ་རྒྱུར་དམ་བསྒྲགས་བཀག་འགོག་བྱེད་བཞིན་པ་དེ་ནི་དཀའ་ངལ་ཞིག་ཡིན་སྟབས། རྒྱ་གཞུང་གིས་གནད་དོན་དེར་བསམ་ཤེས་མ་བྱེད་ཚེ་ཨ་རིའི་ངོས་ནས་ཀྱང་མ་འོངས་པར་རྒྱ་རིགས་གསར་འགོད་པ་དང་ཆབ་སྲིད་མི་སྣ་རྣམས་ཨ་རི་ནང་བསྐྱོད་རྒྱུའི་མཐོང་མཆན་ལ་དམ་བསྒྲགས་དང་ཚོད་འཛིན་བྱ་རྒྱུ་ཡིན་ཅེས་གསུངས་འདུག གཞི་རྩའི་སྐུ་ཞབས་ Rex Tillerson ལགས་ཨ་རིའི་ཕྲི་སྲིད་བློན་ཆེན་ལ་བསྐོ་གཞག་མ་གནང་པའི་གོང་དུ་ཨ་རིའི་ Texas མངའ་སྡེའི་ནང་རྟེན་གཞི་བྱས་པའི་ Exxon Mobil ཚོང་ལས་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགན་འཛིན་ཡིན་ཞིང་།  ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ལན་ཊམ་མཆོག་གིས་ཁོང་ཕྱི་སྲིད་བློན་ཆེན་གསར་པར་མིང་འདེམས་གནང་དོན་ལྟར་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ནང་འོས་ཤོག་འཕེན་སྐབས་རྒྱབ་སྐྱོར་གནང་མཁན་འོས་གྲངས་ ༡༡ དང་། དགག་པ་གནང་མཁན་འོས་གྲངས་ ༡༠ བྱུང་། དེ་རྗེས་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཁོང་ལ་རྒྱབ་སྐྱོར་འོས་གྲངས་ ༥༦ དང་། དགག་གྲངས་ ༤༣ བར་གནས་ ༡ བཅས་བྱུང་བ་ལས་ཁོང་ཨ་རིའི་ཕྱི་སྲིད་བློན་ཆེན་གསར་པར་བསྐོ་གཞག་གནང་ཡོད་ཀྱང་། ཨ་རིའི་ཚོང་དང་གསང་བའི་གནས་ཚུལ་སོགས་མང་ཚོགས་ཀྱི་ཁེ་ཕན་ཁག་ལ་དོ་ཕོག་ཤུགས་ཆེ་ཐེབས་སྲིད་པ་སོགས་སྐྱོན་བརྗོད་མང་དག་ཞིག་གནང་ཡོད་པ་རེད།

ཐེ་ཝན་ནང་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས།

ཐེ་ཝན་ནང་བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག དེ་རིང་ཟླ་ ༢ ཚེས་ ༡ སྟེ་རེས་གཟའ་ལྷག་པ་ལྷག་དཀར་གྱི་ཉིན་མོ་དང་བསྟུན་ནས་ཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པས་གོ་སྒྲིག་འོག་ཁུལ་དེར་ཡུལ་སྐོར་སྤྲོ་འཆམ་དུ་ཕེབས་པའི་རྒྱ་རིགས་རྣམས་ལ་བོད་ཀྱི་གནད་དོན་གསལ་བཤད་དང་དྲིལ་བསྒྲགས་གནང་ཕྱིར་ཐེ་ཝན་གྱི་ ༢༢༨ ཞེས་པའི་དྲན་རྟེན་སྐྱེས་མོའི་ཚལ་ནས་དབུ་འཛུགས་ཀྱིས་Taiwai དཔལ་འབྱོར་བསྟི་གནས་དབར་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་རེད། ལས་འགུལ་དེའི་ནང་ས་གནས་བོད་མི་དང་ཁུལ་དེར་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་ཚོགས་མི་དང་མང་གཙོ་དོན་གཉེར་བ་བཅས་ཁྱོན་མི་གྲངས་ ༣༠ ཙམ་གྱིས་མཉམ་ཞུགས་གནང་འདུག ལས་འགུལ་གོ་སྒྲིག་པས་ཡུལ་དེའི་ནང་ཡོད་པའི་གྲགས་ཅན་གྱི་རང་དབང་ཐང་ཆེན་ས་ཚིགས་སུ་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy lim ལགས་གཙོས་པའི་ཁུལ་དེའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་ཚོགས་མི་བཅས་གདན་ཞུས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་འདུག་པ་དང་། སྐབས་དེར་སྐུ་ཞབས་ Freddy Lim ལགས་ཀྱིས་ཐེ་ཝན་གཞུང་མང་དང་གྲོས་ཚོགས་བཅས་ཀྱི་ངོས་ནས་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་དགོས་ཞེས་དང་བོད་པའི་གནམ་ལོ་གསར་ཚེས་དེ་ཟླ་ ༢ པའི་ནང་འཁེལ་གྱི་ཡོད་ཀྱང་། དོན་དངོས་བོད་ཀྱི་ལོ་གསར་དེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནམ་ཞིག་བོད་ནང་ལ་དངོས་སུ་གདན་ཞུས་ཀྱིས་བོད་གཞིས་བྱེས་ལྷན་འཛོམས་ངང་སྲུང་བརྩི་ཞུ་རྒྱུ་དེ་ཆགས་ཀྱི་ཡོད་ཅེས་གསུངས་འདུག དེ་བཞིན་ཁོང་གིས་ད་ལན་བོད་མི་གཅིག་ལ་ཐེ་ཝན་གཞུང་ནས་མཐོ་རིམ་སློབ་གྲྭའི་སློབ་ཡོན་ཐོབ་ཡོད་པ་རེད། མ་འོངས་པའང་བོད་མི་ཚོས་དེ་ལྟར་རག་ཐབས་ལ་འབད་བརྩོན་རྒྱ་གང་ཆེ་གནང་དགོས་གལ་ཡིན་སྐོར་སོགས་གསུངས་ཡོད། ལས་འགུལ་དེའི་དམིགས་གཙོ་བོ་ནི་རྒྱ་ནག་སྐམ་ས་ཆེན་པོ་ནས་ཕེབས་པའི་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་ལ་ལག་བསྟར་བྱེད་བཞིན་པའི་ཆེས་སྡུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་མངོན་གསལ་གནང་སྟེ། རྒྱ་རིགས་མི་དམངས་རྣམས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ཐོག་དོ་སྣང་སྔར་ལྷག་འཕར་མ་ཞིག་སླེབས་ཐབས་ཡིན་པ་རེད་འདུག གཞི་རྩའི་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲིས་ཚེ་རིང་ལགས་ཀྱིས་གཙོ་འགན་བཞེས་ཐོག་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ལོ་བཞི་ཙམ་གྱི་གོང་ནས་བསྟུད་མར་སྤེལ་མུས་ཡིན་པ་དང་། ད་ལན་ཐེངས་ལྔ་པ་དེ་ཆགས་ཀྱི་ཡོད་པ་རེད། རྩ་བའི་ཐེ་ཝན་ནང་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་དེ་རིང་ཟླ་ ༢ ཚེས་ ༡ སྟེ་རེས་གཟའ་ལྷག་པ་ཉིན་ནས་དབུ་འཛུགས་ཀྱིས་ཟླ་ ༣ ཚེས་ ༡༠ བར་རེས་གཟའ་ལྷག་པ་ནམ་ཡིན་ལ་ལས་འགུལ་སྤེལ་གནང་རྒྱུ་རེད་འདུག

