Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བོད་སློབ་འཛིན་ཚོགས་ཁག་གི་སློབ་ཁག་ཚང་མ་ལོ་རྗེས་མ་གཙང་བཞེས་གནང་རྒྱུའི་ཁས་ལེན་བྱུང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་དེ་རིང་གྲོས་ཚོགས་ནང་ཤེས་རིག་ལས་བསྡོམས་དང་འབྲེལ་བའི་འཛིན་སྐྱོང་གི་ལན་འདེབས་གནང་པའི་ཁྲོད། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ཚང་མ་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༣ པའི་ནང་ཚུད་གཙང་བཞེས་གནང་རྒྱུའི་ཁས་ལེན་བྱུང་ཡོད་པ་གསུངས་སོང་། དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་བདུན་པ་ཉིན་འཁྱོངས་ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་༢༠༡༦་༡༧ལོའི་ལས་བསྡོམས་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན། ལན་འདེགས་གསལ་བཤད་བཅས་ཞིབ་ཚགས་གནང་སོང་བ་དང་། སྐབས་དེར་སློབ་གྲྭ་ཁག་གིི་ནང་དུ་སློབ་མའི་གྲུབ་འབྲས་དང་ཤེས་ཚད་ཡར་རྒྱས་ཇེ་མཐོར་གཏང་སྟངས་དང་། དེ་འབྲེལ་དགེ་རྒན་གྱི་མཐུན་རྐྱེན་སྦྱོར་ཕྱོགས་དང་དགེ་རྒན་རྣམས་ཀྱི་གསོལ་ཕོགས་སོགས་ཐོབ་ཐང་ཇེ་བཟང་དུ་གཏང་རྒྱུའི་སྐོར། དེ་དེ་བཞིན་སློབ་མའི་བཟས་བཅུད་དང་འཕྲོད་བསྟེན་གྱི་གནས་སྟངས་དང་ཤེས་རིག་ལས་ཁུངས་ཀྱི་བྱིས་སྒྲུང་ལས་གཞི་དང་ཕྱི་རྒྱལ་དུ་གཟའ་མཇུག་སློབ་གྲྭའི་གལ་གནད་སོགས་ཤེས་ཡོན་སྤྱིའི་སྐོར་ལ་བཀའ་མོལ་བྱུང་སོང་། ལྷག་པར་དུ་དེ་རིང་སྔ་དྲོ་བོད་སློབ་ཚོགས་ཀྱི་སློབ་གྲྭ་ཁག་རྩིས་ལནེ་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བ་གཅིག་དང་དྲི་བ་དེའི་ལན་ལས་འཕྲོས་ནས་སྤྱི་འཐུས་ཁ་ཤས་ནས་ད་བར་སློབ་གྲྭ་དེ་དག་རྩིས་ལེན་མ་ཐུབ་དགོས་དོན་སོགས་དྲི་བ་ཁག་ཅིག་སླེབས་ཡོད་སྟབས། ཤེས་རིག་བཀའ་བློན་མཆོག་གིས་འཛིན་སྐྱོང་ནས་ཕྱི་ལོ་ ༢༠༡༣ ལོར་སློབ་གྲྭ་ཁག་རྩིས་ལེན་རྒྱུ་འགོ་འཛུགས་མ་ཐག་པ་ནས་དུས་ཚོུད་ཐུང་ཐང་ཞིག་དང་གང་མགྱོགས་མགྱོགས་རེ་བ་གནང་ཡོད་ནའང་། བར་ལམ་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་བྱེད་པ་ཁག་ཅིག་ཡང་ཡང་འཕོ་འགྱུར་སོང་རྐྱེན་ད་བར་འགག་ཡོད་པ་གསལ་བཤད་དང་སྦྲགས། མ་འོངས་ཟླ་བ་དྲུག་ནང་ཚུད་སློབ་གྲྭ་ཁག་ ༡༤ ལྷག་ཡོད་པ་ཚང་མ་གཙང་བཞེས་ཁས་ལེན་གནང་ཡོད་པ་ལན་འདེབས་གསལ་བཤད་གནང་སོང་། གཞན་ཡང་དེ་རིང་གྲོས་ཚོགས་ཀྱི་ར་བ་དེའི་ནང་༸གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགོངས་གཞིའི་སྐོར་དང་འབྲེལ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་ནི་ཕྱི་རྒྱལ་བ་ལས་བོད་པ་དང་བོད་པའི་སྤྱི་ཚོགས་ནང་འགྲེམས་སྤེལ་གསལ་བཤད་དགོས་མིན་སྐོར་ལ་བགྲོ་གླེང་ཡོང་སོང་བ་དང་། ཤེས་རིག་བཀའ་བློན་མཆོག་ནས་འཛིན་སྐྱོང་བཀའ་ཤག་ནས་ད་ཆ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གྲ་སྒྲིག་བརྒྱུད་ཐོག་ཕྱག་ལས་གནང་བཞིན་ཡོད་པ་དང་། རིམ་པས་དེ་སྒྲུབ་རྗེས་སློབ་གྲྭ་ཁག་ཏུ་ལག་བསྟར་གནང་རྒྱུའི་སྐོར་གསུངས་ཡོད་པ་གསུངས་སོང་།  དེ་རིང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་ཐོག་སྤྱི་འཐུས་ ༢༠ ཐམ་པས་བགྲོ་གླེང་དང་དྲི་བ་དྲིས་ལན་གྱི་ཆ་ཤས་བཞེས་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་ཀྱི་གནད་དོན་སྤྱིའི་ཐོག་ལ་དགོངས་ཚུལ་ལྷུག་པོ་གསུངས་སོང་། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་རྒྱ་གར་དང་བལ་ཡུལ་གཉིས་ནང་གཏན་ཉིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བསྡོམས་ ༦༧ འདུག་པ་དང་འདས་པའི་ལོ་དེའི་ནང་སློབ་ཕྲུག་ཕོ་མོ་གྲངས་༡༩༠༦༣ དང་དགེ་རྒན་ལས་བྱེད་ ༢༠༠༢ བཅས་སོགས་འདུག

གྲོས་ཚོགས་སུ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༨ པའི་སྙན་ཐོ་འགོད་འབུལ་ཞུས་པ།

དེ་རིང་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་དྲུག་པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༨ པའི་ལས་བསྡོམས་དང་རྒྱབ་གཉེར་སྙན་ཐོ་འགོད་འབུལ་ཞུས་པའི་ཐོག་མཉམ་འབྲེལ་དང་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློབ་གྲྭ་ཁག་ཅིག་ནས་རྩིས་སྙན་ལན་འདེབས་དང་དོགས་འདྲིའི་ལན་འདེབས་སོགས་ལ་ཐུགས་སྣང་ཆུང་བ་ཡོད་པར་མངོན་པ་སོགས་ཀྱི་རྒྱབ་གཉེར་ཁག་ཅིག་ཕུལ་གནང་སོང་། དེ་ཡང་དེ་རིང་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་དྲུག་པའི་སྔ་དྲོ་ཐོག་སྐར་རྟགས་ཅན་གྱི་དྲི་བ་ཁག་ཅིག་ལ་བཀའ་ལན་དང་བགྲོ་གླེང་གནང་པ་དང་། དེ་རྗེས་ནང་སྲིད་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོ་ཐོག་བགྲོ་གླེང་གི་ལས་རིམ་མཇུག་བསྡུ་ཟིན་མཚམས་ཚོགས་ཐེངས་གཉིས་པ་དང་གསུམ་པ་གཉིས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༨ པའི་ལས་བསྡོམས་སྙན་ཐོ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ནས་འགོད་འབུལ་ཞུས་སོང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༨ པའི་ངོས་ནས་འདས་པའི་ཟླ་བ་དགུ་ཙམ་རིང་ལ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་ཟིན་པའི་ལས་ཁུངས་སམ་སྡེ་ཚན་ཁག་ ༡༧༨ ཡོད་པ་ལས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ལ་ལས་ཁུངས་སམ་སྡེ་ཚན་ ༡༧༢ ཀྱི་སྙན་ཐོ་འབྱོར་བ་བཞིན་དེ་དག་ཐོག་ཞིབ་འཇུག་གནང་པའི་ཁྲོད། དུས་ཚོད་རྒྱས་བཅད་ནང་རྩིས་སྙན་ཁག་ལ་ལན་འདེབས་འབྱོར་བ་གྲངས་ ༡༢༧ བྱུང་འདུག་པ་དང། ཚོགས་ཆུང་གི་ལས་ཡུན་རིང་རྩིས་སྙན་དང། རྩིས་སྙན་ལན་འདེབས། དོགས་འདྲིར་ལན་འདེབས། དེ་བཞིན་དུ་རྩིས་ཞིབ་དང་ནང་ཞིབ་བཅས་ཀྱི་མཚོན་པའི་འབྲེལ་ཡོད་ལྷན་ཁང་ཁག་གི་རྩིས་པ་སོགས་ཁྱོན་མི་གྲངས་ ༣༡ ཙམ་ལ་འདྲི་རྩད་གནང་འདུག ཚོགས་ཆུང་གི་ངོས་ནས་སྙན་ཐོའི་ནང་སྤྱི་ཡོངས་ཀྱི་གནས་སྟངས་ཆ་ནས་རྒྱབ་གཉེར་ཁག་ ༥ སྟོན་འདུག་པ་ལས་མཉམ་འབྲེལ་ཁག་དང་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློབ་གྲྭ་ཁག་ཅིག་ནས་རྩིས་སྙན་ལན་འདེབས་དང་དོགས་འདྲིའི་ལན་འདེབས་སོགས་ལ་ཐུགས་སྣང་ཆུང་བ་དང་། ལྷག་པར་དུ་ཁོངས་སོ་སོའི་འགན་འཛིན་ལྷན་ཚོགས་ཐོག་རྩིས་ཀྱི་སྐྱོན་གནད་མང་དག་ཅིག་ལ་རྩིས་བསུབ་བཀའ་འཁྲོལ་བཏང་བ་དང། དོགས་འདྲིའི་ལས་འདེབས་སྐབས་ངག་ཐོག་དང་ལམ་སྲོལ་ཙམ་ལས་ཁུངས་ཕལ་ཆེར་ཞིབ་ཡུལ་གྱི་སྒྲིག་གཞི་ཚད་ལྡན་མེད་པ་སོགས་མ་འོངས་པར་རྩིས་ཞིབ་ཀྱི་ལས་དོན་ངལ་བ་འབྲས་མེད་དུ་འགྱུར་ཉན་ཡོད་པ་བཞིན་ཡིད་གཟབ་གནང་དགོས་པ་སོགས་རྒྱབ་གཉེར་ཁག་ཅིག་གསལ་བཏོན་གནང་སོང། འདི་ག་རླུང་འཕྲིན་ཁང་གིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༨ པའི་སྙན་ཐོ་འགོད་འབུལ་ཟིན་རྗེས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སུ་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་ལས་དོན་གནང་ཕྱོགས་དང་ཐེངས་འདིའི་སྙན་ཐོའི་སྐོར་བཀའ་འདྲི་ཞུས་ཡོད། རྩ་བའི་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༢ གྲོས་ཆོད་ཡིག་ཆ་ཨང་ ༤༥ པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༡༢༠ དང་ ༡༢༡ དགོངས་དོན། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༨ པའི་ཚོགས་མིར་བསྐོ་གཞག་གནང་སྲོལ་ཡོད་པ་ལྟར། སྔ་ལོའི་ཕྱི་ཟླ་ ༡༡ ནང་ཚོགས་གཙོ་སྦྲེལ་པོས་སྐབས་ ༨ པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་མིར་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། ཀླུ་ཚང་རྒྱ་རིགས་མཐར་ལགས། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་ཚན་ལགས། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་ལགས་བཅས་བསྐོ་གཞག་གནང་ཡོད་པ་རེད།  

སྲིད་སྐྱོང་མཆོག་གིས་ཕྱི་རྒྱལ་ཁག་ཏུ་བོད་མིའི་གཞིས་ཆགས་དང་སློབ་གྲྭ་གསར་འཛུགས་གནང་ཐབས་མེད་པ་གསུངས་སོང་།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་ཚོགས་ཀྱི་ལས་ཉིན་དྲུག་པའི་ཐོག་སྐར་རྟགས་ཅན་གྱི་དྲི་བ་ཁག་ཅིག་ལ་བཀའ་ལན་གནང་པའི་ཁྲོད། བཀའ་ཤག་གི་ངོས་ནས་ཕྱི་རྒྱལ་ཁག་ཏུ་བོད་མིའི་གཞིས་ཆགས་ཟུར་འཛུགས་དང་སློབ་གྲྭ་གསར་འཛུགས་གནང་རྒྱུའི་གནས་སྟངས་དེ་དཀའ་ལས་ཁག་པོ་ཆགས་ཡོད་པ་གསུངས་སོང་། དེ་ཡང་དེ་རིང་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་དྲུག་པའི་སྔ་དྲོ་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས་བཀའ་ཤག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཞིས་ཆགས་ཟུར་འཛུགས་དང་སློབ་གྲྭ་གསར་འཛུགས་བྱེད་པའི་ཐབས་ནུས་ཡོད་པར་མཐོང་ངམ་ཞེས་དང་དེ་མིན་མིག་མཐོང་ལག་ཟིན་དུ་རང་མི་རིགས་འདི་མི་རིགས་གཞན་ནང་དུ་རྒྱ་མཚོར་ཁ་བ་བབ་པ་བཞིན་ཐིམ་དུ་འགྲོ་ངེས་པ་དེའི་ཐབས་ལམ་ཇི་འཚོལ་ཞེས་སྐར་རྟགས་ཅན་གྱི་དྲི་བ་གཉིས་ཕུལ་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དྲི་བའི་བཀའ་ལན་དུ་ད་ལྟའི་ཆར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མིའི་ཆེད་གཞིས་ཆགས་དང་སློབ་གྲྭ་ཟུར་འཛུགས་བྱེད་ཐུབ་ཐབས་མ་མཐོང་ཞེས་དང་། ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་མི་རིགས་གཞན་གྱི་ནང་སིམ་ཡལ་དུ་མི་འགྲོ་བའི་ཆེད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་དང་རྣམ་པ་ཀུན་ཏུ་བོད་མི་ཚོར་བཀའ་སློབ་ལམ་སྟོན་ཕེབས་བཞིན་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྐབས་ནམ་བྱུང་ལ་ལམ་སྟོན་རིམ་པ་གནང་བཞིན་ཡོད་པ་མ་ཟད། ས་གནས་སོ་སོའི་བོད་རིགས་རྣམས་ནས་ཀྱང་སེམས་ཁུར་ཆེ་བཞེས་ཀྱིས་སྤྱི་ཁང་འཛུགས་སྐྲུན་དང་འབྲེལ་བོད་མིའི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་ཆེད་འབད་བརྩོན་ཞུ་མུས་ཡིན་པ་གསུངས་སོང་། གོང་གསལ་སྤྱི་འཐུས་ཀྱིས་བསྐྱར་དུ་སྲིད་སྐྱོང་མཆོག་ལ་སྲིད་སྐྱོང་གི་སྐབས་གཉིས་ཀྱི་ལས་ཡུན་རིང་ཕྱི་རྒྱལ་ཁག་ཏུ་བོད་པའི་སློབ་གྲྭ་ཟུར་འཛུགས་བྱ་རྒྱུ་ཐད་དགོངས་པ་བཞེས་ཡོད་མེད་དང་། དེ་འབྲེལ་ཐབས་ལམ་འཚོལ་ཞིབ་གནང་པ་རྣམས་ལམ་ལྷོང་མ་བྱུང་བ་ཞིག་ཡིན་མིན་བཅས་ཀྱི་དྲི་བ་ཕུལ་བར་སྲིད་སྐྱོང་མཆོག་གིས་ཕྱི་རྒྱལ་མང་ཚོགས་ཁྲོད་བོད་པའི་གཞིས་ཆགས་ཟུར་འཛུགས་དང་སློབ་གྲྭ་གསར་འཛུགས་གནང་རྒྱུའི་བཀའ་མོལ་ཞིག་བྱུང་ཡོད་ཀྱང་། དོན་དངོས་ཐོག་ཕྱི་རྒྱལ་ཁག་ཏུ་སློབ་གྲྭ་ གསར་འཛུགས་གནང་པར་སློབ་ཕྲུག་གདང་ངེས་དང་དགེ་རྒན་ཚད་ལྡན་དགོས་པ་བཅས་ཀྱི་གཞི་རྩའི་ཆ་རྐྱེན་ཁག་ཅིག་ངེས་པར་ཚང་དགོས་པའི་གནས་སྟངས་འོག་དེ་ལྟར་ཡོང་ཐབས་མེད་སྐོར་གསུངས་པ་དང་། ལྷག་དོན་གཞིས་ཆགས་ཟུར་འཛུགས་བྱ་རྒྱུའི་ལས་འཆར་ལྟ་བུ་ལ་ཆ་མཚོན་ན་གནས་ཡུལ་དེའི་ཁྲིམས་སྒྲིག་དང་། ས་གནས་བོད་མིའི་ངོས་ནས་འདོད་མོས་ཡོད་མེད་སོགས་ཀྱི་གནས་སྟངས་དུ་མའི་ཆ་ནས་ལག་བསྟར་ཞུ་རྒྱུ་དཀའ་བ་ཆགས་ཡོད་པ་ལུང་འདྲེན་གྱིས་ད་ཆ་ས་གནས་ཁག་གཅིག་གི་ནང་སྤྱི་ཁང་གསར་རྒྱག་ཞུས་པའི་ཉེ་འཁོར་དུ་བོད་མི་གནས་སྡོད་བྱེད་མཁན་མང་དུ་འགྲོ་མུས་ཡིན་པ་གསུངས་སོང་། ད་དུང་སློབ་གྲྭ་གསར་འཛུགས་དང་འབྲེལ་ཏེ་སྤྱི་འཐུས་ཤིག་གིས་འཕྲོས་དོན་དྲི་བའི་ཚུལ་དུ་ཕྱི་རྒྱལ་ཁག་ལ་བོད་མིའི་གཞིས་ཆགས་དང་སློབ་གྲྭ་དགོས་པའི་དངོས་ཡོད་གནས་སྟངས་ཤིག་ཆགས་ཡོད་ཀྱང་། ཕྱི་རྒྱལ་དུ་ཡོད་པའི་ཕ་མ་གཉིས་ཀ་བོད་པ་ཡིན་ནའང་བུ་ཕྲུག་བོད་སྐད་མ་རྒྱབ་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། གཞིས་ཆགས་ལས་བོད་མིའི་སློབ་གྲྭ་ཟུར་འཛུགས་ཞུ་གལ་ཆེ་བ་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ། སློབ་གྲྭ་གསར་འཛུགས་ཞུ་མི་ཐུབ་པའི་རྒྱུ་མཚན་གང་ཡིན་དང་། སྒྲིག་འཛུགས་ཀྱི་ངོས་ནས་གཟའ་མཇུག་སློབ་གྲྭའི་དགེ་རྒན་ཚོར་དམིགས་བསལ་མཐུན་འགྱུར་སྦྱར་རྒྱུའི་དགོས་པ་ཡོད་མེད་བཅས་ཀྱི་དྲི་བ་ཕུལ་བར་སྲིད་སྐྱོང་མཆོག་ནས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་ཕྲུག་ཚོའི་ཆེད་དུ་བོད་པའི་སློབ་གྲྭ་ལོགས་སུ་བཙུགས་པ་ལ་བོད་ཡིག་ཙམ་མིན་པར་རྒྱལ་ཁབ་དེའི་ཤེས་ཡོན་གྱི་གནས་ཚད་དང་མཐུན་པའི་སློབ་སྦྱོང་འདྲ་མཉམ་ཞིག་སྤྲོད་དགོས་པ་དང་། དེ་ལ་དཔག་པའི་སློབ་ཡོན་མཐོ་པོ་ཞིག་བཞག་དགོས་པས་བོད་མིའི་མི་འབོར་དང་དཔལ་འབྱོར་གནས་བབས་བཅས་ལ་གཞིགས་ན་བོད་པའི་སློབ་གྲྭ་གསར་འཛུགས་ཞུ་ཐབས་མེད་སྐོར་གསལ་བཤད་གནང་ཡོད། དེ་བཞིན་སྐབས་དེར་སྤྱི་འཐུས་གཞན་ཞིག་གིས་བཀའ་ཤག་གི་ངོས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཟའ་མཇུག་སློབ་གྲྭའི་དགེ་རྒན་ཚོ་ལོ་གསུམ་རེ་མཚམས་སུ་འཁྱུར་བསྟུན་ལེགས་གསོལ་དུ་ཕྱག་འཁྱེར་ཞིག་ཕུལ་སྲོལ་ཡོད་པ་བཞིན་དེ་འདྲའི་ཕྱག་འཁྱེར་ཞིག་བོད་རིགས་ཚོགས་པའི་ཚོགས་གཙོ་ ༡༤ དང་རྒྱུན་ལས་རྣམས་ལ་འབུལ་རྒྱུ་གསར་གཏོད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་དོན་ལྟར་སྲིད་སྐྱོང་མཆོག་གིས་ཁོང་རྣམ་པར་དགའ་སྤོབས་ཐོག་ནས་ཕྱག་འཁྱེར་དེ་ལྟར་གནང་རྒྱུ་ཡིན་པ་བཀའ་སོགས་གནང་སོང་། གཞི་རྩའི་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་དྲུག་པའི་སྔ་དྲོའི་ཚོགས་ཐུན་སྐབས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་སྐྱེས་ལྡན་སོ་ནམ་གྱི་ལས་གཞི་དང་རྒྱ་གར་གྱི་མི་སེར་བཟོ་རྒྱུའི་གནད་དོན་སྐོར། དེ་བཞིན་གསར་འགྱུར་སྤྱི་མཐུན་ཚོགས་པ་དང་བོད་མི་གསར་འབྱོར་སྡོད་ཁང་། གཞན་ཡང་བལ་ཡུལ་ཚེ་རིང་རྒན་གསོ་ཁང་དང་བོད་ཀྱི་བེུད་ཀྱི་ཉིན་མོ་སོགས་གནད་དོན་མང་དག་ཅིག་གི་སྐོར་ལ་གླེང་སློང་ཤུགས་ཆེ་བྱུང་སོང་།

སྲིད་སྐྱོང་མཆོག་གིས་བོད་ཀྱི་ཡུལ་མི་དང་སྐྱབས་བཅོལ་བ་གཉིས་དབྱེ་བ་གསལ་པོ་ཕྱེ་དགོས་ཞེས་གསུངས་སོང་།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ལྔ་པའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མི་ཚོས་རྒྱ་གར་མི་སེར་བཞེས་པའི་གནད་དོན་སྐོར་གསལ་བཤད་གནང་སྐབས། བོད་ཀྱི་ཡུལ་མི་དང་སྐྱབས་བཅོལ་བ་གཉིས་དབྱེ་བ་གསལ་པོ་ཕྱེ་དགོས་པ་དང། རྒྱ་གར་གྱི་མི་སེར་བཞེས་ན་སྐྱབས་བཅོལ་བའི་ཐོབ་ཐང་ལེན་ཆོག་གི་མེད་སྟབས། ང་ཚོའི་ངོས་ནས་རྒྱ་གར་གཞུང་གི་བཀོད་ཁྱབ་འདིར་བརྩི་བཀུར་ཞུ་དགོས་ཀྱི་རེད་ཅེས་གསུང་སོང། དེ་ཡང་འདས་པའི་ཉིན་གྲངས་གསུམ་གྱི་གྲོས་ཚོགས་ཚོགས་དུས་རིམ་པའི་ནང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་སྐོར་ལས་འཕྲོས་སྟེ་སྤྱི་འཐུས་མང་དག་ཞིག་ནས་བཀའ་ཤག་ལ་བོད་མི་ཚོས་རྒྱ་གར་མི་སེར་བཞེས་པ་དེས་བོད་ཀྱི་རྩ་དོན་ལ་དོ་ཕོག་ཇི་འདྲ་གཏོང་མིན་ཐད་ལ་འདྲི་རྩད་ནན་པོ་གནང་ཡོད་པ་རེད། དེ་རིང་སྲིད་སྐྱོང་མཆོག་ནས་གནད་དོན་དེའི་ཐད་ལན་འདེབས་གནང་སྐབས་རྒྱ་གར་གཞུང་གིས་ཡུལ་དེའི་མི་སེར་བཞེས་མཁན་ཚོས་སྐྱབས་བཅོལ་བའི་ཐོབ་ཐང་ལེན་ཆོག་གི་མེད་པ་བཟོས་ཡོད་པ་བཞིན།ང་ཚོའི་ངོས་ནས་ས་གནས་ཀྱི་ཡུལ་ཁྲིམས་འཁུར་ནས་རྒྱ་གར་གཞུང་གི་བཀོད་ཁྱབ་ལ་གུས་བཀུར་ཞུ་དགོས་ཀྱི་ཡོད་པ་དང། བོད་མིའི་གཞིས་ཆགས་ཁག་གི་ས་ཆ་དེ་དག་རྒྱ་གར་དབུས་གཞུང་གིས་སྐྱབས་བཅོལ་བར་གནང་པ་ཞིག་ཡིན་སྟབས། གནད་དོན་དེའི་ཐོག་དོ་དག་སོ་སོས་སྔོན་ཚུད་ནས་དགོངས་པ་བཞེས་དགོས་ཀྱི་རེད་ཅེས་ནན་བརྗིད་གནང་ཡོད། སྲིད་སྐྱོང་མཆོག་གིས་ད་དུང་སྐྱབས་བཅོལ་བའི་རོགས་དངུལ་ཁག་རྒྱ་གར་གྱི་མི་སེར་ཡོད་མཁན་ཞིག་ལ་ཕུལ་ན་ཁྲིམས་དང་བཟང་སྤྱོད་གཉིས་ཀྱི་ཐོག་ནས་འགལ་གྱི་ཡོད་པ་དེ་ལྟར་ཡང་། མི་སེར་ཞུ་དང་མ་ཞུ་བཅའ་ཁྲིམས་ཀྱི་ཐོབ་ཐང་ཡིན་པས་སྐྱབས་བཅོལ་བའི་སྒྲིག་འཛུགས་ཞིག་གི་ངོས་ནས་མི་སེར་བྱེད་ཅེས་ཞུ་ཐུབ་ཀྱི་མ་རེད། དེ་བཞིན་མི་སེར་མ་བྱེད་ཅེས་ཞུ་ཆོག་གི་མ་རེད་ཅེས་གསལ་བཤད་གནང་པ་དང་ཆབས་ཅིག