Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

ལྕམ་ནེན་སི་པི་ལོ་སི་མཆོག་ནས་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཨ་རིར་ཕེབས་པར་དགའ་བསུའི་འཚམས་འདྲི་གནང་འདུག

ཨ་རིའི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་ Nancy Pelosi མཆོག་གིས་ San Francisco གྲོང་ཁྱེར་ནང་དུ་རྒྱབ་སྐྱོར་བར་ཕྱི་ལོ་གསར་པའི་འཚམས་འདྲི་ཞུ་རྒྱུའི་མཛད་སྒོ་ཞིག་གོ་སྒྲིག་གནང་པའི་ཐོག་དོན་གྲུབ་དབང་ཆེན་ལགས་དང་ཁོང་གི་ནང་མི་བུ་ཕྲུག་བཅས་པར་ཟུར་དུ་མཇལ་མོལ་གནང་འདུག དེ་ཡང་ཁ་ཉིན་རེས་གཟའ་ཉི་མའི་ཉིན་རྒྱབ་ཏུ་ཚོགས་པའི་མཛད་སྒོའི་ཐོག་ལྕམ་སྐུ་མཆོག་ལ་རྒྱབ་སྐྱོར་གནང་མཁན་ San Francisco གྲོང་ཁྱེར་སྤྱི་ཁྱབ་པ་མཆོག་དང་ཆབ་སྲིད་ཚོགས་པའི་མི་སྣ་འདྲ་མིན་གཙོས། ས་གནས་ཀྱི་གྲོས་ཚོགས་འཐུས་མི་དང་ལས་ཀྱི་སྣེ་མོ་བ་སོགས་མི་གྲངས་ ༣༠༠ ལྷག་འདུ་འཛོམས་གནང་འདུག་པ་དང་། སྐབས་དེར་བོད་མིའི་ཕྱོགས་ནས་བྱང་ California བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རང་གྲོལ་ལགས་དང་། ལྷག་དོན་ཉེ་ཆར་ཨ་རིར་བདེ་འབྱོར་བྱུང་བའི་འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་དང་ཁོང་གི་ནང་མི་བཅས་ཕེབས་པའི་འདུ་འཛོམས་སར་ལྕམ་ Nancy Pelosi མཆོག་གིས་དོན་གྲུབ་དབང་ཆེན་ལགས་རང་དབང་ཐོབ་ནས་ཨ་རིར་བདེ་འབྱོར་བྱུང་བར་དགའ་བསུའི་འཚམས་འདྲི་གནང་འདུག ལྕམ་ Pelosi མཆོག་གིས་ཁོང་ལ་རྒྱབ་སྐྱོར་གནང་མཁན་རྣམ་པར་འཚམས་འདྲི་ཞུ་རྒྱུའི་མཛད་སྒོ་དེ་ཚོགས་སྐབས་དོན་གྲུབ་དབང་ཆེན་ལགས་དང་ཟུར་དུ་མཇལ་འཕྲད་གནང་སྟེ་ཁོང་གིས་ལས་དོན་གནང་ཁག་ལ་བསྔགས་བརྗོད་དང་དགའ་བསུ་ཞུས་པ་མ་ཟད། ཁོ་མོའི་སྣེ་ཁྲིད་པའི་མང་གཙོ་ཚོགས་པའི་ཆབ་སྲིད་མི་སྣ་རྣམས་ནས་དུས་རྟག་ཏུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་དང་ལྷན་སྔ་རྗེས་སུ་འབྲེལ་བ་གནང་མུས་ཐོག་བོད་དོན་དཀའ་རྙོག་སེལ་ཐབས་སུ་འབད་བརྩོན་ཞུ་མུས་ཡིན་པ་དང་། ལྷག་པར་དོན་གྲུབ་དབང་ཆེན་ལགས་མ་འོངས་པར་ཨ་རིའི་རྒྱལ་ས་ Washington DC ལ་ཕེབས་རྒྱུའི་གོ་སྐབས་བྱུང་ཚེ་བསྐྱར་དུ་མཇལ་འཕྲད་ཡོང་བར་ཐུགས་རེ་གནང་བཞིན་ཡོད་ཅེས་གསུངས་འདུག རྩ་བའི་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་བསྐྲུན་གནང་རྐྱེན་རྒྱ་ནག་གི་བཙོན་ཁང་དུ་ལོ་དྲུག་རིང་བཙོན་འཇུག་གནང་མྱོང་ཡོད་པ་དོན་གྲུབ་དབང་ཆེན་ལགས་སུད་སི་བརྒྱུད་ཟླ་བ་སྔོན་མའི་ཚེས་ ༢༥ ཉིན་ཨ་རི་California མངའ་སྡེའི་ San Francisco གྲོང་ཁྱེར་དུ་བདེ་འབྱོར་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དགའ་བསུ་ཞུས་པ་དང་སྦྲགས། ཁོང་གིས་ད་བར་བོད་ཀྱི་རྩ་དོན་སླད་ཕུལ་བའི་ལེགས་སྐྱེས་དང་སྙིང་སྟོབས་དེ་དག་ལ་བསྔགས་བརྗོད་ཞུས་ཏེ་ཁོང་དང་ཁོང་གི་ནང་མི་རྣམས་ལ་མི་ཚེ་ལམ་ལྷོང་ཡོང་བར་སྨོན་འདུན་ཞུས་ཡོད་པ་མ་ཟད། སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་འདྲ་མིན་ཐོག་དོན་གྲུབ་དབང་ཆེན་ལགས་ཀྱི་ཉེ་འབྲེལ་གཙོས་རྒྱལ་སྤྱིའི་ཁྱོན་ལ་ཡོད་པའི་བོད་མི་ཡོད་དོ་ཅོག་དང་ལྷག་དོན་ཨ་རི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་ Nancy Pelosi མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་རྒྱལ་ས་པེ་ཅིང་དུ་གནས་སྡོད་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སོགས་ནས་དགའ་བསུའི་འཚམས་འདྲི་ཞུས་འདུག་པ་མ་ཟད། རྒྱ་གཞུང་གི་ངོས་ནས་ཁོང་འཛིན་བཟུང་བཙོན་འཇུག་འོག་མནར་གཅོད་ཚད་མེད་བཏང་ནས་ལོ་བཅུའི་རིང་རང་གི་ནང་མི་དང་ཁ་བྲལ་ནས་བཞུགས་དགོས་བྱུང་ཡོད་པ་ལ་དགོངས་སེལ་ཞུས་ཏེ་ཁོང་ལ་གུན་གསབ་སྤྲོད་དགོས་པར་ནན་བརྗོད་ཀྱང་གནང་ཡོད་པ་རེད།

བཞུགས་སྒར་དུ་འབུམ་དྲུག་བརྒྱ་ཅན་གྱི་བོད་མིའི་འགྲེམས་སྟོན་ཁང་ཞིག་གསར་འཛུགས་གནང་རྒྱུ།

བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལ་གངས་ཅན་སྐྱིད་ཤོངས་སུ་བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་ངོ་བོ་ཆ་ཚང་བ་ཞིག་མཚོན་ཐུབ་པའི་འགྲེམས་སྟོན་ཁང་ཞིག་གསར་རྒྱག་གནང་རྒྱུའི་གསལ་བསྒྲགས་སྤེལ་སོང་བ་དང་ཆབས་ཅིག འགྲེམས་སྟོན་ཁང་དེའི་ནང་དོན་བཀོད་རིས་དང་བརྗོད་གཞི་སོགས་དང་འབྲེལ་བའི་སྒྱུ་སྩལ་འགྲན་བསྡུར་དང། དེ་བཞིན་འགྲེམས་སྟོན་ཁང་དེ་དང་འབྲེལ་བའི་ཆེད་ལས་མི་སྣ་གསོ་སྐྱོང་ཆེད་དམིགས་བསལ་སློབ་ཡོན་གནང་རྒྱུ་རེད་འདུག དེ་ཡང་དེ་རིང་ཕྱི་ཟླ་༡པོའི་ཚེས་༡༢ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་གོ་སྒྲིག་འོག བཞུགས་སྒར་དུ་བོད་ཀྱི་འགྲེམས་སྟོན་ཁང་ཞིག་གསར་སྐྲུན་ཞུ་བཞིན་པའི་ལས་གཞི་ངོ་སྤྲོད་ཀྱི་གསར་འགོད་ལྷན་ཚོགས་ཞིག་བསྐོང་ཚོགས་གནང་སོང་བ་དང་། སྐབས་དེར་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། དེ་བཞིན་ཕྱི་དྲིལ་འགྲེམ་སྟོན་ཚན་པའི་འགན་འཛིན་བཀྲིས་ཕུན་ཚོགས་ལགས་བཅས་ཕེབས་འདུག གསར་འགོད་ལྷན་ཚོགས་དེའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་ངོ་བ་ཆ་ཚང་བ་ཞིག་མཚོན་ཐུབ་པའི་ཧིར་སྒོར་འབུམ༦༠༠ལྷག་འགྲོ་གྲོན་གནས་པའི་འགྲེམས་སྟོན་ཁང་ཞིག་གནང་རྒྱུ་དང་། དེ་དེ་བཞིན་མ་འོངས་འགྲེམས་སྟོན་ཁང་དེ་བཞིན་ཚད་ལྡན་ཞིག་ཡོང་སླད་ཆེད་ལས་མི་སྣ་གསོ་སྐྱོང་ཀྱི་དམིགས་བསལ་སློབ་ཡོན་ཧིན་སྒོར་འབུམ་གཉིས་ཀྱི་གསལ་བསྒྲགས་བཅས་གནང་སོང་། འགྲེམས་སྟོན་དེའི་ནང་དུ་རྒྱ་གཞུང་གིས་བོད་བཙན་འཛུལ་མ་བྱས་སྔོན་དང་༡༩༥༩རྗེས་འབྲེལ་སོགས་བོད་ཀྱི་འདས་མ་གསུམ་གསལ་བའི་ལོ་རྒྱུས་ཀྱི་ཚན་པ་དང་། བོད་མཐོ་སྒང་གི་ཁོར་ཡུག ཁྱད་པར་༸རྒྱལ་མཆོག་༸སྐུ་ཕྲེང་༡༤ཆེན་པོ་མཆོག་གི་མཛད་རྣམ་སོགས་སྡེ་ཚན་མི་འདྲ་བ་ ༡༡་དང་། སྒྱུ་སྩལ་བའི་སྡེ་ཚན། ཁྱད་པར་དུ་དེ་སྔ་བོད་དོན་ཆེད་སྐུ་སྲོག་ཤོར་བའི་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་ཡོད་པ་རྣམས་ཀྱི་ཆེད་དུ་དམིགས་བསལ་དྲན་རྟེན་ཁང་ཞེས་པ་ཟུར་དུ་འཛུགས་གནང་རྒྱུ་རེད་འདུག ལས་གཞི་འདི་ནི་སྔ་ལོ་ནས་འོག་འཛུགས་གནང་ཡོད་པ་ལྟར་ལོ་འདིའི་ནང་དུ་ལེགས་གྲུབ་གནང་རྒྱུ་རེད་འདུག  