ཡུ་རོབ་གྲོས་ཚོགས་སུ་འདི་ལོའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུ་ཐེངས་དང་པོ་ཚོགས་པ།

ཕྱི་ལོ་ ༢༠༡༧ ལོའི་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་དེ་ཁ་སང་ཡུ་རོབ་རྒྱལ་ཁབ་བྷེལ་ཇམ་གྱི་རྒྱལ་ས་ Brussels ནང་དུ་རྟེན་གཞི་བྱས་པའི་ཡུ་་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཚོགས་པ་དང་འབྲེལ་ཏེ་གྲོས་ཚོགས་འཐུས་མི་ཚོས་ཉེ་སྔོན་ཡུ་རོབ་གྲོས་ཚོགས་སུ་གསེར་རྟ་བླ་རུང་ཆོས་སྒར་ཐོག་གྲོས་ཆོད་བཞག་པ་དེ་རྒྱུན་སྐྱོང་ཕྱག་བསྟར་གནང་ཕྱོགས་ཐད་གྲོས་བསྡུར་གནང་འདུག ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Thomas Mann ལགས་ཀྱིས་གཙོ་སྐྱོང་གནང་ཐོག་ཚོགས་འདུ་ཚོགས་འདུག སྐབས་དེར་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Csaba Sogorl ལགས་དང་། Laszlo Tokes ལགས། Nathalie ལགས། Griesbeck ལགས། Tunne Kelam ལགས་དང་དེ་བཞིན་ Brussels བོད་ཀྱི་སྐུ་ཚབ་དོན་ཁང་གི་འབྲེལ་ཡོད་ལས་བྱེད་སོགས་ལྷན་འཛོམས་གནང་འདུག ཁ་སང་ཚོགས་འདུ་དེའི་ཐོག་ཚོགས་བཅར་བ་རྣམས་ཀྱིས་གཙོ་བོ་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༥ ཉིན་ཡུ་རོབ་གྲོས་ཚོགས་ནང་དུ་རྒྱ་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་ཤིག་གཏོང་བཞིན་པ་དེ་འཕྲལ་མར་མཚམས་འཇོག་དགོས་པ་སོགས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་དོན་ལྟར། མུ་མཐུད་རྒྱུན་སྐྱོང་ཕྱག་བསྟར་གནང་ཕྱོག་ཐད་ལ་གྲོས་བསྡུར་གནང་འདུག་པ་དང་། ཚོགས་འདུ་གཙོ་སྐྱོང་བ་སྐུ་ཞབས་ Thomas Mann ལགས་ཀྱིས་ད་ལན་ཡུ་རོབ་གྲོས་ཚོགས་ནང་དུ་གྲོས་ཚོགས་ཀྱི་འཐུས་མི་ཚོས་མང་མོས་ཀྱི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་དེ་ལྟ་བུ་བཞག་ཐུབ་པ་དེས་རྒྱ་གཞུང་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་ཡོད་ཅེས་གསུངས་འདུག དེ་བཞིན་སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Laszlo ལགས་དང་ Tunne Kelam ལགས་རྣམ་གཉིས་ཀྱིས་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ད་ལྟའི་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་རྒྱ་ནག་གཞུང་འཛིན་ལ་མུ་མཐུད་འཐབ་རྩོད་བྱེད་དགོས་པ་དང་འདི་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་ངོས་ནས་ཀྱང་དཔལ་འབྱོར་ཁེ་ཕན་དང་མཉམ་དུ་རང་ཉིད་ཀྱི་ཆེས་མཐོང་དམ་འཛིན་ཐུབ་དགོས་པར་ནན་བརྗོད་གནང་ཡོད་པ་རེད། ཚོགས་འདུའི་ཐོག་བཅར་བའི་སྦར་སེལ་སྐུ་ཚབ་དོན་ཁང་གི་འབྲེལ་ཡོད་ལས་བྱེད་རྣམས་ནས་ཉེ་སྔོན་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕ་རན་སིའི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་མཇལ་འཕྲད་ཀྱིས་ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་ཤིག་གཏོང་བཞིན་པ་དེ་འཕྲལ་མར་མཚམས་འཇོག་དགོས་པ་སོགས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་བཞིན་ཕ་རན་སིའི་ཡུལ་གྱི་གྲོས་ཚོགས་སུའང་དེ་མཚུངས་གྲོས་ཆོད་གཅིག་གཞག་ཐུབ་པ་གནང་རོགས་ཞེས་རེ་འདུན་ཤུགས་ཆེ་བཏོན་སྐོར་སྙན་གསེང་ཞུས་འདུག རྩ་བའི་ཕ་རན་སིའི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཐོག་མར་ཕྱི་ལོ་ ༡༩༩༠ ལོར་དབུ་འཛུགས་གནང་པ་ཞིག་ཡིན་ཞིང་། ཕ་རན་སིའི་གྲོས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་བ་གྲོས་འཐུས་ཁྱོན་ ༤༥ ཡོད་པ་རེད།

སུད་སི་ནང་བསྐྱར་དུ་བོད་མི་ཞི་རྒོལ་བ་ཁག་ཅིག་འཛིན་བཟུང་བྱས་པ།

