Tibetan Royal Year of 2151 | Year of the Wood Dragon

Uncategorized

ཝེ་ཏི་ནམ་གྱི་དགེ་འདུན་པས་ཆེས་ཐོག་མའི་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་པ།

ཉེ་ལམ་ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་མི་ལོ་ཉེར་ལྔ་ལྷག་གི་རིང་གཞུང་ཆེན་བཀའ་པོད་ལྔར་བསླབ་པ་སློབ་གཉེར་གནང་སྟེ་མཐར་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཡོད་པ་རེད།འདི་ལོར་གདན་ས་ཆེན་པོ་ཤར་རྩེ་ནས་ཁྱོན་དགེ་འདུན་པ་ཞལ་གྲངས་བཅིུག་གིས་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས་ཡོད་པ་ལྟར་དེའི་ཁོངས་སུ་ཝེ་ཏི་ནམ་ནས་ཡིན་པའི་དགེ་འདུན་པ་དཀོན་མཆོག་འོད་ཟེར་ལགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གནང་མཐར་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་པ་ནི་ལོ་རྒྱུས་ཁྲོད་དུ་ཝེ་ཏི་ནམ་གྱི་དགེ་འདུན་པས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་པ་ཆེས་ཐོག་མ་དེ་ཆགས་ཡོད།དགེ་བཤེས་ལྷ་རམས་པའི་མཛད་སྒོ་ཐོག་དགོན་པའི་མཁན་རིན་པོ་ཆེ་དང་ས་གནས་འགོ་འཛིན། དགོན་པའི་དགེ་འདུན་འདུས་མང་བཅས་ལྷན་འཛོམས་གནང་འདུག་པ་དང་དེ་བཞིན་དགེ་བཤེས་དཀོན་མཆོག་འོད་ཟེར་ལགས་ཀྱི་ཡབ་ཡུམ་དང་དང་གཅེན་པོ་བཅས་ཆེད་ཕེབས་ཀྱིས་གྲྭ་ཚང་ལ་ཐུགས་རྗེ་ལེགས་འབུལ་ཞུས་འདུགདགེ་བཤེས་དཀོན་མཆོག་འོད་ཟེར་ལགས་ནི་ཝེ་ཏི་ནམ་གྱི་མི་རིགས་ཡིན་པ་གང་ཞིག་ལ་ཨ་རིར་འཚར་ལོངས་བྱུང་བ་ཞིག་ཆགས་ཡོད། དགུང་ལོ་ ༡༣ ལ་ཕེབས་སྐབས་དགེ་བའི་ཤེས་གཉེན་གཉིས་དང་འཕྲད་དེ་གདན་ས་ཆེན་པོ་ཤར་རྩེར་ཆོས་ཞུགས་གནང་སྟེ་འདས་པའི་མི་ལོ་ཉེར་ལྔ་རིང་བོད་བརྒྱུད་ནང་བསྟན་ཐོག་བསླབ་པ་སློབ་གཉེར་གནང་ཡོད།

གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཤོག་བུ་དཀར་པོའི་གྱེན་ལངས་ཀྱི་ལས་འགུལ་སྤེལ་བ།

དེང་སྐབས་བོད་དང་རྒྱ་ནག་ནང་ཏོག་གསར་གློ་ཚད་གཉན་རིམས་ལ་ཁག་དཀྲི་སྟེ་མང་ཚོགས་ལ་སྨྲ་བརྗོད་དང་འགྲོ་འདུག་སྐྱོད་གསུམ་གཙོས་བསམ་བློ་སོགས་ལ་དམ་དྲག་ཆེས་ཆེར་བྱེད་བཞིན་ཡོད་པའི་གནས་སྟངས་དང་། ལྷག་དོན་རེས་གཟའ་སྤེན་པའི་ཉིན་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཆེ་ཤོས་ Shanghai གཙོ་གྱུར་རྒྱ་ནག་གི་གཙུག་ལག་སློབ་གཉེར་ཁང་ཁག་གཅིག་སོགས་ཀྱི་ནང་མང་ཚོགས་སྟོང་ཕྲག་དུ་མ་འདུ་འཛོམས་ཀྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་དང་སྲིད་འཛིན་ཞི་ཅིན་ཕིང་ལ་མངོན་གསལ་དོད་པོའི་ཐོག་ནས་ཐད་ཀར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་གནང་འདུགལས་འགུལ་བ་དེ་དག་ལ་སྲིད་གཞུང་གི་ངོས་ནས་དྲག་གནོན་བྱེད་བཞིན་པ་བཅས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་བཙན་བྱོལ་དུ་ཡོད་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གནང་ཡོད། རྒྱ་ནག་གཞུང་ཚབ་ཀྱི་ཉེ་འགྲམ་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་འཚོགས་བཞིན་ཡོད་པའི་སྟེང་ཤོག་བུ་དཀར་པོའི་ལས་འགུལ་སྤེལ་གནང་ཡོད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ལས་འགུལ་གྱི་ངོ་བོ་གང་ཡིན་བཅས་ངོ་སྤྲོད་ཀྱང་གནང་སོང་།