རྒྱ་གར་གྱི་མི་སེར་ཐོབ་ཐང་ལེན་མཁན་མང་དུ་ཕྱིན་ན་བོད་མིའི་སྒྲིག་འཛུགས་ནས་རིམ་པས་མང་ཚོགས་ཁྲོད་ལམ་སྟོན་ཁ་གསལ་རུ་གནང་དགོས་པ་ཞིག་ཆགས་རྒྱུ་ཡིན་སྐོར་གསུངས་སོང་། རྩ་བའི་འདས་པའི་ལོ་ཤས་ནས་བཟུང་སྟེ་རྒྱ་གར་ནང་གི་སྐྱབས་བཅོལ་བོད་མི་ཁག་ཅིག་གིས་རྒྱ་གར་གཞུང་གི་ཁྲིམ་ནང་གསལ་བའི་ཆ་རྐྱེན་ཁག་གི་གཞིར་བཟུང་ཁྲིམས་ཁང་བརྒྱུད་རང་ཉིད་རྒྱལ་ཁབ་དེའི་མི་སེར་ཡིན་པ་ར་སྤྲོད་དང་སྦྲགས་ཏེ། རྒྱལ་ཁབ་དེའི་ཕྱིར་སྐྱོད་ལག་འཁྱེར་རྩོད་བཞིན་ཡོད་པ་ལྟར། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ཉེ་བའི་ཆར་ས་གནས་ཕྱིར་སྐྱོད་ལག་འཁྱེར་ལས་ཁུངས་ཡོངས་ལ་ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ བར་གྱི་དུས་བཀག་ཁྲོད་རྒྱ་གར་ནང་སྐྱེས་པའི་བོད་མི་རྣམས་ལ་ཡུལ་དེའི་ཕྱིར་སྐྱོད་ལག་འཁྱེར་སྤྲོད་དགོས་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། ཁོང་རྣམས་ལ་རྒྱ་གར་གྱི་ཕྱིར་སྐྱོད་ལག་འཁྱེར་བཟོ་ཆེད་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་གཏན་འབེབས་གནང་པའི་དོན་ཚན་བཞི་ཅན་གྱི་ཆ་རྐྱེན་ཁག་ལེགས་གྲུབ་དགོས་པའི་ཡིག་ལན་གནང་པའི་ནང་གསལ་ལྟར་ན། བོད་མི་དེ་དག་ནས་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཐོབ་ཁུངས་ཁག་ཏུ་བཞུགས་མི་ཆོག་པ་དང་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་གནང་ཁག་ལོངས་སུ་སྤྱོད་མི་ཆོག་པ་སོགས་ཆེད་བཏོན་གནང་ཡོད་པ་རེད། དེ་རིང་གི་གྲོས་ཚོགས་ཐོག་གཞན་ཡང་སྲིད་སྐྱོང་མཆོག་ནས་སྤྱི་འཐུས་མང་ཆེ་བ་དང་དེའི་ནང་ནས་བེུད་ཚོས་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་མོ་དེ་གཞུང་འབྲེལ་གྱི་བེུད་ཀྱི་ཉིན་མོར་སྲུང་བརྩི་ཞུ་བཞིན་པའི་གནད་དོན་ཐོག་འགྲིག་མིན་དང་དེའི་ཚབ་ཏུ་བེུད་སྒེར་ལངས་ཀྱི་ཉིན་མོ་ཞེས་གཞུང་འབྲེལ་སྲུང་བརྩི་ཞུ་དགོས་པ་སོགས་ཀྱི་འབོད་སྐུལ་ཞུ་མཁན་རྣམས་ལ་གསལ་བཤད་གནང་པར་བཀའ་ཤག་གི་ངོས་ནས་བེུད་ནུས་སྟོབས་དང་བེུད་སྒེར་ལངས་ལ་ཕན་ན་བསམ་པའི་ཐོག་ནས་ཉིན་མོ་དེ་བཟོས་པ་ཞིག་ཡིན་པ་དང་བོད་ཀྱི་བེུད་སྒེར་ལངས་ཉིན་མོ་དེ་གཞུང་འབྲེལ་གྱི་ཉིན་མོ་ཞིག་ཡོང་ཐབས་མེད་པ་བཀའ་ཤག་རིམ་པའི་ལངས་ཕྱོགས་ཡིན་པ་མ་ཟད། སྒེར་ལངས་གནང་པར་བརྟེན་ནས་གཞུང་འབྲེལ་གྱི་ཉིན་མོར་ངོས་འཛིན་གནང་དགོས་ན་ཚོགས་པ་གཞན་ཡང་དེ་མཚུངས་ཀྱི་ཁྱད་ཉིན་ཡོད་པ་རེད་ཅེས་གསལ་བཤད་གནང་ཡོད། གཞན་ཡང་དེ་རིང་གི་གྲོས་ཚོགས་སུ་སྲོལ་རྒྱུན་སོ་ནམ་ཡར་རྒྱས་ཀྱི་ལས་དོན་དང་སྤྱི་མཐུན་མཉམ་འབྲེལ་གྱི་སྐོར། དེ་བཞིན་སྐྱེས་ལྡན་སོ་ནམ་ཞིང་ལས་དང་ཉམ་ཐག་ནང་མ་ཚུད་པ་རྣམས་ཀྱི་ཆེད་ཛ་དྲག་མ་དངུལ་ཟུར་འཇོག་གནང་དགོས་པ་སོགས་ཀྱི་གནད་དོན་ཁག་ཅིག་གི་ཐོག་བགྲོ་གླེང་གནང་སོང་བ་དང་ཉིན་རྒྱབ་ཏུ་གྲོས་ཚོགས་བར་མཚམས་བཞག་ནས་སྤྱི་འཐུས་རྣམས་བཞུགས་མོལ་གནང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ནས་གསར་འབྱོར་ཚོར་མཐུན་འགྱུར་གང་ཐུབ་སྦྱོར་བཞིན་ཡོད་ཅེས་གསུངས་སོང་།

གྲོས་ཚོགས་སུ་ཁ་སང་དང་དེ་རིང་ཉིན་རྒྱབ་མུ་མཐུད་བོད་མི་སྒྲིག་འཛིགས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་སྐབས། བོད་ནས་གསར་དུ་འབྱོར་བའི་བོད་མི་རྣམས་ཀྱི་འཚོ་རྟེན་དང་རྒན་གཅོང་ཉམ་ཐག་ཚོར་མཐུན་རྐྱེནན་སྦྱོར་སྤྲོད་སྐོར་དང་། བོད་མི་ཚོགས་ཁག་གཅིག་ལ་བཞུགས་སའི་དཀའ་ངལ་ཆེན་པོ་འཕྲད་མུས་ཀྱི་སྐོར་ལ་བཀའ་བསྡུར་ལྷུག་པོ་གནང་སོང་། དེ་ཡང་བགྲོ་གླེང་སྐབས་སྤྱི་འཐུས་གཅིག་གིས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ལ་ད་བར་བོད་ནས་གསར་དུ་འབྱོར་བའི་བོད་མིའི་སྡོད་ཁང་གསར་རྒྱག་དང་འབྲེལ་བའི་སྙན་ཞུ་འབུལ་མཁན་ཚོགས་ཁག་ག་ཚོད་བྱུང་མིན་དང་དེ་དག་ལ་བཀའ་ཤག་གི་ངོས་ནས་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་བཙུགས་ཐོག་གསར་འབྱོར་གྱི་འཚོ་རྟེན་དང་འབྲེལ་བའི་དམིགས་བསལ་སྲིད་བྱུས་ཤིག་གཏན་འབེབས་གནང་དགོས་ཀྱི་འདུག་ཅེས་གསུངས་སོང་བ་ལྟར། དེར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་གིས་ད་བར་བོད་མི་གསར་འབྱོར་ཚོར་མཐུན་འགྱུར་གང་ཐུབ་སྦྱོར་བཞིན་ཡོད་ཅེས་གསུངས་སོང་། སྤྱི་འཐུས་གཞན་ཞིག་ནས་འདི་ལོ་ནང་སྲིད་ལས་ཁུངས་ཀྱི་རྩིས་ལོའི་ནང་ཉམ་ཐག་ཁོངས་ནས་རང་མོས་ཕྱིར་འཐེན་ཞུས་པ་ཕོ་མོ་གྲངས་ ༡༠ བྱུང་ཡོད་པར་བསྔགས་བརྗོད་ཞུས་ནའང་། ང་ཚོའི་སྤྱི་ཚོགས་ནང་ཉག་ཐག་རོགས་སྐྱོར་ཞུ་མཁན་གྱི་གྲངས་འབོར་དེ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་དེ་ལམ་སྲོལ་ངན་པ་ཞིག་ཆགས་རྒྱུའི་ཉེན་ཁ་ལས་ལྡོག་ཐབས་སུ་སྒྲིག་འཛུགས་ནས་དེའི་ཐོག་དམིགས་བསལ་རྟོག་ཞིབ་གནང་གལ་ཡིན་པ་གསུངས་ཡོད། སྐབས་དེར་ནང་སྲིད་བཀའ་བློན་མཆོག་ནས་དེ་སྔ་བཀའ་ཤག་གིས་ཆེད་བཙུགས་གནང་པའི་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གིས་ཉམ་ཐག་ལྟ་སྐྱོང་ཞུ་ཕྱོགས་ཐད་འདོན་སྤེལ་གནང་པའི་སྙན་ཐོ་ལུ ང་འདྲེན་གྱིས་བོད་མིའི་སྒྲིག་འཛུགས་ནས་ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་དབུལ་ཕོངས་དང་ཉམ་ཐག་ལྟ་སྐྱོང་ཞུ་ཕྱོགས་ཀྱི་སྲིད་བྱུས་དེ་ཚད་དང་ལྡན་པ་ཞིག་ཡོད་པ་དང་ཁོང་རྣམས་ལ་གནང་བཞིན་པའི་འཚོ་སྣོན་ཁག་གདང་ངེས་ཤིག་ཡོད་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་སོང་། གཞན་ཡང་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་དེ་ས་གནས་ག་ཚོད་ནང་དུ་ལག་བསྟར་གནང་མུས་ཡིན་པ་དང་བདེ་སྐྱིད་གླིང་དུ་ཁྱིམ་ཚང་གྲངས་ ༡༡༦ ཙམ་ལ་གཞིས་ཁང་གསར་རྒྱག་ཞུ་རྒྱུའི་ལས་འཆར་ཁོངས་བོད་ནས་གསར་དུ་འབྱོར་བ་རྣམས་ཚུད་ཀྱི་ཡོད་མེད་བཅས་ཀྱི་དྲི་བ་ཞུས་པར་བཀའ་བློན་མཆོག་ནས་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དེ་ད་བར་རྒྱ་གར་མངའ་སྡེ་ཧི་མཱ་ཅལ་པར་དེ་ཤི་དང་། ཨུཏྟར་ཁནྜ། ཀ་ན་ཊ་ཀ་བཅས་ཀྱི་ནང་གཏན་འབེབས་གནང་ཡོད་པ་ལྟར། ཉེ་ཆར་སྲིད་བྱུས་དེ་ཨ་རུ་ནཱ་ཅལ་མངའ་སྡེ་ནང་དུ་དེ་མཚུངས་ལག་བསྟར་གནང་གཏན་འཁེལ་ཡོད་པ་གསུངས་སོང་བ་མ་ཟད། བདེ་གླིང་གླིང་དུ་གཞིས་ཁང་གསར་རྒྱག་ཞུ་རྒྱུའི་ཁྱིམ་ཚང་ ༡༡༦ དེ་དག་བཙན་བྱོལ་དུ་ཐོག་མ་འབྱོར་བ་ནས་བཟུང་སྟེ་ད་བར་གཞིས་ཁང་རྩ་བ་ནས་ཐོབ་མེད་པའི་བོད་རིགས་ཤ་སྟག་ཞིག་ཆགས་ཀྱི་ཡོད་སྐོར་ལན་འདེབས་གསལ་བཤད་གནང་སོང་། རྩ་བའི་དེ་རིང་གི་གྲོས་ཚོགས་ལས་རིམ་ཐོག་གཞིས་ཆགས་སྲ་བརྟན་དང་སོ་ནམ་ཞིང་ལས་ཀྱི་གནས་བབ་སྐོར། དེ་བཞིན་ཁེ་ན་ཊ་གཞིས་སྤོས་ཀྱི་ལས་གཞི་དང་ལས་བྱེད་བགྲེས་ཤག་དང་སྡོད་ཁང་གི་གནས་སྟངས་སྐོར། གཞན་ཡང་ས་གནས་ཁག་གི་མཉམ་འབྲེལ་ལས་དོན་སོགས་ཀྱི་སྐོར་ལ་བགྲོ་གླེང་རིམ་པ་གནང་སོང་། སང་ཉིན་གྲོས་ཚོགས་ཀྱི་ལས་རིམ་ནང་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་ལས་རིམ་མུ་མཐུད་གནང་རྒྱུ་རེད།

དབུས་སའི་གཞུང་འབྲེལ་མཛད་སྒོ་ཁག་དང་རྒྱུན་འབྲེལ་སྐབས་གཙོ་བོ་བོད་ཀྱི་སྐད་ཡིག་བེད་སྤྱོད་དགོས་པའི་གྲོས་ཆོད་གཏན་འབེབས།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཞི་པའི་ཐོག་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཕུལ་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་པའི་ཁྲོད། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཆེ་ཆུང་གང་ཡིན་དང་། དེ་བཞིན་དབུས་ས་ཡན་ལག་དང་བཅས་པས་རྒྱུན་འབྲེལ་གཙོ་བོ་རང་གི་སྐད་ཡིག་བེད་སྤྱོད་དགོས་པའི་གྲོས་ཆོད་བསྣམས་ཕེབས་ཡོད་སྟབས། སྤྱི་འཐུས་ ༣༥ ནས་རྒྱབ་སྐྱོར་གནང་ཐོག་མང་མོས་ཐག་གཅོད་ཀྱིས་གཏན་འབེབས་གནང་སོང། ཁོང་གིས་གྲོས་ཚོགས་སུ་གྲོས་འཆར་སྙན་སྒྲོན་ཞུ་སྐབས་དེང་སྐབས་བོད་ཀྱི་སྐད་ཡིག་ཉམས་ཆག་ཤུགས་ཆེ་འགྲོ་བཞིན་པའི་གནད་དོན་དེ། གཉད་ནད་རེག་དུག་འམ་ Aids ལྟ་བུའི་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པར་འགྲེལ་བརྗོད་དང་འབྲེལ། བོད་ཀྱི་སྐད་ཡིག་གཉིས་པོ་ནི་བོད་མིའི་འཐབ་རྩོད་ཀྱི་རྩ་བ་ལྟ་བུ་ཡིན་པས་ང་ཚོའི་ངོས་ནས་གཞུང་གི་རྒྱུན་འབྲེལ་སྐབས་བོད་ཡིག་ཁོ་ན་བེད་སྤྱོད་གནང་དགོས་གལ་སྐོར་དང། དེ་བཞིན་ཁྲིམས་ཐོག་ནས་སྐད་ཡིག་མཁས་དབང་རྣམས་ལ་སྲུང་སྐྱོབ་བྱ་དགོས་གལ་ཡིན་པ་སོགས་གསུངས་སོང་། དེ་རིང་སྤྱི་འཐུས་སྒེར་གྱི་གྲོས་འཆར་དེར་སྤྱི་འཐུས་སྤྱི་མང་མོས་ཐོག་ནས་རྒྱབ་སྐྱོར་གནང་པ་དང་གྲོས་འཆར་ཐོག་ཆ་ཤས་བླངས་པར་ཐུགས་རྗེ་ཆེ་ཞུས་དང་། གྲོས་འཆར་དང་འབྲེལ་བའི་བགྲོ་གླེང་ནང་ཁྱོན་སྤྱི་འཐུས་ ༡༢ ནས་ཆ་ཤས་བཞེས་སོང་བ་མ་ཟད་ཤེས་རིག་བཀའ་བློན་མཆོག་དང་སྲིད་སྐྱོང་མཆོག་རྣམ་གཉིས་ནས་ཀྱང་གྲོས་འཆར་དེར་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་སྤྱི་འཐུས་སྤྱི་ཡོངས་ཀྱི་ཆ་ནས་དེང་སྐབས་ང་ཚོའི་སྐད་ཡིག་གཉིས་པོ་ད་ལྟའི་ཆར་ཉམས་ཆག་འགྲོ་བར་ཉེན་ཚབས་ཀྱི་གནས་སྟངས་དེ་ཆགས་དོན་གང་ཡིན་ཞིབ་དཔྱད་གནང་དགོས་པ་དང་། དེ་བཞིན་སྐད་ཡིག་གི་གནས་སྟངས་ཡར་རྒྱས་གཏང་ཆེད་འཛིན་སྐྱོང་བཀའ་ཤག་དང་ཚོགས་པ་རེ་གཉིས་མ་ཡིན་པར་ང་ཚོ་ཚང་མའི་ངོས་ནས་འགན་ཁུར་དང་དོ་སྣང་གནང་གལ་ཡིན་པ་གསུངས་སོང་། སྲིད་སྐྱོང་མཆོག་གཙོས་སྤྱི་འཐུས་ཁག་ཅིག་གིས་གཞུང་འབྲེལ་མཛད་སྒོའི་སྐབས་བོད་ཀྱི་སྐད་ཡིག་གཙོ་བོ་བེད་སྤྱོད་གནང་རྒྱུ་སྤྱི་དང་སྒོས་མཛད་སྒོའི་ཐོག་ཕེབས་པའི་ཕྱི་རྒྱལ་སྐུ་མགྲོན་སོགས་ལ་དམིགས་ནས་དགོས་མཁོ་ལ་གཞིགས་པའི་སྐད་ཡིག་གཞན་སྤྱོད་རྒྱུར་དགོངས་བཞེས་གནང་དགོས་པ་གསུངས་སོང་། དེ་བཞིན་སྤྱི་འཐུས་གཞན་ཞིག་གིས་ཚོར་ཤུགས་ཆེན་པོའི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་ཐུགས་སྣང་ཤུགས་ཆེ་ཡོང་བར་བོད་སློབ་ཁག་ཏུ་བོད་དགེ་ཚོར་གསོལ་ཕོགས་སོགས་ཀྱི་མཐུན་རྐྱེན་གང་ལེགས་བསྐྲུན་དགོས་གལ་ཡིན་པའི་འབོད་སྐུལ་ཡང་ཞུས་སོང་། ཡང་སྤྱི་འཐུས་གཅིག་གིས་བོད་མིའི་ཁྲོད་ནས་བོད་ཀྱི་སྐད་ཡིག་གཅེས་སྤྲད་དང་དོ་སྣང་། དེ་ལ་དགའ་ཞེན་ཡོང་བའི་སེམས་ཤུགས་སྤར་ཆེད་དུ་ཐབས་མཁས་པོའི་ཐོག་ནས་གནང་དགོས་པ་ལས་བོད་ཡིག་ཡག་པོ་མི་ཤེས་མཁན་ཚོ་ལ་ མཐོང་ཆུང་དང་འཕྱ་སྨོད། དབྱེ་འབྱེད་རིགས་མི་གནང་པར་རེ་སྐུལ་ནན་པོ་གནང་སོང་། ཤེས་རིག་བཀའ་བློན་མཆོག་གིས་བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་ཐོག་འཐུས་ཤོར་གང་ཙམ་ཕྱིན་ཡོད་སྟབས། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་འཐུས་ཇི་ལྟར་ཤོར་ཡོད་མེད་ཐོག་ཞིབ་དཔྱད་གནང་འབྲས་སུ་དམའ་རིམ་འཛིན་གྲྭའི་སློབ་མ་ཚོར་ཆེད་དམིགས་ཀྱིས་ཤུགས་སྣོན་བརྒྱབ་དགོས་གལ་ཡིན་པ་ལྟར་འབད་བརྩོད་གནང་མུས་ཡིན་ཞེས་གསུངས་པ་དང་ཆབས་ཅིག