ཁ་སང་ཚེས་ ༡༨ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཇི་ནི་ཝ་གྲོང་ཁྱེར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་འབྱོར་བསྟུན་ས་གནས་ཀྱི་བོད་མི་བཞི་ཙམ་གྱིས་སུད་སི་གཞུང་ནས་ཆོག་མཆན་གནང་མིན་ལ་ལྟོས་མེད་ཀྱིས་སྐད་འབོད་སོགས་ཞི་རྒོལ་གྱི་ལས་འགུལ་སྤེལ་སྟབས། དེ་མ་ཐག་ཁོང་རྣམས་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག དེའང་སུད་སིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་མི་ལས་འགུལ་བ་བཞིས་སྲིད་འཛིན་ཞི་ཅིང་ཕིང་དང་དེ་བཞིན་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཇེའུ་མི་རིགས་རྩ་གཏོར་གཏོང་ཐབས་བྱེད་མཁན་ Hitler དང་གཅིག་མཚུངས་ངོས་འཛིན་གྱིས་ Xitler ཞེས་འབོད་སྟེ་ Arrest Xitler འམ་ཞི་ཅིང་ཕིང་འཛིན་བཟུང་བྱེད་དགོས་པ་དང། བོད་རང་བཙན་གྱི་ཡིག་སྦྱར་བསྣམས་ཏེ་ཞི་རྒོལ་གནང་འདུག་པ་དང། སྐབས་དེར་སུད་སིའི་ས་གནས་ཉེན་རྟོག་པ་ཉི་ཤུ་རྩ་གྲངས་ཤིག་གིས་ཁོང་རྣམས་རྣམས་འཛིན་བཟུང་བྱས་འདུག སྤྱི་ཚོགས་བརྒྱུད་ལམ་ཁག་གི་སྟེང་དུ་ལས་འགུལ་དེའི་ཁྲོད་བོད་མི་དེ་དག་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཉེ་འགྲམ་དུ་ཡོད་པའི་ཉེན་རྟོག་རླངས་ནང་དུ་བཅུག་པ་མངོན་རྒྱུ་འདུག་པ་དང་དེ་བཞིན་བོད་མི་ཁེར་རྐྱང་ཞིག་གིས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་འཕྱར་ནས་ངོ་རྒོལ་སྐད་འབོད་གནང་པར་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱེད་བཞིན་པ་ཡང་མངོན་རྒྱུ་འདུག Swiss ནང་དུ་རྟེན་གཞི་བྱས་པའི་ཡུ་རོབ་ན་གཞོན་ཚོགས་པའི་གསར་འགོད་འབྲེལ་མཐུད་པ་མིག་དམར་སྒྲོལ་མ་ལགས་ཀྱིས་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་གནང་པར་སྐད་འབོད་ནང་མཁན་བོད་མི་དེ་དག་ཚོགས་པ་དེའི་ཚོགས་མི་ཡིན་པ་དང། ཁོང་ཚོ་ཉེ་སྔོན་ཚེས་ ༡༥ ཉིན་རྒྱལ་ས་ Bern ནང་དུ་ངོ་རྒོལ་གནང་མཁན་ཁོངས་སུ་ཡོད་པ་མ་ཟད། སྐབས་དེར་ཉེན་རྟོག་པས་ཁོང་རྣམས་འཛིན་བཟུང་གིས་ཚོུད་གསུམ་རིང་བཀག་བསྐྱིལ་གནང་ཡོད་སྐོར་གསུངས་འདུག ད་དུང་ཁོང་གིས་གནད་དོན་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་ངོ་བོ་མཚོན་པའི་ Geneva ནང་དུ་བྱུང་བ་ནི་ཧ་ཅང་གི་བློ་ཕམ་གནས་ཚུལ་ཞིག་རེད་ཅེས་གསུངས་འདུག དེ་བཞིན་ཁ་ཉིན་ཚེས་ ༡༧ ཉིན་ Geneva ནང་དུ་ Swiss གཞུང་གིས་ཆོག་མཆན་གནང་པའི་ཐོག་བོད་མིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གྲུབ་མཚམས་ཕྱི་དྲོ་བོད་མི་ ༡༦ གིས་ཁུལ་དེའི་ Lausanne མེ་འཁོར་འབབ་ཚུགས་བརྒྱུད་ Zurich ལ་ཕྱིར་ལོག་བྱེད་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག དེ་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ Davos ནས་ Geneva ནང་དུ་མེ་ཁོར་འབབ་ཚུགས་དེར་འབྱོར་གྱི་ཡོད་སྟབས། སུད་སིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་འཁོད་པར་ཉེན་རྟོག་པ་རྣམས་ནས་བོད་མི་ཚོས་ངོ་རྒོལ་གནང་སྲིད་པར་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག འོན་ཀྱང་བོད་མི་རྣམས་ནས་རྒྱ་ནག་གི་སྲིད་འཛིན་འབབ་ཚུགས་དེར་འབྱོར་གྱི་ཡོད་པ་ཤེས་ཀྱི་མེད་པ་རེད་ཅེས་བཀོད་འདུག  གནད་དོན་དེ་དང་འབྲེལ་ Swiss དང་ Lechtenstien བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་རེས་སུད་སི་གཞུང་གིས་རྒྱ་ནག་ལ་ཧ་ཅང་བསྟུན་དྲག་པའི་རྐྱེན་བོད་མིི་ཚོའི་ཞི་རྒོལ་ལ་བཀག་སྡོམ་གནང་པར་བློ་ཕམ་ཡོད་ཅེས་གསུངས་སོང་། དེའི་ཁྲོད་ TibetTruth ཞེས་པའི་དྲ་རྒྱའི་ཐོག་བོད་དོན་ལས་འགུལ་སྤེལ་མཁན་ཚོགས་པ་དེས་ Swiss གཞུང་འཛིན་པ་རྣམས་ལ་དྲ་རྒྱའི་ཐོག་ཡོངས་བསྒྲགས་ཕྱག་བྲིས་ཤིག་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་ད་ལན་ Swiss གཞུང་གིས་ཕྱི་ཚེས་ ༡༥ ཉིན་རྒྱལ་ས་ Bern ནང་ཞི་ཅིང་ཕིང་འབྱོར་སྐབས་ཁུལ་དེའི་རྒྱ་མི་རིགས་རྣམས་ལ་ཕྲེད་དར་དང་རྒྱ་ནག་གི་དར་ཆ་དམར་པོ་ཁྱེར་ནས་གྲོང་ཁྱེར་ནང་གང་འདོད་བྱེད་བཅུག་ཀྱང་། ས་གནས་གཞུང་གིས་ས་གནས་བོད་མི་རྣམས་ལ་ཞི་ཅིང་ཕིང་ཁུལ་དེར་མ་འབྱོར་བའི་སྔོན་ཚོད་དུ་ངོ་རྒོལ་སྐད་འབོད་གནང་རྒྱུའི་ཆོག་མཆན་སྤྲོད་པ་ལས་དེ་མིན་བཀག་སྡོམ་གནང་པ་དང་། སྐབས་དེར་བོད་མི་ཁག་ཅིག་གིས་ལས་འགུལ་འཕར་མ་སྤེལ་བར་དྲག་གཅོད་པ་ལྟ་བུའི་ཉེན་རྟོག་པས་བཀག་འགོག་དང་། ཁང་རྩེགས་སྟེང་མེ་མདའ་འཁྱེར་མཁན་ Sniper བཞག་ཡོད་པ་སོགས་མངོན་བཏོན་གྱིས་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་སྤེལ་ཡོད་པ་ཐེར་བཏོན་གནང་པ་དང་འབྲེལ་ཏེ་སུད་སི་གཞུང་གི་ངོས་ནས་གནད་དོན་དེ་དག་ཐོག་ལན་འདེབས་གསལ་པོ་ཞིག་གནང་དགོས་པའི་རེ་འདུན་ཞུས་འདུག དེ་བཞིན་ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་ངེས་སྟོན་པ་ Sophie Richardson ལགས་ཀྱི་རང་ཉིད་ཀྱི་འཕྲུལ་བྱའམ་ Twitter