སྲིད་སྐྱོང་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པར་དང་མཇལ་འཕྲད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་Jai Ram Thakurམཆོག་ལ་འཚམས་འདྲིའི་མཇལ་འཕྲད་གནང་སོང་།   དེ་ཡང་དེ་རིང་སྔ་ཐོག་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་མངའ་སྡེིའི་གཞུང་འབྲེལ་Circuit Houseནང་གནང་བའི་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་དེའི་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ལྷན་དཔལ་འབྱོར་བཀའ་བློན་རྐམ་ཡེ་ཤེས་མཆོག་ཆེད་བཅར་ཞུས་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ད་ལན་གསར་དུ་འདེམས་ཐོན་བྱུང་བའི་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གིས་གཙོས་པའི་ཕྱགས་འབྲེལ་བློན་ཆེན་གསར་པ་རྣམ་ལ་འཚམས་འདྲིའི་མཇལ་དར་དང། དེ་བཞིན་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཕྱག་རྟགས་སུ་སྟོན་པའི་སྐུ་བརྙན་གྱི་ཞལ་ཐང་ཞིག་ཀྱང་འབུལ་གནང་སོང་། སྐབས་དེའི་སྔ་འདྲོ་མཇལ་འཕྲད་གྲུབ་མཚམས་སུ་སྲིད་སྐྱོང་མཆོག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། རྩ་བའི་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་མི་དང་བོད་དོན་ཐོག་ལ་གནང་བ་དེ་ལས་ལྷག་པ་རྒྱལ་ཁབ་གཞན་སུའི་ཀྱང་གནང་མེད་པ་མ་ཟད། ཁྱད་པར་དུ་ཧི་མཱ་ཅལ་གཞུང་གིས་བོད་མིའི་ཐོག་གནང་བ་དེ་དམིགས་བསལ་ཞིག་ཆགས་ཀྱི་ཡོད་པ་གསུངས་སྟེ། ད་ལན་འཚམས་འདྲི་མཇལ་འཕྲད་དེའི་བརྒྱུད་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། འབྱུང་འགྱུར་བོད་མིའི་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་ཞུས་འདུག རྩ་བའི་ཟླ་བ་སྔོན་མ་སྟེ་ཕྱི་ཟླ་ ༡༢ པའི་ཚེས་ ༡༨ ཉིན་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་ཏེ་བྷི་ཇེ་པི་སྲིད་དོན་ཚོགས་པར་གྲོས་ཚོགས་རྐུབ་སྟེགས་ ༦༨ ནས་ ༤༤ ཐོབ་ནས་ཐེངས་ལྔ་ཡི་རིང་མངའ་སྡེའི་གྲོས་ཚོགས་འཐུས་མི་བྱེད་མྱོང་བའི་རང་ལོ་་༥༢ ཡིན་པའི་སྐུ་ཞབས་ཇཡཱ་རམ་ཐཱ་ཀུར་མཆོག་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པར་བསྐོ་གཞག་བྱས་ཡོད་པ་རེད། སྤྱི་ཁྱབ་བློན་ཆེན་གསར་པ་མཆོག་གི་དམ་འབུལ་མཛད་སྒོ་དེ་བཞིན་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་མངའ་སྡེའི་རྒྱལ་ས་སིམ་ལར་རྒྱ་གར་གྱི་སྲིད་བློན་མཱོ་ཌི་གཙོས་པའི་རྒྱ་གར་དབུས་གཞུང་དང་མངའ་སྡེའི་བློན་ཆེན་ཁག་བཅས་འདུ་འཛོམས་ཐོག་གནང་ཡོད་པ་རེད།    