སྐད་ཡིག་གཉིས་པོ་ཡར་རྒྱས་འགྲོ་དང་མི་འགྲོ་ནི་གཙོ་བོ་རྣམ་ཀུན་བེད་སྤྱོད་ག་ཚོད་གཏོང་མིན་ལ་རག་ལས་ཡོད་པས་མང་ཚོགས་ནས་རྒྱུན་དུ་བོད་ཀྱི་སྐད་ཡིག་བེད་སྤྱོད་གང་མང་གནང་རྒྱུར་འབད་བརྩོན་གནང་དགོས་གལ་ཡིན་སྐོར་གསུངས་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་འཐུས་སྒེར་གྱི་གྲོས་འཆར་འདོན་པ་དེར་རྒྱབ་སྐྱོར་གནང་པ་དང་འབྲེལ། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བོད་མིའི་གཞིས་སྒར་ཁག་དང་བོད་སློབ་ཁག་ཏུ་བོད་ཀྱི་སྐད་ཡིག་གཉིས་པོ་མི་ཉམས་རྒྱུན་འཛིན་དང་ཡར་རྒྱས་གནང་རྒྱུའི་ཐད་ལ་ལམ་སྟོན་གནང་མུས་ཡིན་ཞེས་དང་། ལྷག་དོན་གཞུང་འབྲེལ་མཛད་སྒོ་ཁག་གི་སྐབས་སུ་གཙོ་བོ་བོད་ཡིག་བེད་སྤྱོད་གནང་ཐོག་སྐབས་བབ་ཀྱི་མཛད་སྒོའི་སྐུ་མགྲོན་དང་བསྟུན་ནས་དགོས་དབང་གིས་སྐད་ཡིག་གཞན་སྤྱོད་དགོས་པ་ཡོང་གི་འདུག་ཅེས་གསལ་བཤད་གནང་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་བླ་རུང་སྒར་དང་ཡར་ཆེན་སྒར་བཅས་ཀྱི་དཔེ་མཚོན་བཀོད་ནས་རྒྱ་ནག་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་ངོས་ནས་བོད་ཀྱི་སྐད་ཡིག་ཐོག་ལ་སྲིད་བྱུས་འཛིན་སྟངས་དང་ལག་བསྟར་གནང་ཕྱོགས་ཐད་ཁྱད་པར་སྐོར་གསུངས་ཡོད།

སྤྱི་འཐུས་ཁག་ཅིག་གྲོས་ཚོགས་ནས་ཕྱིར་ཐོན་རྐྱེན་ཉིན་རྒྱབ་གྲོས་ཚོགས་ཀྱི་ཚོགས་དུས་དང་པོ་བར་མཚམས་བཞག་པ།

དེ་རིང་བོད་མི་མང་སྤྱི་འཐུས་ཁག་ཅིག་གྲོས་ཚོགས་ནས་ཕྱིར་ཐོན་རྐྱེན་གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བར་བརྟེན་ཉིན་རྒྱབ་གྲོས་ཚོགས་ཀྱི་ཚོགས་དུས་དང་པོ་བར་མཚམས་བཞག་དགོས་བྱུང་ཡོད་པ་རེད། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་གསུམ་པའི་ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་པའི་ཁྲོད། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་ས་ཁང་སྒྲིག་གཞི་དང་འབྲེལ་ནས་དྷ་སའི་ཡོངས་གླིང་སློབ་གྲྭའི་སྐོར་ལས་འཕྲོས་ནས་སྤྱི་རྒྱུ་སྒེར་བདག་ཅན་ལ་ངོས་འཛིན་གནང་པའི་སྤྱི་འཐུས་ཤིག་ལ་ཉེ་ཆར་དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་སྲོང་བཙན་གཟེངས་རྟགས་ཞེས་པ་ཞིག་གནང་བ་དེ་ཧ་ཅང་བློ་ཕམ་གྱི་གནད་དོན་ཞིག་རེད་ཅེས་གསུངས་པ་མ་ཟད།  མ་འོངས་པར་གནད་དོན་དེའི་ཐོག་ཞུ་གཏུགས་གནང་མཁན་ཚོས་གཟེངས་རྟགས་ཐོབ་མཁན་དེ་སྤྱི་རྒྱུ་སྒེར་བདག་བྱེད་མཁན་མིན་པའི་གསལ་བཤད་དགོས་ན་དགའ་ལྡན་ཕོ་བྲང་དུ་འགྲོ་དགོས་སྐོར་གསུངས་སྟབས། སྤྱི་འཐུས་ཁག་གཅིག་གིས་ལས་རིམ་རྣམ་གཞག་བཏོན་ནས་གཟེངས་རྟགས་གནང་མཁན་དེ་དགའ་ལྡན་ཕོ་བྲང་མིན་སྐོར་དང་གོང་ཞུས་སྤྱི་འཐུས་དེ་ཉིད་ནས་གང་གསུངས་པ་དེ་ནི་༸གོང་ས་མཆོག་ལ་བསྙོན་འཛུགས་དང་མཚན་སྨད་ཞུས་པར་ངོས་འཛིན་གྱིས་སྤྱི་འཐུས་དེ་ཉིད་ནས་དགོངས་སེལ་དང་གྲོས་ཚོགས་ཀྱི་དེབ་ཐེར་ནས་ཕྱིར་འཐེན་མ་གནང་བར་དུ་གྲོས་ཚོགས་སུ་བཅར་ཐབས་མེད་ཅེས་གྲོས་ཚོགས་ནས་ཕྱིར་ཐོན་གནང་སོང། དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གནད་དོན་དེ་དང་འབྲེལ་ཡོད་སྤྱི་འཐུས་ནས་གང་བཤད་པ་དེ་ཕྱིར་འཐེན་གནང་དགོས་པ་ལམ་སྟོན་གནང་པ་དང་། གྲོས་ཚོགས་ཀྱི་ལས་རིམ་མུ་མཐུད་ནས་ཕེབས་སྟབས་སྤྱི་འཐུས་ཁག་ཅིག་གཅིག་རྗེས་གཉིས་མཐུད་ཀྱིས་གྲོས་ཚོགས་རྭ་བ་ལས་ཕྱིར་ཐོན་གནང་སོང་། ཉིན་རྒྱབ་ཚོུད་ ༡།༣༠ ཐོག་ཚོགས་དུས་མུ་མཐུད་ཚོགས་ཡོད་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་གནང་ཕྱོགས་ཀྱི་སྒྲིག་གཞིའི་ནང་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་བར་བརྟེན་ཉིན་རྒྱབ་ཚོགས་དུས་དང་པོ་བར་མཚམས་བཞག་དགོས་བྱུང་ཡོད་པ་དང་། དེ་རྗེས་ཚོུད་ ༣།༡༥ ཐོག་གྲོས་ཚོགས་མུ་མཐུད་མཇུག་སྐྱོང་གནང་པའི་ཐོག་མར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཞལ་པར་ཕུལ་རྗེས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྲོང་བཙན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་དེ་གའི་དྲུང་ཆེ་ཞིག་སྐུ་སྒེར་གྱི་ངོ་བོ་ཐོག་ཕེབས་པ་མ་གཏོགས་གཟེངས་རྟགས་དེ་དགའ་ལྡན་ཕོ་བྲང་ནས་གནང་པ་ཞིག་མིན་སྐོར་གསལ་བཤད་ཕེབས་ཡོད་པ་གྲོས་ཚོགས་སུ་སྙན་གསེང་གནང་རྗེས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་ཁོང་ནས་གནད་དོན་དེའི་ཐད་གང་ཞུས་པ་ཆ་ཚང་ཕྱིར་འཐེན་ཞུ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་། གཞི་རྩའི་དེ་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་ལས་འདེབས་གསལ་བཤད་གནང་པའི་ཁྲོད། སྤྱི་འཐུས་མང་ཆེ་བས་བཀའ་ཤག་ནས་དེ་སྔ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་མོ་དེ་བོད་ཀྱི་བེུད་ཉིན་མོར་སྲུང་བརྩི་ཞུ་རྒྱུ་ཡོངས་བསྒྲགས་གནང་ཡོད་པ་དེར་སྐྱོན་བརྗོད་ཀྱིས་མི་འདོད་པའི་གླེང་སློང་ཤུགས་ཆེ་གནང་སོང་། སྐབས་དེར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་བེུད་རང་དབང་སྒེར་ལངས་ཉིན་མོ་དང་བསྟུན་གཞུང་འབྲེལ་གྱི་བོད་ཀྱི་བེུད་ཉིན་མོར་སྲུང་བརྩི་ཞུས་ཏེ་གཟི་བརྗིད་ལྡན་པ་ཞིག་ཡོང་ཕྱིར་ཡིན་ཞེས་དང་སྦྲགས། གལ་ཏེ་དེ་འགྲིག་གི་མེད་པ་དང་བཀའ་ཤག་གིས་མར་སྨན་གནང་པ་དེ་དུག་ཏུ་འགྱུར་གྱི་ཡོད་ན་བོད་ཀྱི་བེུད་ཉིན་མོ་ཕྱིར་འཐེན་བྱ་རྒྱུ་མ་གཏོགས་གཞན་བུའི་ཉིན་མོ་དང་། བེུད་ཉིན་མོ། དགེ་སློང་ཉིན་མོ་སོགས་ཡོང་དཀའ་བ་ཡིན་པར་ལན་འདེབས་གནང་སོང་། འོན་ཀྱང་བགྲོ་གླེང་དེའི་ཐོག་ཆ་ཤས་བཞེས་མཁན་སྤྱི་འཐུས་གཞན་ཞིག་གིས་བོད་ཀྱི་བེུད་སྒེར་ལངས་ཉིན་མོ་དང་བོད་ཀྱི་བེུད་ཉིན་མོ་གཉིས་ཉིན་གཅིག་དུས་གཅིག་ལ་སྲུང་བརྩི་ཞུ་ཐབས་མེད་པས་སོ་སོར་སྲུང་བརྩི་ཞུ་དགོས་པ་གསུངས་སོང་། དེ་བཞིན་སྤྱི་འཐུས་འགའ་ཞིག་ནས་ཉམ་ཐག་གི་གནད་དོན་སྐོར་དང་འབྲེལ་ཆེས་མཐོའི་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་གི་ད་བར་ས་ཁག་ ༡༦ ནང་ཉམ་ཐག་བསྐྱར་ཞིབ་ཟིན་པའི་གྲུབ་དོན་གང་ཡིན་དང་། ལྷག་དོན་ནང་སྲིད་ལས་ཁུངས་ཀྱི་ངོས་འཛིན་ཐོ་གཞུང་ནང་ཚུད་པའི་བོད་མི་དེ་དག་དངོས་ཀྱི་ཉམ་ཐག་ཁོངས་སུ་ཚུད་ཀྱི་ཡོད་མེད་ཐད་ལ་དོགས་དྲི་ཕུལ་གནང་སོང་། གྲོས་ཚོགས་འཐུས་མི་རྣམ་པས་མུ་མཐུད་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས་བོད་མིའི་གཞིས་སྒར་ཁག་ཏུ་ཡོད་པའི་རྒན་གསོ་ཁང་གི་གནས་སྟངས་ཐོག་སེམས་འཚབ་ཀྱིས་རྒན་གསོ་ཁང་རེ་རེའི་ནང་སྨན་ཞབས་པ་གཅིག་དགོས་ངེས་པར་དུ་དགོས་གལ་གཟིགས་ཀྱི་ཡོད་པ་དང་། རྒན་འཁོགས་དེ་དག་གི་སྣང་བ་གཡེང་རྒྱུ་ཆེད་ཁོང་ཚོ་དང་མཐུན་པའི་གནང་སྒོ་ཁག་གོ་སྒྲིག་གནང་བར་འབོད་སྐུལ་ཞུས་སོང་། སྤྱི་འཐུས་གཞན་ཞིག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུལ་ཕོངས་རྒན་འཁོགས་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གནང་པ་ཁོ་ཙམ་མིན་པར་གཙོ་བོ་བོད་རིགས་གཞོན་སྐྱེས་ཚོར་ཕ་མའི་རིན་ཐང་སྐོར་དང་འབྲེལ་ནས་སློབ་གསོ་ཡང་ཡང་གནང་གལ་ཡིན་པའི་དགོངས་འཆར་ཕུལ་ཡོད་པ་རེད།

ཆོས་རིག་བཀའ་བློན་མཆོག་ལ་གནས་ཆུང་ཆོས་རྒྱལ་ཆེན་པོའི་གནད་དོན་སྐོར་འདྲི་རྩད་ནན་པོ་གནང་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་གཉིས་པའི་ཐོག་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྐོར་བགྲོ་གླེང་གནང་སྐབས་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་གདན་ཐོབ་དང་གསོལ་ཕོགས་སྐོར་ལས་འཕྲོས་ཏེ་སྤྱི་འཐུས་ཁག་ཅིག་ནས་བཀའ་བློན་མཆོག་ལ་གནས་ཆུང་ཆོས་རྒྱལ་ཆེན་པོའི་གནད་དོན་སྐོར་ལ་འདྲི་རྩད་གནང་སོང། དེ་ཡང་ཁ་སང་ཉིན་རྒྱབ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཏན་འབེབས་གནང་གྲུབ་རྗེས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ནས་འདི་ལོ་ཟླ་ ༣ ཚེས་ ༣༡ བར་༸རྒྱལ་བའི་༸སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་སོགས་ཆོས་ཕྱོགས་ཀྱི་ལས་དོན་དང་། གྲྭ་བཙུན་སྔགས་འཆང་གསུམ་ལ་མཐུན་རྐྱེན་སྦྱོར་སྤྲོད་སྐོར། སློབ་ཁག་གི་ལྟ་གྲུབ་དགེ་རྒན་ཚོའི་གསོལ་ཕོགས་དང་བདེ་དོན། སྤྱི་ཚོགས་ནང་ནང་ཆོས་ངོ་སྤྲོད་ལས་དོན་གནང་ལུགས་བཅས་ཀྱི་ཐོག་ནས་ལོ་འཁོར་ལས་བསྡོམས་འདོག་འབུལ་གནང་ཡོད་པ་རེད། དེ་རིང་ཆོས་རིག་ལས་ཁུངས་ཀྱི་ལས་སྡོམས་ཐོག་གྲོས་ཚོགས་འཐུས་མི་རྣམས་ནས་མུ་མཐུད་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་སྐབས་སྤྱི་འཐུས་ཅིག་གིས་ང་ཚོའི་གཞུང་འདི་ཆོས་སྲིད་ཟུང་འབྲེལ་གྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་ཡིན་པར་ངོས་ལེན་ཞུ་བཞིན་ཡོད་ཀྱང་། ཆོས་སྲིད་གཉིས་ལྡན་གྱི་ཆོས་ཞེས་པ་དེ་གནས་ཆུང་ཆོས་རྒྱལ་ཆེན་པོར་ངོས་འཛིན་ཞུ་བཞིན་པ་དེ་ནོར་འཁྲུལ་ཡིན་པ་དང་དེ་བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཡོངས་ལ་ཁྱབ་པའི་སྐུ་རྟེན་ཞིག་གཏན་ནས་ཆགས་ཀྱི་མེད་ཅེས་ཚོར་ཤུགས་ཆེན་པོས་གསུངས་སོང་། སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་གསལ་བཤད་ལན་འདེབས་གནང་པར་གཞུང་བསྟེན་དགྲ་ལྷར་གདན་ཐོབ་དང་གསོལ་ཕོགས་ཕུལ་རྒྱུའི་ལམ་སྲོལ་དེ་སྔ་ལམ་ཞིག་ཆགས་ཡོད་པ་དང། ང་ཚོའི་ཆོས་སྲིད་ཟུང་འབྲེལ་དེ་དུས་དང་མཐུན་པའི་ཆོས་སྲིད་བཟུང་འབྲེལ་ཞིག་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། གལ་ཏེ་ལམ་ལུགས་རང་གི་ཐད་བསྒྱུར་བཅོས་དགོས་པར་གཟིགས་ཚེ་དེ་བརྒྱུད་རིམ་གཞན་གི་ཐོག་ནས་གཏན་འབེབས་གནང་དགོས་གལ་ཡིན་པ་གསུངས་སོང་། དེ་མཚུངས་སྤྱི་འཐུས་གཞན་ཞིག་གིས་གནས་ཆུང་ཆོས་རྒྱལ་ཆེན་པོ་དེ་ལོ་རྒྱུས་ལ་ཁུངས་གཏུགས་ནས་ད་ཆ་ཆོས་སྲིད་ཟུང་འབྲེལ་གྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ལུང་འདྲེན་གྱིས་གནས་ཆུང་ཆོས་རྒྱལ་ཆེན་པོ་དེ་གལ་ཆེ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཞེས་དང་། ཅི་སྟེ་གཞུང་བསྟེན་དགྲ་ལྷ་བསྟེན་སྲོལ་དེ་ལ་འགྱུར་བ་ཞིག་གཏོང་དགོས་ཀྱི་ཡོད་ནའང། ཆོས་སྲིད་གཉིས་ལྡན་གྱི་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་འགྱུར་བ་གཏང་དགོས་པ་དང་དེ་བཞིན་སྤྱི་འཐུས་གཞན་ཞིག་ནས་གཞུང་འབྲེལ་དགྲ་ལྷ་བསྟེན་སྲོལ་དེ་འགྲིག་མི་འགྲིག་སོགས་ཞུ་དཀའ་བར་འགྲེལ་བརྗོད་གནང་ཡང་སྔར་ལམ་ཁག་ཅིག་འགྱུར་བ་གཏང་ཆེད་བགྲོ་གླེང་དང་གོ་བསྡུར་གནང་རྒྱུ་གལ་ཆེར་གཟིགས་ཀྱི་ཡོད་སྐོར་གསུང་སོང། འོན་ཀྱང་སྤྱི་འཐུས་གཅིག་གིས་ཆོས་དང་སྲིད་གཉིས་ཁ་བྲལ་ཐབས་མེད་སྐོར་གསུངས་པ་དང། སྤྱི་འཐུས་གཞན་ཞིག་ནས་ཀྱང་སྤྱིར་གཞུང་བསྟེན་དགྲ་ལྷ་གལ་ཆེན་པོ་ཡིན་པ་ངོས་ལེན་ཞུ་བཞིན་ཡོད་ཀྱང་སྒྲིག་འཛུགས་ཀྱིས་དགྲ་ལྷ་བེད་སྤྱོད་གཏོང་ཕྱོགས་ལ་དྲི་བ་ཡོད་པ་དང། ཁག་ཅིག་ནས་དེ་རིང་གི་བགྲོ་གླེང་དེའི་གྲོས་ལ་གཞིགས་ཏེ་སྤྱི་འཐུས་རྣམས་ལ་ཆོས་བརྒྱུད་ཀྱི་འཐེན་འཁྱེར་གནང་རྒྱུ་མེད་པར་འབོད་སྐུལ་གནང་མཁན་བྱུང་སོང། རྩ་བའི་དེ་རིང་ཆོས་རིག་ལས་ཁུངས་ཀྱི་ལས་སྡོམས་དང་འབྲེལ་བའི་བགྲོ་གླེང་དེའི་ཁྲོད་སྤྱི་འཐུས་འགའ་ཞིག་གིས་ཆོས་རིག་ལས་ཁུངས་ཀྱི་ནང་ཆོས་ངོ་སྤྲོད་ལས་དོན་དང་འབྲེལ་ད་བར་ས་གནས་ག་ཚོད་ནང་ནང་དོན་རིག་པའི་ངོ་སྤྲོད་ལས་འགུལ་གང་སྤེལ་ཡོད་མེད་དང་དེ་དང་ལྷན་དུ་ཞར་བྱུང་བོད་ཡིག་བྲིས་ཀློག་སློབ་ཁྲིད་གནང་དགོས་པ། དེ་བཞིན་ནང་ཆོས་ངོ་སྤྲོད་སློབ་ཁྲིད་གནང་མཁན་གྱི་ལྟ་གྲུབ་དགེ་རྒན་རྣམས་གདན་ས་གང་དང་གང་ནས་གདན་ཞུ་གནང་མིན་དང་ཁོང་རྣམས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་ནས་ཡིན་མིན་བཅས་ཀྱི་སྐོར་གསུང་མཁན་ཡང་བྱུང་སོང་། གཞན་ཡང་སྤྱི་འཐུས་ཤིག་གིས་བགྲོ་གླེང་དེའི་ཐོག་ཆ་ཤས་བཞེས་པར་ལྟ་གྲུབ་དགེ་རྒན་ཚོས་ནང་ཆོས་ངོ་སྤྲོད་གནང་སྐབས་གཙོ་ཆེ་ཤོས་དེ་ནང་ཆོས་ངོ་སྤྲོད་གནང་ཡུལ་གྱི་གདུལ་བྱ་དེར་ནང་ཆོས་ངོ་སྤྲོད་ཐུབ་པ་ཞིག་གནང་རྒྱུ་ཡིན་པ་མ་གཏོགས་ནང་ཆོས་ངོ་སྤྲོད་གནང་མཁན་ལ་ཁྱད་པར་གང་ཡང་མེད་སྐོར་གསུངས་པ་དང་འབྲེལ། ལྷག་དོན་ནང་ཆོས་ངོ་སྤྲོད་བྱ་རྒྱུ་ཆེད་དམིགས་བསལ་སློབ་ཚན་ཞིག་གཏན་འབེབས་གནང་ཐུབ་ན་དགེ་མཚན་ཆེ་བར་གཟིགས་ཀྱི་ཡོད་པར་དགོངས་འཆར་ཕུལ་སོང་།

དབུ་མའི་ལམ་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་ཐོག་འགན་འཁུར་ནས་ལས་འགུལ་ནང་མཉམ་ཞུགས་གནང་དགོས།

དེ་རིང་ཟླ་ ༩ ཚེས་ ༡༨ ཉིན་སྔ་དྲོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་དེ་ཕྱི་ལོ་ ༡༩༩༧ ལོའི་ཟླ་ ༩ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་མོས་གཏན་འབེབས་གནང་པའི་ཉིན་མོ་དང་བསྟུན། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་བཞུགས་སྒར་རྟེན་གཞི་བྱས་པའི་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་རྣམ་གཉིས་གཙོས་སྤྱི་འཐུས་ཁག་ཅིག དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་ལྷན་འཛོམས་ཀྱིས་དབུ་མའི་ལམ་གྱི་ཉིན་མོ་ཐེངས་ ༧ པ་སྲུང་བརྩི་ཞུས་སོང་། མཛད་སྒོའི་ཐོག་མོར་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་ཚོགས་བཅར་བ་ཡོངས་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་སྔ་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་ཕྱོགས་དང་དེའི་གལ་གནད་བཅས་ཀྱི་སྐོར་ལ་དམིགས་བསལ་བཀའ་སློབ་བཀའ་དྲིན་སྩལ་བའི་བརྙན་པར་ཁག་ཅིག་གཟིགས་འབུལ་ཞུས་པ་དང་སྦྲགས། ལས་འགུལ་གྱི་འགན་འཛིན་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱ་རིགས་མང་ཚོགས་ཀྱི་ཁེ་ཕན་ཙམ་མིན་པར་འཛམ་གླིང་ཡོངས་ཀྱི་ཁེ་ཕན་དང་འབྲེལ་བའི་ཡང་དག་པའི་སྲིད་བྱུས་ཤིག་དང་། ལྷག་དོན་སྲིད་བྱུས་དེར་རྒྱ་ཆེ་བོད་རིགས་མང་ཚོགས་ཕལ་མོ་ཆེས་ཚད་མཐོའི་རྒྱབ་སྐྱོར་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་གཏན་ལ་ཕབ་པ་ཞིག་ཡིན་སྟབས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་དང་གཞི་རིམ་མང་ཚོགས་བཅས་ནས་སྲིད་བྱུས་དེར་བརྩི་བཀུར་དང་རྒྱབ་སྐྱོར་ཡོད་པ་ལྟར་དངོས་སུ་འགན་འཁུར་ནས་ལས་འགུལ་ནང་མཉམ་ཞུགས་གནང་དགོས་གལ་ཡིན་པ་གསུངས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་བསྩལ་གནང་མཛད་པ་ཙམ་དུ་མ་བཞག་པར་དེ་རང་ཉིད་སོ་སོའི་ལམ་ཞིག་ཡིན་པར་ངོས་འཛིན་ཞུ་ཐོག་རྒྱུན་དུ་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ཐད་དམིགས་བསལ་འགན་འཁུར་དགོས་པར་གསུང་བཤད་གནང་སོང་། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ནས་བོད་མི་མི་རེ་ངོ་རེ་ནས་རང་གི་སྒོ་གསུམ་གྱི་བྱ་སྤྱོད་ཡོངས་རྫོགས་དབུ་མའི་ལམ་དང་མཐུན་པ་གནང་རྒྱུ་དང་། སྲིད་བྱུས་དེར་ཡིད་ཆེས་དང་ངེས་པ་རྙེད་ཡོད་པ་དེ་རྒྱ་རིགས་མང་ཚོགས་ཁྲོད་ར་སྤྲོད་ཐུབ་ཐབས་གནང་དགོས་གལ་ཡིན་པ་སོགས་གསུངས་སོང་། རྩ་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་ཁག་ནས་རང་བཙན་འཐབ་རྩོད་བྱེད་བཞིན་ཡོད་པ་དང་། ཉེ་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པ་ཚོགས་སྐབས་སྤྱི་ཚོགས་ནང་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གོ་རྟོགས་ལས་འགུལ་སྤེལ་ཕྱོགས་དང་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་སོགས་ཀྱི་གྲོས་ཆོད་བཞག་ཡོད་པ་མ་ཟད། ཟླ་བ་སྔོན་མའི་ཕ་རན་སིའི་རྒྱལ་ས་པེ་རིས་དུ་བོད་རིགས་རང་བཙན་འཐབ་རྩོད་པ་ཁག་ཅིག་གི་གོ་སྒྲིག་འོག་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་བསྐོང་ཚོགས་གནང་ཐོག་མ་འོངས་པར་སོ་སོའི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ནུས་པ་མཉམ་སྤུངས་དང་མཉམ་ལས་བྱ་རྒྱུར་མོས་མཐུན་ཡོད་པ་སོགས་དོན་ཚན་ལྔ་ཅན་གྱི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་པ་རེད།

Latest news