ཐོག་ཞི་ཅིང་ཕིང་རྒྱལ་ཚོགས་ནང་སླེབས་སྐབས་རྒྱལ་ཚོགས་ཀྱི་ངོས་ནས་འགྲོ་བ་མིིའི་ཐོབ་ཐང་ཞེས་ཚིག་སྐམ་པོ་གཅིག་ཀྱང་གླེང་སློང་བྱེད་མེད་པར་སྐྱོན་བརྗོད་དང་སྦྲགས། ཞི་ཅིང་ཕིང་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཇིགས་སྐུལ་བ་རེད་ཟེར་མཁན་ཞིག་དང་།  བོད་དང་ Xinjiang ནང་དུ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམ་གནོན་བྱེད་མཁན་ཡིན་པ་མ་ཟད། ད་རེས་རྒྱལ་ཚོགས་ནང་དུ་འཇིགས་སྐུལ་བར་གདོང་ལེན་སོགས་ཀྱི་སྐོར་ལ་གཏམ་བཤད་སྤེལ་བཞིན་པར་འཕྱ་སྨོད་གནང་འདུག ལྷག་དོན་ཁོང་གིས་རྒྱལ་ཚོགས་ནང་དུ་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་བྱེད་བཞིན་པར་ལེགས་སྐྱེས་གང་ཕུལ་དགོས་སམ་ཞེས་དྲི་བ་བཏང་འདུག

ཞི་ཅིང་ཕིང་སུད་སིར་འབྱོར་སྐབས་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

དེའང་ཉིན་གྲངས་གསུམ་རིང་གི་གཞུང་འབྲེལ་འཚམས་གཟིགས་ཆེད་ཁ་སང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་སུད་སིའི་རྒྱལ་ས་ Bern ནང་དུ་འབྱོར་སྐབས་སུད་སིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བའི་བརྒྱུད་བསུ་བ་བྱས་པ་མ་ཟད། སྐབས་དེར་བོད་མི་གཅིག་གིས་ཞི་ཅིང་ཕིང་ལ་རང་ལུས་མེར་བསྲེག་གི་ཐོག་ནས་ངོ་རྒོལ་གནང་ཐབས་ཀྱང་གནང་ཡོད་པ་རེད་འདུག འདི་གར་གནས་ཚུལ་འབྱོར་ཁག་ལ་གཞིགས་ན།  ཁ་སང་རྒྱལ་ས་ Bern ས་གནས་གཞུང་གིས་ས་གནས་བོད་མི་རྣམས་ལ་ཞི་ཅིང་ཕིང་ཁུལ་དེར་མ་འབྱོར་བའི་སྔོན་ཚོད་སྔ་དྲོ་ཚོུད་ ༡༠ ནས་ ༡༢ བར་ཚོུད་གཉིས་རིང་ངོ་རྒོལ་སྐད་འབོད་གནང་རྒྱུའི་ཆོག་མཆན་ཐོབ་དོན་བཞིན་ཁ་སང་སུད་སི་རྒྱལ་སའི་ས་གནས་  Waisenhausplatz ཞེས་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༧༠༠ ནས་ ༨༠༠ བར་འདུ་འཛོམས་ཀྱིས་ཞི་ཅིང་ཕིང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་འདུག དེ་རྗེས་སུད་སི་གཞུང་ནས་ཆོག་མཆན་ཡོད་མེད་ལ་མ་ལྟོས་པར་བོད་མི་གཞོན་སྐྱེས་ལས་འགུལ་བ་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ཚོར་ཤུགས་ཆེན་པོས་ཞི་ཅིང་ཕིང་འབྱོར་ཡུལ་སུས་སི་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་བཅར་ནས་མུ་མཐུད་ངོ་རྒོལ་སྐད་འབོད་གནང་པའི་ཁྲོད་བོད་མི་ ༣༢ ཙམ་རྒྱལ་སའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་བོད་མི་དེ་དག་གི་བོད་རང་དབང་དང་། མི་གསོད་ཁྲག་སྦྱོར་བྱེད་མཁན་དང་ལྷན་ཚོང་འབྲེལ་བྱ་རྒྱུ་མེད་སྐོར་སོགས་འཁོད་པའི་ཕྲེད་དར་འཕྱར་ཞིང་ཞི་ཅིང་ཕིང་གིས་བོད་མི་རིགས་རྩ་གཏོར་དང་གཉའ་གནོན་བྱེད་བཞིན་པ་མཚམས་འཇོག་བྱེད་དགོས་པར་འབོད་ཚིག་བསྒྲོགས་པ་སོགས་མངོན་རྒྱུ་འདུག སུད་སི་གཞུང་གིས་ཞི་ཅིང་ཕིང་སུད་སིར་དངོས་སུ་འབྱོར་སྐབས་ངོ་རྒོལ་སྐད་འབོད་གནང་རྒྱུའི་ཆོག་མཆན་སྤྲོད་མེད་ཀྱང་། ཐེངས་དེའི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་མོལ་ཁྲོད་བོད་དོན་སྙན་ཞུ་ཞིག་སུད་སི་ཕྱི་སྲིད་ལས་འགུལ་བརྒྱུད་སྟེ་རྒྱ་ནག་གཞུང་ལ་ཕུལ་རྒྱུ་དང་བོད་དོན་གླེང་སློང་གནང་རྒྱུའི་ཁས་ལེན་གནང་ཡོད་པ་ལྟར། སུད་སི་བོད་མིའི་ངོས་ནས་བོད་རྒྱ་ཞི་མོལ་གཙོ་བོར་འགྱུར་པའི་བོད་ནང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་གནད་དོན་འཁོད་པའི་ཞུ་སྙན་ཞིག་ཉེ་སྔོན་ཕྱི་ཚེས་ ༡༣ ཉིན་སུད་སི་ཕྱི་སྲིད་ལས་ཁུངས་ལ་ཕུལ་ཟིན་འདུག  དེ་བཞིན་ལས་འགུལ་དེའི་ཁྲོད་བོད་རིགས་སྒྱུ་རྩལ་བ་བློ་བསྟན་རྣམ་གླིང་ལགས་ཀྱིས་གསང་སྤྱོད་ཤོག་བུའི་ཐོག་ནས་ཞི་ཅིང་ཕིང་བསུ་བ་བྱ་རྒྱུའི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་དང་། ལས་འགུལ་བ་མང་དག་ཞིག་གིས་རང་ཁྱིམ་ནས་གསང་སྤྱོད་ཤོག་བུ་འཁྱེར་ནས་དེའི་ཐོག་མཚོན་དམར་པོ་བྱུག་སྟེ་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེ་གནང་འདུག སང་ཉིན་ཚེས་ ༡༧ ཉིན་ཞི་ཅིང་ཕིང་སུད་སི་གྲོང་རྡལ་ Davos ནང་དུ་ Wold Economic Forum འམ་འཛམ་གླིང་ཚོང་འབྲེལ་གླེང་སྟེགས་ཚོགས་འདུ་ཐོག་མཉམ་ཞུགས་བྱ་རྒྱུ་ཡིན་པ་དང་བསྟུན། ས་གནས་བོད་མི་རྣམས་ཀྱིས་ Geneva གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གཏན་འཁེལ་འདུག རྩ་བའི་ཕྱི་ལོ་ ༡༩༩༩ ལོར་རྒྱ་ནག་གི་སྲིད་འཛིན་ཅང་ཙི་མིན་སུད་སིར་སླེབས་སྐབས་བོད་མི་ཚོས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་རྐྱེན་རྒྱ་ནག་གི་སྲིད་འཛིན་གྱིས་སུད་སི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དོ་ཕོག་འགྲོ་སྲིད་པའི་ཉེན་བརྡ་བཏང་བའི་གནད་ཚུལ་བྱུང་ཡོད་པ་རེད།   