རྩ་དོན་རྩོད་མཁན་ཡིན་པའི་བསམ་པའི་ཐོག་སློབ་སྦྱོང་ལ་ཤུགས་གནོན་ཕར་མ་རྒྱབ་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐོག བོད་ཕྲུག་སློབ་མ་ཚོས་རྩ་དོན་རྩོད་མཁན་ཡིན་པའི་བསམ་པའི་ཐོག་ནས་སློབ་སྦྱོང་ལ་ཤུགས་གནོན་ཕར་མ་རྒྱབ་དགོས་པ་གསུངས་འདུག བོད་མིའི་སྒྲིག་འཛུགས་ནས་མ་འོངས་པར་བཙན་འབྱོལ་བོད་མིའི་གཞོན་སྐྱེས་ཁྲོད་ནས་བོད་དོན་འཐབ་རྩོད་དང་སྒྲིག་འཛུགས་སྣེ་ཁྲིད་ཐུབ་མཁན་གྱི་ནུས་པ་ལྡན་པའི་འགོ་ཁྲིད་གང་མང་གསོ་སྐྱོང་བྱ་རྒྱུར་དམིགས་ནས། ཕྱི་ལོ་༢༠༡༣ལོར་ནས་བཟུང་ཤེས་རིག་ལས་ཁུངས་ཀྱི་འགོ་ཁྲིད་འོག བཞུགས་སྒར་དུ་བཙན་འབྱོལ་ནང་གི་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་པའི་བཅུ་པའི་སློབ་མ་ཚོར་འགོ་ཁྲིད་ནུས་པ་སྐྱེད་སྲིད་ཞེས་པའི་ཟབ་སྦྱོང་ཞིག་ཕུལ་འགོ་བཙུགས་ཡོད་པ་རེད། འདི་ལོའི་འགོ་ཁྲིད་ནུས་པ་སྐྱེས་སྲིང་གྱི་ཟབ་སྦྱོང་ཐེངས་ལྔ་པ་དེ། དེ་རིང་ཕྱི་ཟླ་༡༢པའི་ཚེས་༢༧ཉིན་བཞུགས་སྒར་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་དུ་སྐོང་ཚོགས་གནང་སོང་བ་དང། ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཨ་རིའི་དོན་གཅོད་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་དངོས་འགྲུབ་ཚེ་རིང་མཆོག་གཙོ་བཞུགས་དང། དེ་མིན་པའི་སློབ་གྲྭ་ཁག་༢༦ནས་སློབ་མ་མཁྱོན་༢༦༣བཅས་འདུ་འཛོམས་བྱུང་འདུག ཐེངས་དེའི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་དེ་བཞིན། དེ་རིང་ནས་བདུན་ཕྲག་རྗེས་མའི་རེ་གཟའ་ལྷག་པར་བར་ཉིན་གྲངས་བརྒྱད་རིང་གནང་གི་འདུག་པ་དང། དུས་ཡུན་དེའི་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་གིས་དབུས་པའི་གཞུང་འབྲེལ་གནད་ཡོད་མི་སྣ་དང་ཆེད་ལས་མི་སྣ་ཁག་ནས། སློབ་མ་ཚོར་འགོ་ཁྲིད་ཁྱད་ཆོས་དང། བོད་ཀྱི་མང་གཙོའི་འཕེལ་རིམ། འབྲེལ་ལམ་སྒྱུ་སྩལ། ལང་འཚོ་དར་བབ་ཀྱི་འཕྲོད་བསྟེན། དྲ་རྒྱའི་བདེ་འཇགས་སོགས་བརྗོད་གཞི་ཁག་འདྲ་མིན་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན། དེ་བཞིན་སློབ་མའི་ཐད་བརྗོད་གཏམ་བཤད་དང་། སྒྱུ་སྩལ་འཁྲབ་སྟོན། རྩེད་འགྲན་སོགས་ལས་རིམ་འདྲ་མིན་ཐོག་གོ་སྒྲིག་ཞུས་འདུག ཐེངས་དེའི་ཉིན་བརྒྱད་རིང་གི་ཟབ་སྦྱོང་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ངོས་ནས། ཧིན་སྒོར་འབུམ༢༣ཙམ་འགྲོ་མགྲོན་བཏང་གི་ཡོད་པ་རེད་འདུག        

རྒྱ་གར་མང་ཚོགས་ཁྲོད་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོེར་ཚད་མཐོ་རུ་འགྲོ་རྒྱུའི་རེ་བ་ཆེན་པོ་ཞིག་མཐོང་གི་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་སྡེ་ཚན་གསུམ་ལ་ཆ་བགོས་ཀྱིས་རྒྱ་གར་གཞུང་དམངས་ཁྲོད་བོད་དོན་གོ་རྟོགས་ཀྱི་གཞི་རྒྱ་ཆེ་བའི་རྒྱལ་ཡོངས་སྐོར་བསྐྱོད་ལས་འགུལ་སྤེལ་བཞིན་པའི་ཁྲོད། གཞོན་ནུ་ལྷན་ཚོགས་ཀྱི་ཕྱི་དྲིལ་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་ཀྱིས་རྒྱ་གར་གྱི་གཞི་རིམ་མང་ཚོགས་ཁྲོད་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོེར་ཚད་མཐོ་རུ་འགྲོ་རྒྱུའི་རེ་བ་ཆེན་པོ་ཞིག་མཐོང་གི་འདུག་ཅེས་གསུངས་སོང་། དེའང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཉེ་ལམ་ཕྱི་ཟླ་༡༢ཚེས་༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་རྒྱ་གར་གཞུང་དམངས་ཁྲོད་བོད་དོན་གོ་རྟོགས་ཆེད་གཞི་རྒྱ་ཆེ་བའི་རྒྱལ་ཡོངས་སྐོར་བསྐྱོད་ཀྱི་ལས་འགུལ་འགོ་འཛུགས་གནང་སྟེ་དེ་རིང་ཉིན་གྲངས་༡༦ འགྲོ་ཡི་ཡོད་པ་དང་། སྐོར་བསྐྱོད་ཀྱི་ལས་འགུལ་དེ་སྡེ་ཚན་མི་འདྲ་བ་གསུམ་ལ་ཆ་བགོས་གནང་ཐོག་རྒྱ་གར་བྱང་ཤར་དང་བྱང་ཕྱོགས། ལྷོ་ཕྱོགས་བཅས་ས་ཁུལ་གསུམ་ནང་སྐོར་བསྐྱོད་ཀྱིས་རྒྱ་གར་གཞུང་དམངས་ལ་དོན་ཚན་གསུམ་ཅན་གྱི་འབོད་སྐུལ་ཞུས་བཞིན་འདུག རྒྱ་གར་བྱང་ཤར་ཁུལ་གྱི་ལས་འགུལ་དེ་ནི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲི་གཅོད་ལགས་དང་སྤྱི་ཚོགས་ཞབས་ཞུའི་འགན་འཛིན་བཀྲིས་དར་རྒྱས་ལགས་གཉིས་ཀྱིས་སྣེ་འཁྲིད་དང་བྱང་ཤར་ས་གནས་གཞོན་ནུའི་རྒྱུན་ལས་བཅས་དང་མཉམ་འབྲེལ་གནང་པའི་ཐོག་Salugara གྲོང་ཁྱེར་ནས་འགོ་འཛུགས་ཀྱིས་ད་ཆ་ཁར་ཤང་དུ་འབྱོར་འདུག་ལ། བོད་དོན་གོ་རྟོགས་ཀྱི་སྐོར་བསྐྱོད་འདིའི་རིང་ས་གནས་ཁག་གི་རྒྱ་གར་གྱི་བློན་ཆེན་དང་ཆབ་སྲིད་མི་སྣ་སོགས་མཇལ་འཕྲད་གང་ལེགས་བྱུང་པ་མ་ཟད། མང་ཁྲོད་བོད་དོན་གོ་རྟོགས་དང་བོད་མིར་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་རྒྱ་ཆེ་གནང་བཞིན་འདུག དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་གོ་རྟོགས་ཀྱི་ལས་འགུལ་དེ་ནི་གཞོན་ནུ་ལྷན་ཚོགས་ཀྱི་ཕྱི་དྲིལ་དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་དང་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས་གཉིས་ཀྱིས་སྣེ་འཁྲིད་ཐོག་Chennai གྲོང་ཁྱེར་ནས་འགོ་འཛུགས་གནང་ཞིང་ད་ཕན་ས་གནས་ཁག་༨ ཙམ་ནང་སྐོར་བསྐྱོད་ལེགས་གྲུབ་ཟིན་ཏེ་ད་ཆ་Nasik གྲོང་ཁྱེར་དུ་འབྱོར་འདུག ཡང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་དོན་གོ་རྟོགས་ཀྱི་ལས་འགུལ་དེ་ནི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་ཀྱིས་སྣེ་འཁྲིད་འོག་བཞུགས་སྒར་ནས་ཐོག་མར་འགོ་འཛུགས་གནང་སྟེ་ད་བར་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་༢༦ཙམ་ནང་སྐོར་བསྐྱོད་ལེགས་གྲུབ་བྱུང་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ནས་རྒྱ་གར་གཞུང་མང་ཁྲོད་བོད་དོན་གོ་རྟོགས་ཆེད་གཞི་རྒྱ་ཆེ་བའི་རྒྱལ་ཡོངས་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ཕྱི་ཟླ་དང་པོའི་ཟླ་དཀྱིལ་བར་མུ་མཐུད་སྤེལ་རྒྱུ་ཡིན་པ་དང་དུས་ཡུན་དེའི་རིང་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་སྡེ་ཆེ་ཁག་༡༥༠ ཙམ་ནང་སྐོར་བསྐྱོད་གནང་རྒྱུ་རེད་འདུག

ལོ་རྗེས་མའི་སློབ་དུས་གསར་པ་ནས་བོད་པའི་སློབ་གྲྭ་ཁག་ནང་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་ཁྲིད་གནང་རྒྱུ་རེད་འདུག

དེ་ཡང་ཉེ་བའི་ཆར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མཛད་འཕྲིན་སྐྱོང་བཞིན་པ་དང་བསྟུན། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཐུན་འགྱུར་འོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་སེར་བྱེས་གྲྭ་ཚང་མཐོུང་གིས་ཟླ་བ་འདིའི་ཕྱི་ཚེས་ ༢༢ དང་ ༢༣ བཅས་ཉིན་གཉིས་རིང་སྦེལ་ཀོབ་ས་གནས་སུ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་༡༠ལྷག་གི་དགེ་རྒན་༢༠༠ཙམ་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གྱི་ཟབ་སྦྱོང་ཞིག་སྐོང་ཚོགས་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་དེ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་སུ་ཟབ་སྦྱོང་སྤྱི་ཡོངས་སྐོར་བཀའ་འདྲི་ཞུས་པ་ཡིན། ཟབ་སྦྱོང་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནི་དེང་གི་ཆར་ཧ་ཅང་གནད་འགག་ཡིན་པ་སྤྱི་དང་ལྷག་དོན་ཕྱིའི་རྒྱལ་ཁབ་ཁག་ནས་མགོན་པོ་༸གང་ཉིད་ཀྱི་བཀའ་དགོངས་བཞིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་ལག་བསྟར་བྱེད་ཡོད་པ་བརྟེན། བོད་པའི་སློབ་གྲྭ་ཁག་ངོས་ནས་ཀྱང་ལས་གཞི་དེའི་ཐོག་མདུན་བསྐྱོད་གནང་སྟེ་སློབ་འཁྲིད་བྱ་རྒྱུ་འགོ་འཛུགས་དགོས་པ་དང། དེའི་ཐོག་བོད་པའི་དགེ་རྒན་ཚོས་ཤུགས་གནོན་སྐྱོན་དགོས་པའི་བཀའ་སློབ་ལམ་སྟོན་ཡང་བསྩལ་ཡོད་པ་རེད།  

༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་བསྐོ་གཞག་དང་འབྲེལ་བའི་རྟགས་སྒྲིལ་གྱི་ལས་རིམ་དབུ་འཛུགས་གནང་འདུག

ཞ་དཀར་བསྟན་པའི་མངའ་བདག་འཛམ་གླིང་བོན་འབངས་ཡོངས་ཀྱི་དབུ་ཁྲིད་༸རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ པ་བསྐོ་གཞག་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་སྔོན་འགྲོའི་ཟན་སྒྲིལ་གནང་སྒོ་ཁག་དབུ་འཛུགས་གནང་འདུག ཆོས་ཕྱོགས་ཀྱི་ལས་རིམ་དེ་ནི་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེ་ནང་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་དགོན་དུ་ཚེས་ ༡༩ ནས་དབུ་འཛུགས་གནང་འདུག རྩ་བའི་༸རྒྱལ་བ་སྨན་རིའི་ཁྲི་རབས་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༤ ཉིན་དགུང་གྲངས་ ༨༩ ཐོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད། གཡུང་དྲུང་བོན་གྱི་ཁྲི་འཛིན་གསར་པ་བསྐོ་གཞག་དང་འབྲེལ་བའི་ཟན་རྟགས་སྒྲིལ་གནང་རྒྱུ་དང་རིམ་གྲོ་སོགས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་གི་སྐོར་ལ་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས་ལགས་སུ་བཀའ་འདྲི་ཞུས་པ་ཡིན། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས་དེ་དོན་རྒྱ་ཁྱབ་གསལ་བསྒྲགས་ཤིག་སྤེལ་གནང་པའི་ནང་། ཐེངས་འདིའི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལ་ཇི་དགེའི་བཀའ་སློབ་ལམ་སྟོན་གཞིར་བཟུང་གིས་སློབ་དཔོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གཙོ་གྱུར་འབྲེལ་ཡོད་བོན་གྱི་བླ་སྤྲུལ་དགེ་བཤེས་དང་གཞན་ཡང་ཕྱི་ནང་གི་གནད་ཡོད་མི་སྣ་མང་པོར་བཀའ་བསྡུར་རིམ་པ་གནང་ཡོད་པ་བཅས་གསུངས་འདུག

སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ ༤༠ ལྷག་མཇལ་དང་འཕྲད་གནང་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ཁྲིད་འོག་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་བཅས་སྤྱི་འཐུས་ཚོགས་ཆུང་ཞིག་གིས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་ཀྱི་དགུན་དུས་གྲོས་ཚོགས་དང་བསྟུན་ཕྱི་ཚེས་  ༡༨ ནས་འགོ་འཛུགས་ཀྱིེས་དེ་རིང་བར་ཉིན་གྲངས་ལྔའི་རིང་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ཁག་ ༡༥ ལྷག་ནས་ཕེབས་པའི་སྲིད་དོན་ཚོགས་པ་འདྲ་མིན་ཁག་ ༡༠ ཙམ་གྱི་གྲོས་ཚོགས་ཚོགས་མི་ ༤༠ ལྷག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། གྲོས་འཐུས་དེ་དག་ལ་བོད་ཀྱི་འདས་མ་ད་གསུམ་གྱི་གནད་དོན་ཁག་ཡིག་ངག་གཉིས་ཐོག་ནས་འགྲེལ་བརྗོད་དང་། ལྷག་དོན་རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་ཐབས་སོགས་ཀྱི་འབོད་སྐུལ་ཞུས་འདུག ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཙོགས་མཆོག་གིས་བོད་དོན་ཞུ་སྐུལ་ལས་འགུལ་དེའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ Mulayam Singh Yadav  མཆོག་གིས་དབུས་པའི་ཁྲིམས་ཁང་གོང་མའི་ཁྲིམས་རྩོད་པ་སྐུ་ཞབས་ KTS Tulsi  མཆོག་དང་སྐུ་ཞབས་  Vivek Tankha མཆོག དེ་སྔོན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་མྱོང་མཁན་སྐུ་ཞབས་ Shanta Kumar མཆོག་སྐུ་ཞབས་ Bhagat Singh Koshyari  མཆོག སྐུ་ཞབས་ Moti Lal Vohra  མཆོག དེ་བཞིན་སྐུ་ཞབས་   Subhash Chandra མཆོག་སོགས་རྒྱ་གར་ཆབ་སྲིད་ཚོགས་པ་ཆེ་གྲས་ཀྱི་གནད་ཡོད་དཔོན་རིགས་མང་དག་ཞིག་དང་འཇལ་འཕྲད་གནང་ཐུབ་ཡོད་སྐོར་གསུངས་སོང་། གྲོས་ཚོགས་ཀྱི་ཚོགས་མི་དེ་དག་གིས་མགྲིན་དབྱངས་གཅིག་གྱུར་གྱིས་རྒྱ་ནག་དེ་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཆགས་པ་ནས་བཟུང་རྒྱ་གར་གྱི་བདེ་འཇགས་ལ་དཀའ་ངལ་འཕྲད་པའི་སྐོར་དང་། ལྷག་པར་དུ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཕན་ཚུན་དབར་ལྟ་གྲུབ་སོགས་མི་མཐུན་པའི་ཆ་ཕྲན་བུ་ཡོད་ཀྱང་། བོད་དང་བོད་མིའི་བདེ་དོན་ཐོག་ཆབ་སྲིད་ཚོགས་པ་ཚང་མས་གུས་བརྩི་དང་ཆེ་མཐོང་གནང་བ་མ་ཟད་གོ་སྐབས་ནམ་བྱུང་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་སོགས་ཀྱང་གནང་ཡོད་པ་རེད། དེ་བཞིན་ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོ་ལྡི་ལིར་ཕེབས་ཞོར་དང་བསྟུན་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོ་འཇལ་འཕྲད་གནང་བ་དང་། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་དེའི་ཐོག་ནས་ལས་དོན་བསྐྱར་ཞིབ་དང་ལྷག་པར་མ་འོངས་པར་ལས་དོན་གནང་ཕྱོགས་དང་འབྲེལ་བའི་གྲོས་ཆོད་ཁག་གཅིག་ཀྱང་བཞག་ཡོད་པ་རེད།