དེ་རྗེས་ཕྱི་ལོ་ ༢༠༡༤ ལོར་སུད་སི་དང་རྒྱ་ནག་དབར་ཚོང་འབྲེལ་གྱི་གན་རྒྱ་བཞག་ནས་ད་བར་ལོ་  ༡༨ སོང་ཟིན་རྗེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་སུད་སིར་སླེབས་སྐབས་སུད་སི་གཞུང་གིས་སྣེ་ལེན་སོགས་ལ་ཡིད་གཟབ་གནང་ཁྲོད། བོད་མི་རྣམས་ལ་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་སྤྲད་མེད་པར་བརྟེན་དྲ་རྒྱ་དང་བརྒྱུད་ལམ་འདྲ་མིན་ཐོག་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོས་སུད་སི་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་འདུག

ཨ་རི་གྲོས་ཚོགས་ནས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་འཁུར་ཐུབ་ཐབས་ཀྱི་ཁྲིམས་ལུགས་གཏན་འབེབས་གནང་འདུག

ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ངོས་ནས་ Global Magnitsky Human Rights Accountability Act ཞེས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་འཁུར་ཐུབ་ཐབས་དང་འབྲེལ་བའི་ཁྲིམས་འཆར་དེ་བཞིན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཤིག་གི་ངོ་བོར་དངོས་སུ་གཏན་འབེབས་གནང་འདུག དེའང་ཟླ་ ༡༢ ཚེས་ ༩ ཉིན་རྒྱལ་སྤྱིའི་ལྐོག་ཟ་རུལ་སུངས་ལ་གདོང་ལེན་གྱི་ཉིན་མོ་དང་འདི་བཞིན་ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་གཉིས་སྲུང་བརྩི་དང་བསྟུན། ཉེ་ཆར་ཚེས་ ༨ ཉིན་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ངོས་ནས་དེ་སྔ་ ༢༠༡༢ ལོར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Ben Cardin ལགས་ཀྱིས་འདོན་འཇོག་གནང་པའི་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་ཁུར་ཐུབ་ཐབས་ཀྱི་ཁྲིམས་འཆར་དེ་ཨ་མི་རི་ཀའི་རྒྱལ་སྲུང་དབང་ཚད་ཀྱི་ཁྲིམས་གཞིའི་འོག་ ༢༠༡༧ ལོ་ནས་དངོས་སུ་ལག་བསྟར་བྱ་རྒྱུར་གཏན་འབེབས་གནང་ཡོད་པ་དང་། ད་ལྟའི་ཆར་ཁྲིམས་ལུགས་དེ་ཨ་མི་རི་ཀའི་སྲིད་འཛིན་བྷེ་རེཀ་ཨོ་བྷ་མ་མཆོག་གི་མཚན་རྟགས་ཞུ་ཕྱིར་ཕུལ་ཡོད་པ་རེད། གཞི་རྩའི་ཁྲིམས་ལུགས་གསར་པ་དེའི་བརྒྱུད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་སོ་སོའི་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་དང་། ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་བྱེད། དེ་བཞིན་གང་ཟག་སྒེར་བཅས་ཁྲིམས་ཐོག་ནས་ཨ་རིའི་ནང་ཕྱོགས་བསྐྱོད་བྱེད་རྒྱུ། ལྷག་པར་དུ་ཨ་རིའི་དཔལ་འབྱོར་དང་ཚོང་ལས་སོགས་ཀྱི་བསྟི་གནས་ཁང་ནང་མཉམ་ཞུགས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་རྣམས་བཀག་བསྡོམ་གནང་གི་ཡོད་པ་རེད། ཁྲིམས་འཆར་དེ་ཐོག་མར་གྲོས་ཚོགས་སུ་འདོན་འཇོག་གནང་མཁན་སྐུ་ཞབས་ Ben Cardin ལགས་ཀྱིས་ཁྲིམས་འཆར་དེ་ད་ལྟ་དངོས་སུ་ཁྲིམས་ལུགས་ཤིག་ཏུ་གཏན་འབེབས་ཐུབ་པར་དགའ་བསུ་དང་འབྲེལ། ད་བར་རྒྱལ་སྤྱིའི་ཐོག་ལྐོག་ཟ་རུལ་སུངས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུ་དེ་ནི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བ་ཆེ་ཤོས་ཤིག་ཆགས་ཡོད་སྟབས། ཁྲིམས་ལུགས་གསར་པ་དེ་ནི་ཨ་རིའི་ཕྱི་འབྲེལ་ལས་དོན་ལ་ཕན་པའི་ལག་ཆ་འཕར་མ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ཁྲིམས་ལུགས་དེས་མ་འོངས་པར་གང་ཟག་སུ་འདྲ་ཞིག་ནས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏང་པ་དང་ལྐོག་ཟ་རུལ་སྲུངས་ཀྱི་བྱ་སྤྱོད་རིགས་སྤེལ་ཚེ་དོ་བདག་རྒྱལ་ཁབ་སོ་སོའི་ཁྲིམས་ལུགས་ཀྱི་སྟངས་འཛིན་མ་ཐུབ་པ་ཆགས་རུང་ཨ་རིའི་ཁྲིམས་ལུགས་ཀྱི་ངོས་ནས་ཐར་ཐབས་མེད་པ་ཞིག་བཟོས་ཡོད་ཅེས་གསུངས་འདུག ཁོང་གིས་ད་རེས་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་ནས་ཁྲིམས་ལུགས་དེ་དངོས་སུ་གཏན་འབེབས་ཐུབ་པ་ནི་ཨ་རིའི་ངོས་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ལ་བརྩི་སྲུང་གནང་མཁན་དང་། ལྐོག་ཟ་རུལ་སྲུངས་ཀྱི་གནད་དོན་གཙང་བཟོ་གནང་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྣམ་པ་ཞིག་ཀྱང་ཆགས་ཡོད་པ་རེད་ཅེས་གསུངས་ཡོད། གཞི་རྩའི་ཁྲིམས་ལུགས་གསར་པ་དེ་ཐོག་མར་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་གནང་སྐབས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་ནས་ཁྲིམས་ལུགས་དེའི་བརྒྱུད་རྒྱལ་སྤྱི་དང་། ལྷག་དོན་དུ་རྒྱ་ནག་གི་དབང་འཛིན་པ་ཚོས་རྒྱ་ནག་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་ཁྲིམས་འགལ་གྱི་ལས་དོན་སྤེལ་བཞིན་པར་དོ་སྣང་ཆེ་བཞེས་ཀྱིས་དེ་དག་གི་ཕྱིར་བསྐྱོད་ལག་འཁྱེར། དཔལ་འབྱོར་དང་ཚོང་ལས་སོགས་ཀྱི་ཐད་ལ་དམ་དྲག་ཤུགས་ཆེ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།  ཉེ་ཆར་ཕྱི་ཚེས་ ༨  ཉིན་ཁྲིམས་ལུགས་དེ་གཏན་འབེབས་བྱུང་དོན་ལྟར་ཨ་རིའི་སྲིད་གཞུང་གིས་རྒྱ་གཞུང་གིས་བོད་དང་ཤིང་ཅང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་དོ་སྣང་ཆེ་བཞེས་ཀྱིས་རྒྱ་གཞུང་གོ་ཁྲིད་དེ་དག་ཨ་རི་ནང་བསྐྱོད་རྒྱུ་དང་། ཨ་རིའི་ཚོང་ལས་སོགས་ཀྱི་མཐུན་རྐྱེན་རྣམས་བེད་སྤྱོད་བྱེད་རྒྱུ་མེད་པ་བཟོ་དགོས་པར་ནན་བསྐུལ་དང་སྦྲགས། ཁྲིམས་ལུགས་གསར་པ་དེ་ལག་ལེན་ཐོག་དོན་འཁྱོལ་ཡོང་བའི་རེ་བ་ཡོད་སྐོར་སོགས་གསུངས་འདུག རྩ་བའི་ཁྲིམ་ལུགས་ Global Magnitsky Human Rights Accountability Act ཞེས་པ་དེའི་མིང་བྱང་དེ་ ༢༠༠༩ ལོར་ཨུ་རུ་སུའི་སྲིད་འཛིན་ Vladimir Putin གྱི་སྲིད་གཞུང་གིས་ཆེད་བཙུགས་ཀྱིས་བཙོན་ཁང་ནང་འདས་གྲོངས་སུ་གྱིར་བའི་རྒྱལ་སྤྱིའི་ཁྲིམས་རྩོད་པ་འདས་པོ་སྐུ་ཞབས་ Sergei Magnitsky ལགས་ཀྱི་མཛད་རྗེས་ཁག་ལ་ཆེ་བསྟོད་ཞུ་ཆེད་དུ་གསར་འཛུགས་གནང་པ་ཞིག་ཡིན་པ་རེད། ཁྲིམས་དེའི་བརྒྱུད་ཨ་རིའི་སྲིད་འཛིན་མཆོག་ནས་ནག་ཉེས་ཅན་གྱི་རྒྱལ་སྤྱིའི་མི་སྣ་ཁག་ཨ་རིའི་ནང་ཕྱོགས་བསྐྱོད་བྱེད་རྒྱུ་གཙོས་པའི་རྒྱལ་སྤྱིའི་ས་གནས་ཁག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་བཟོ་གྲྭ་དང་དངུལ་ཁང་། དེ་བཞིན་ཚོང་ཟོག་གི་ཁྲོམ་ར་སོགས་ཨ་རིའི་བདག་རྫས་ཁག་སྤྱོད་རྒྱུར་བཀག་བསྡོམ་ཆོག་པ་དང་། སྲིད་འཛིན་མཆིག་ནས་ཁྲིམས་ལུགས་དེ་ལག་བསྟར་ཇི་བྱུང་རྣམས་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་སུ་དུས་ཐོག་སྙན་གསེང་ཞུ་དགོས་ཀྱིི་ཡོད་རེད།  

ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་སེང་ཞུས་པ།

CECC ཞེས་པའི་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་གོ་སྒྲིག་འོག་ཚོགས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཉན་ཞིབ་ལས་རིམ་དེའི་ཐོག་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་འཛིན་གསར་པ་དང་གྲོས་ཚོགས་གཉིས་ཀྱི་ངོས་ནས་བོད་དང་ཡུ་གུར། ནང་སོག་དང་རྒྱ་ནག་བཅས་ཀྱི་ནང་འགྲོ་བ་མིིའི་ཐོབ་ཐང་གི་གནད་དོན་ཐོག་མངོན་གསལ་དོད་པོས་འགན་ཁུར་བླངས་དགོས་གལ་ཡིན་པའི་བསམ་འཆར་ཕུལ་འདུག ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་འདི་ལོའི་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་འདོན་སྤེལ་གནང་པའི་ལོ་འཁོར་སྙན་ཐོ་དང་འབྲེལ། ཚོགས་ཆུང་དེའི་ཚོགས་གཙོ་སྐུ་ཞབས་Chris Smith ལགས་ཀྱིས་གཙོ་སྐྱོང་ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་བདེན་དཔང་ར་སྤྲོད་གནང་མཁན་བོད་མི་དང་ཡོ་གུར། རྒྱ་རིགས་བཅས་ཀྱི་སྐུ་ཚབ་ཁག་གཅིག་ཆེད་དུ་གདན་ཞུས་ཀྱིས་ཁ་སང་ཨ་རིའི་གྲོས་ཚོགས་ཚོགས་ཁང་ཨང་ ༢༡༠ ནང་ཉན་ཞིབ་ལས་རིམ་ཞིག་ཚོགས་འདུག སྐབས་དེར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་བདེན་དཔང་ར་སྤྲོད་གནང་མཁན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་གི་གནས་སྟངས་དང་འབྲེལ། ཆོས་ལ་ཡིད་ཆེས་མེད་པའི་རྒྱ་ནག་དམར་པོའི་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ཆོས་ཕྱོགས་བྱེད་སྒོ་རྣམས་རྒྱ་ནག་གཞུང་ནས་ཆབ་སྲིད་ལག་ཆར་བེད་སྤྱོད་བྱེད་བཞིན་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་སེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པ་དང་དགེ་བཙུན་རྣམས་བཙན་དབང་གིས་དགོན་པ་ནས་ཕྱིར་ཕུད་གཏོང་བཞིན་ཡོད་པ། རྒྱ་གཞུང་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་འགྲོ་བསྐྱོད་ལ་ཚོད་འཛིན་དང་དམ་དྲག་ཧ་ཅང་བྱེད་པ་མ་ཟད།  