གཞོན་ནུ་ལྷན་ཚོགས་ཀྱིས་རྡོ་རྗེ་གདན་དུ་ཕྱི་ཟླ་དང་པོ་ནས་ཞབས་ཞུའི་ལས་དོན་དབུ་འཛུགས་གནང་རྒྱུ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་བསྩལ་རྒྱུ་དང་བསྟུན་ཆོས་ཞུ་བ་ཚོར་ཞབས་ཞུའི་རྣམ་གྲངས་ལྔའི་ཐོག་ནས་རོགས་རམ་གནང་རྒྱུ་རེད་འདུག དེའང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡ ཚེས་ ༥ ནས་དབུ་འཛུགས་ཀྱིས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གྱིས་ཉིན་གྲངས་དྲུག་ཙམ་རིང་ཆོས་འབྲེལ་མཛད་གཏན་འཁེལ་བ་བཞིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྭང་བླངས་ཞབས་ཞུ་བ་ ༨༠ ལྷག་གིས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡ ཚེས་ ༢ ནས་ ༡༨ བར་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་དང་གནས་མཇལ་བ་ཚོར་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྒྱ་ཆེ་བསྒྲུབ་རྒྱུ་རེད་འདུག སྤྱི་ཚོགས་ཞབས་ཞུའི་ལས་རིམ་དེའི་ཁྲོད་གསལ་བསྒྲགས་ཁང་དང་། ཛ་དྲག་གི་རོགས་རམ་སྡེ་ཚན། མེ་འཁོར་འབབ་ཚུགས་ཁག་ཏུ་དྭང་བླངས་ཞབས་ཞུ་བ་ཆེད་འཛུགས་ཀྱིས་ཆོས་ཞུ་བ་རྣམས་ལམ་ནོར་དང་བོར་བརླག་སོགས་མི་ཡོང་བ་དང་སྐད་སྒྱུར། ལྷག་དོན་ནད་མནར་དང་འདས་གྲོངས་རིགས་བྱུང་ཚེ་དགོས་ངེས་ཀྱི་རོགས་རམ་དང་འདས་པོའི་ནང་མིའི་རེ་འདོད་གཞིར་བཟུང་སྐུ་ཕུང་ཞུགས་འབུལ་སོགས་ཀྱི་ཞབས་ཞུ་སྒྲུབ་རྒྱུ་མ་ཟད། ནད་པ་དང་བགྲེས་སོང་རྣམས་གསུང་ཆོས་ར་བའི་བར་ Wheel Chair འམ་འཁོར་ལྡན་ཞབས་སྟེགས་ནང་འོར་འདྲེན་གནང་རྒྱུ་སོགས་ཀྱི་ཕྱག་རོགས་ཞུ་རྒྱུ་རེད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ལྟར་ན། མགོན་པོ་༸གང་ཉིད་མཆོག་གིས་ཟླ་བ་འདིའི་ནང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེར་བྱེས་གྲྭ་ཚང་དུ་རྟ་མགྲིན་ཡང་གསང་གི་བཀའ་དབང་སྩལ་རྒྱུ་གཙོས་པའི་མཛད་འཆར་ཁག་ཅིག་ལེགས་པར་གྲུབ་རྗེས། བྷེང་ལོར་གྲོང་ཁྱེར་དང་རྒྱལ་ས་ལྡི་ལི། དེ་བཞིན་ཝཱ་རཱ་ཎ་སཱི་བཅས་སུ་ཆིབས་སྒྲུར་བསྐྱང་ནས་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡ ཚེས་ ༢ ཉིན་འཕགས་ཡུལ་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༥ ནས་ ༧ བཅས་ཉིན་གྲངས་གསུམ་རིང་རྒྱ་གར་ནཱ་ལེནྡཱི་ཤིཀ་ཤཱའམ་ནཱ་ལེནྡྲའི་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོག་མགོན་པོ་༸གང་ཉིད་མཆོག་གིས་རྡོ་རྗེ་གདན་དུ་ནཱ་ལེནྡྲའི་སློབ་གཉེར་བ་གཙོས་པའི་ཕྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་ཁག་ཅིག་ལ་ཆོས་འཁོར་མོད་དང་སཱ་ལུ་ལྗང་པའི་རྟེན་འབྲེལ་གྱི་མདོའི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་མ་ཟད། ཚེས་ ༡༤ ནས་ ༡༦ བར་སོག་པོའི་དད་ལྡན་ཆོས་ཞུ་བ་དང་རྣམ་རྒྱལ་གྲྭ་ཚང་གཉིས་ཐུང་མོང་ནས་༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།

Latest news