ལྷག་པར་དུ་འདི་ལོའི་བོད་ནས་༸གོང་ས་མཆོག་གི་དྲུང་ནས་དུས་འཁོར་དབང་ཆེན་ཞུ་བར་བཅར་མཁན་བོད་མིའི་ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་བྱས་པ་དང་འདི་བཞིན་རྒྱ་གར་དུ་གནས་མཇལ་ཕེབས་ཟིན་པ་རྣམས་དུས་དབང་མ་ཚོགས་གོང་ནས་བོད་དུ་ཕྱིར་ལོག་གནང་ཟིན་དགོས་པའི་ཉན་བརྡ་གཏོང་བཞིན་ཡོད་པའི་གནད་དོན་གཙོས་རྒྱ་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པའི་ཁྲིམས་ཡིག་འོག་༸གོང་ས་མཆོག་དང་བོད་མི་ཚོར་ཁ་བྲག་བ་ཞེས་གདོང་ལེན་དང་དམ་གནོན་བྱེད་བཞིན་ཡོད་ཅེས་ཚོགས་ཆུང་ལ་སྙན་གསེང་ཞུས་འདུག སྐུ་ཚབ་དོན་གཅོད་མཆོག་གིས་ད་དུང་འདས་ཟིན་པའི་ཨ་རིའི་གཞུང་འཛིན་གྱིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དང་དོན་འཁྱོལ་ཡོད་པའི་གནད་དོན་ཁག་ལ་ལག་བསྟར་གང་གནང་བ་སོགས་ཀྱང་སྙན་སེང་ཞུས་པ་མ་ཟད། ལྷག་པར་དུ་ཁོང་གིས་ཉན་ཞིབ་ལས་རིམ་དེའི་བརྒྱུད་སླེབས་ལ་ཉེ་བའི་ཨ་རིའི་གཞུང་འཛིན་གསར་པ་དང་གྲོས་ཚོགས་གཉིས་ཀྱིས་ཨ་རི་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་གཞིར་བཟུང་ཐོག་བོད་དང་ཡུ་གུར། ནང་སོག་དང་རྒྱ་ནག་བཅས་ཀྱི་ནང་འགྲོ་བ་མིིའི་ཐོབ་ཐང་གི་གནད་དོན་ཐོག་མངོན་གསལ་དོད་པོས་འགན་ཁུར་བླངས་དགོས་པ་དང་། ཨ་མི་རི་ཀའི་གཞུང་འཛིན་གསར་པ་དང་གྲོས་ཚོགས་གཉིས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་བོད་མིའི་ཐོག་གཏན་ལ་ཕབ་པའི་  Tibetan Policy Act  ཞེས་པ་སྲིད་བྱུས་གཞིར་བཟུང་ཐོག་སྲིད་གཞུང་གསར་པས་ཕྱི་སྲིད་ལྷན་ཁང་ནང་གི་ལས་བྱེད་རྒན་པ་ཞིག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་དགོས་པ། ཨ་རིའི་སྲིད་འཛིན་གསར་པ་མཆོག་གིས་༸གོང་ས་མཆོག་དང་གང་མགྱོགས་མཇལ་འཕྲད་ཞུས་ནས་དེ་སྔའི་ལམ་སྲོལ་རྒྱུན་སྐྱོང་གནང་དགོས་པ།  ལྷ་སར་ཨ་རིའི་གཞུང་ཚབ་འཛུགས་ཆེད་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ། ཨ་རིའི་གཞུང་གི་ངོས་ནས་བོད་རྒྱ་འབྲེལ་མོལ་བསྐྱར་བཟོ་ཡོང་བར་རྒྱ་གཞུང་ལ་འབོད་སྐུལ་ཞུ་དགོས་པ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་རྒྱ་རིགས་རྩོམ་པ་པོ་ལི་ཞའུ་པང་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་རྒྱུར་རྒྱབ་སྐྱོར་གནང་དགོས་པ། ཨ་རིའི་གཞུང་ནས་རྒྱ་གཞུང་གིས་དྲག་སྤྱོད་པའི་ཁྲིམས་ཡིག་འོག་བོད་ནང་དམ་གནོན་བྱེད་བཞིན་པར་བཏང་འཛིན་གནང་དགོས་པ།  ཨ་རིའི་གྲོས་ཚོགས་ཀྱིས་བོད་ནང་གི་བོད་མིའི་སྐད་ཡིག་སྲུང་སྐྱོབ་དང་རྒྱ་གཞུང་ནས་བོད་མིའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་འཛིན་བཞིན་པ་མཚམས་འཇོག་དགོས་ཡོང་བར་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་དང་། དེ་བཞིན་ཨ་རིའི་གཞུང་འབྲེལ་མི་སྣ་དང་རང་དབང་ཅན་གྱི་གསར་འགོད་པ་རྣམས་བོད་ནང་འགྲོ་བསྐྱོད་ཐུབ་པ་དགོས་རྒྱུ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་བོད་དང་རྡ་སར་ཡོད་པའི་བོད་མིིའི་སྒྲིག་འཛུགས་སུ་འཚམས་གཟིགས་སུ་ཕེབས་གནང་ཡོང་བ་སོགས་ཀྱི་དོན་ཚན་ ༡༢ འཁོད་པའི་འབོད་སྐུལ་སྙན་གསེང་ཞུས་འདུག ཁ་སང་གི་ཉན་ཞིབ་ལས་རིམ་དེའི་ཐོག་ཚོགས་ཆུང་དེའི་ཚོགས་གཙོ་སྐུ་ཞབས་ Chris Smith ལགས་དང་ཚོགས་གཞོན་སྐུ་ཞབས་ Marco Rubio ལགས་གཉིས་གཙོས་པའི་ཚོགས་ཆུང་དེའི་ཚོགས་མི་དང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི། ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག  ཨ་རིར་རྟེན་གཞི་བྱས་པའི་རྒྱ་རིགས་སྤྱི་དམངས་སྟོབས་ཤུགས་ཚོགས་པའི་ཚོགས་གཙོ་ yang jianli ལགས། རྒྱ་རིགས་སྤྱི་མང་ཐོབ་ཐང་རྩོད་ལེན་པ་ Chen Guangcheng ལགས། རྒྱལ་སྤྱིའི་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་ལྩམ་ Rebiya Kadeer ལགས། ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོགས་གཙོ་ wei jinsheng ལགས་བཅས་མཉམ་ཞུགས་གནང་འདུག  ཁོང་རྣམས་ཀྱིས་རང་རང་སོ་སོའི་སྡེ་ཁག་ཏུ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་གནད་དོན་དེ་དག་ཐོག་འགན་ཁུར་ཐོག་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། གཞི་རྩའི་ CECCཞེས་པའི་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་འདོན་སྤོེལ་གནང་པའི་འདི་ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་ནང་། རྒྱ་ནག་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇི་སྡུག་འགྲོ་བཞིན་པ་ཐེར་བཏོན་གནང་ཡོད་མ་ཟད། ལྷག་པར་དུ་བོད་ལ་ཆ་མཚོན་ན་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཆེས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་སྐོར་གསལ་བཏོན་གནང་ཡོད་པ་རེད། ཚོགས་ཆུང་དེའི་སྙན་ཐོ་འདོན་སྤེལ་གནང་པའི་བརྒྱུད་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ལ་ལམ་སྟོན་ཁག་ཅིག་ཕུལ་བའི་ནང་ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ཀྱིས་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་རང་དབང་ངང་བསྐྱོད་འཐུས་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་གལ་ཡིན་པ་དང་། ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་བོད་མིའི་ཐོག་གཏན་ལ་ཕབ་པའི་  Tibetan Policy Act  ཞེས་པ་སྲིད་བྱུས་གཞིར་བཟུང་ཐོག་སྲིད་གཞུང་གསར་པས་ཕྱི་སྲིད་ལྷན་ཁང་ནང་གི་ལས་བྱེད་རྒན་པ་ཞིག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་ཐུབ་ཚེ་བོད་དོན་འབྲེལ་བ་གནང་བདེ་ཡོང་རྒྱུ་སོགས་སྙན་གསེང་ཡང་ཞུས་ཡོད་པ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གནད་དོན་ལ་དྲང་བདེན་གྱི་ཐག་གཅོད་ཡོང་བའི་ཞུ་གཏུགས་གནང་བ།

བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་ཁག་ཅིག་ནས་ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞུང་ཚབ་ཁང་འདྲ་མིན་དུ་ཆེད་བཅར་གྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་རྒྱ་གཞུང་གི་བཙོན་ཁང་ནང་འདས་གྲོངས་སུ་གྱུར་རྒྱུ་རྐྱེན་གང་ཡིན་ཁ་གསལ་དང་དྲང་བདེན་གྱི་ཐག་གཅོད་དགོས་པ། དེ་བཞིན་རིན་པོ་ཆེ་མཆོག་གི་སྲིང་མོ་གཉིས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་ཞུ་གཏུགས་གནང་འདུག དེ་ཡང་གཟའ་འཁོར་འདིའི་རེས་གཟའ་ཟླ་བ་ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པའི་ཚོགས་མི། རིན་པོ་ཆེའི་དགེ་ཕྲུག་གྲྭ་ཚེ་རིང་རྡོ་རྗེ་ལགས་བཅས་ཀྱིས་རྒྱལ་ས་ལྡི་ལི་ནང་ཡོད་པའི་གཞུང་ཚབ་ཁང་འདྲ་མིན་གྱི་སྐུ་ཚབ་མི་སྣ་ཁག་ཅིག་དང་ལྷན་མཇལ་ཞུས་ཏེ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་གནད་དོན་ཐོག་རྒྱ་གཞུང་ལ་འདྲི་རྩད་དང་དྲང་བདེན་གྱི་ཐག་གཅོད་བྱེད་དགོས་པ་མ་ཟད། རིན་པོ་ཆེའི་སྲིང་མོ་གཉིས་འཕྲལ་མར་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག རིན་པོ་ཆེ་མཆོག་ལ་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་ཇི་ལྟར་བྱས་པ་དང་འདི་བཞིན་བཙན་འཁྲིད་འོག་འཛིན་བཟུང་བྱས་མཐར་རྒྱའི་བཙོན་ཁང་ནང་བཙན་དབང་གིས་སྐུ་བཀྲོངས་ཡོད་སྐོར་འཁོད་པའི་སྙན་ཐོ་ཞིག་ཀྱང་གཞུང་ཚབ་མི་སྣར་ཕུལ་འདུག ཐེངས་འདིའི་ཞུ་གཏུག་གི་ལས་འགུལ་དེ་ཟླ་ ༡༡ ཚེས་ ༢༧ ཉིན་འགོ་འཛུགས་ཀྱིས་ཁ་སང་ཚེས་ ༢༩ བར་གནང་འདུག་པ་དང་། ལས་འགུལ་དེའི་ཁྲོད་ཁོང་རྣམས་ནས་ཡོ་རོབ་དང་སུད་སི། དེ་བཞིན་ཨོ་སི་ཊོ་ལི་ཡ་སོགས་གཞུང་ཚབ་ཁང་ཁག་ལྔའི་ནང་དུ་ཆེད་བཅར་གྱིས་རིན་པོ་ཆེ་མཆོག་གི་གནད་དོན་གཙོས་པའི་འཛིན་བཟུང་འོག་བཀག་བསྐྱིལ་བྱས་པའི་རིན་པོ་ཆེའི་སྲིང་མོ་གཉིས་ད་ཆ་གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་སྙན་གསེང་ཞུས་འདུག སྐབས་དེར་གཞུང་ཚབ་པ་རྣམས་ནས་རིན་པོ་ཆེ་རྒྱ་གཞུང་གི་བཙོན་ཁང་ནང་གློ་བུར་དུ་སྐུ་གྲོངས་པའི་གནད་དོན་ཐད་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་སྦྲགས། རིན་པོ་ཆེའི་སྲིང་མོ་གཉིས་མགྱོགས་མྱུར་གློད་གྲོལ་ཡོང་ཐབས་སུ་རྒྱབ་སྐྱོར་གྱི་རྣམ་པ་གང་ལེགས་མངོན་གསལ་གནང་འདུག། གཞི་རྩའི་ཟླ་ ༡༡ ཚེས་ ༡༢ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་ཁང་ནང་གློ་བུར་དུ་དགོངས་པ་རྫོགས་པ་དང་། དེ་བཞིན་རིན་པོ་ཆེའི་སྲིང་མོ་གཉིས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ཐད་ད་བར་རྒྱལ་ས་ལྡི་ལི་ཙམ་དུ་མ་ཟད་ཨ་རི་དང་ཁེ་ན་ཌ། དེ་བཞིན་ཧྥ་རན་སི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱལ་སྤྱིའི་ས་གནས་འདྲ་མིན་དུ་རིན་པོ་ཆེ་མཆོག་གི་བཀྲིན་རྗེས་དྲན་དང་ཤུལ་ལུས་ནང་མི་ཉེ་འབྲེལ་ཀུན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྣ་མང་ཞིག་སྤེལ་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་དབུས་པའི་གྲོས་ཚོགས་འཐུས་མི་མང་དག་ཞིག་ནས་རིན་པོ་ཆེའི་གནད་དོན་ཐད་རྒྱལ་སྤྱིའི་རང་དབང་བདེན་པའི་རྟོག་ཞིབ་གནང་དགོས་པའི་དགོས་འདུན་དེར་རྒྱབ་སྐྱོར་གནང་སྐྱོང་ཡོང་བར་འབོད་སྐུལ་ཡང་ཞུས་ཡོད་པ་རེད།

Latest news