རེས་གཟའ་སྤེན་པ། ༢༠༢༢།༡༡།༢༦

ཉན་པ།: Listen ཕབ་ལེན། Download བྲག་གཡབ་༸སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་དང་གླེང་མོལ། Saturday 26/11/2022 In conversation with Dayab Kyabgon Loden Sherab Rinpoche

བོད་ཀྱི་གསོ་རིག་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཐད་ལ་དོན་གཉེར་གནང་དགོས་ཞེས་ལམ་སྟོན་སྩལ་བ།  

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་བཞུགས་སྒར་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་ཕན་སྨན་རྩིས་ཁང་གི་ལས་བྱེད་དང་སློབ་ཐོན་པ་རྣམས་ལ་མཇལ་ཁ་སྩལ་བ་དང་འབྲེལ་ཏེ་བོད་ཀྱི་གསོ་རིག་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཐད་ལ་དོན་གཉེར་གནང་དགོས་ཞེས་ལམ་སྟོན་སྕལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁའི་ཐོག་མར་བོད་ཀྱི་གསོ་བ་རིག་པས་རྩ་དང་ཆབ་རྟགས་ལ་བརྟེན་ནས་ནད་རིགས་དུ་མར་བརྟག་གི་ཡོད་པ་དེ་ནི་དམིགས་བསལ་བ་ཞིག་ཆགས་ཡོད་སྟབས་བོད་ཀྱི་གསོ་བ་རིག་པ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག་ཅེས་བཀའ་སྕལ་འདུག དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་༸སྐུ་ན་གཞོན་ནུའི་སྐབས་༸སྐུའི་བླ་སྨན་པས་བོད་ཀྱི་གསོ་རིག་ཐོག་ནས་སྨན་བཅོས་ཞུས་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག གསོ་རིག་སྨན་པ་ཚོས་དེར་ཕྱོགས་གཅིག་ནས་དང་འདོད་དང་ཕྱོགས་གཉིས་ནས་བོད་ཀྱི་གསོ་བ་རིག་པ་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཤིག་ཆགས་ཡོད་པར་བཀའ་སྩལ་མཛད་འདུག གཞན་ཡང་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ནང་དོན་རིག་པ་དེ་ཉིད་ནང་སེམས་ཀྱི་ཞི་བདེ་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་དང་དེ་བཞིན་བོད་ཀྱི་གསོ་བ་རིག་པ་དེ་ཉིད་ཕྱིའི་ལུས་པོའི་བདེ་ཐང་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་སྟབས། ཁྱེད་རང་ཚོས་རྣམ་ཀུན་ནས་འཕྲལ་གྱི་ནད་པར་སྨན་ཐབས་དང་ཕུགས་ལ་བོད་ཀྱི་གསོ་རིག་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཐད་ལ་དོན་གཉེར་ཆེན་པོ་གནང་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག དེ་མཚུངས་སུ་ཁ་སང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲང་ཁང་དུ་༸སྐུའི་གཅེན་པོ་སྟག་འཚེར་སྐུ་ཕྲེང་དྲུག་པ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་གི་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་ཡོན་ཏན་རྒྱ་མཚོ་མཆོག་དང་ཁོང་གི་སྐུ་མཆེད་ཁ་ཤས། དེ་བཞིན་སྟག་འཚེར་རིན་པོ་ཆེ་སྐུ་གོང་མའི་སློབ་ཕྲུག་ཁག་གཅིག ཐེ་ཝན་ནས་ཕེབས་པའི་སྦྱིན་བདག་བཅས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་སྟག་འཚེར་རིན་པོ་ཆེ་སྐུ་གོང་མ་དང་མགོན་པོ་མཆོག་དབར་དམིགས་བསལ་མཛའ་འབྲེལ་སྐོར་བཀའ་སྩལ་བ་དང་སྦྲགས་ཏེ་སྟག་འཚེར་རིན་པོ་ཆེ་བསམ་བློ་ཧ་ཅང་གྱོང་པོ་ཡོད་པ་རེད་ཅེས་སོགས་བཀའ་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་མ་འོངས་པར་སྐུ་འབུམ་དགོན་པ་གཙོ་བོར་གྱུར་པའི་མདོ་སྨད་ཀྱི་ས་ཆ་ལ་ཕན་ཐོགས་རྒྱ་ཆེན་པོ་གནང་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད་ཅེས་དང་ཕྱག་དཔེ་ཡག་པོ་གཟིགས་དགོས་ཞེས་ལམ་སྟོན་མཛད་ཡོད་པར་མ་ཟད། ༸གོང་ས་མཆོག་གིས་ངོས་ཀྱི་རྨི་ལམ་གྱི་མཚན་མར་བརྟག་ན། ང་ཕལ་ཆེར་ལོ་བརྒྱ་དང་བཅུ་ཙམ་ལ་འདུག་ཐུབ་ཀྱི་རེད། ད་ལྟའི་ངོས་ཀྱི་མཛད་འཆར་གཙོ་གྲས་མང་པོ་ཞིག་རྗེས་སུ་དངོས་སུ་སྤྲུལ་སྐུ་འདི་ཚོས་འཁྱེར་དགོས་ཞེས་སོགས་བཀའ་སློབ་སྩལ་འདུག

ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་གར་གཞུང་གིས་རྒྱ་ནག་དང་ལྷན་དཀའ་ངལ་སེལ་རྒྱུ་ཁག་པོ་རེད་ཅེས་གསུངས་པ།

ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་ཟླ་ ༡༡ ཚེས་ ༡༨ ཉིན་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷུ་ཝ་ཧ་ཊི་ནས་འཕགས་བོད་གཉིས་ཀྱི་ས་མཚམས་འབུམ་ལའི་བར་དུ་ Tawang Yatra འམ་རྟ་དབང་གནས་སྐོར་ཐེངས་བཅིུག་པའི་བོད་དོན་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༡ ཉིན་ཨ་རུ་ནཱ་ཅལ་མངའ་སྡེ་རྟ་དབང་ཁུལ་དུ་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དབུས་བཞུགས་ཀྱིས་ཚོགས་འདུ་ཚོགས་ནས་རྟ་དབང་ཁྲོམ་གཞུང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་སྤེལ་ཡོད།ཚོགས་འདུ་ཐོག་སྤྱི་ཁྱབ་བློན་ཆེན་མཆོག་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། དྷེ་ར་དྷུན་ཧ་རི་དྷེ་བར་གྱི་ཆོས་དཔོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་སྤྱི་ཁྱན་དྲུང་ཆེ། དེ་བཞིན་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནས་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༣༠༠ ལྷག་དང་རྟ་དབང་ཁུལ་དུ་གནས་བཞུགས་ཡུལ་མི་བཅས་འདུ་འཛོམས་གནང་འདུགརླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་སྐབས་དེར་ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་དང་ལྷན་དུ་དཀའ་ངལ་སེལ་རྒྱུ་ཁག་པོ་ཡིན་སྟབས། བོད་ཀྱི་གནད་དོན་སེལ་རྒྱུ་གལ་ཆེན་པོ་ཆགས་ཡོད་པར་མ་ཟད་ལྷག་དོན་ཨ་རུ་ནཱ་ཅལ་ཁུལ་གྱི་ས་མཚམས་འདི་བོོད་དང་ལྷན་དུ་ཡོད་པ་ལས་རྒྱ་ནག་དང་ལྷན་དུ་རྩ་བ་ནས་མེད་པར་བསྐྱར་ནན་གནང་ཡོད་སྐོར་གསུངས་སོང་།གཞི་རྩའི་རྒྱ་གར་བྱང་ཤར་མངའ་སྡེ་ཨ་སམ་ནས་རྟ་དབང་གི་འབུམ་ལའི་ས་མཚམས་བར་གྱི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེ་རིང་མཇུག་སྒྲིལ་གནང་ཡོད་པ་དང་ལས་འགུལ་དེའི་འབོད་སྒྲ་གཙོ་བོ་ནི་བོད་རང་བཙན་དང་གངས་རིན་པོ་ཆེ་གློད་བཀྲོལ་ཞེས་པ་ཆགས་ཡོད།

ཨ་རི་ཝར་མོནྚར་བོད་ཀྱི་དུས་སྟོན་བསྐོང་ཚོགས་གནང་བ།

ཁ་ཉིན་ཕྱི་ཚེས་ ༡༩ ཉིན་ཨ་རིའི་མངའ་སྡེ་ཝར་མོནྚ་ཁུལ་དུ་ཝར་མོནྚ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་དུས་སྟོན་ཐེངས་ ༡༨ པ་སྔ་དྲོ་ཕྱག་ཚོད་ ༡༠༌༣༠ དབུ་འཛུགས་ཀྱིས་ཕྱི་དྲོ་ཕྱག་ཚོད་ ༥༌༣༠ བར་ཚོགས་ཡོད།  བོད་ཀྱི་དུས་སྟོན་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་བཀྲིས་ཞོལ་པ་གཙོས་པའི་གཡག་དང་སེང་གེ དེ་བཞིན་བོད་ཀྱི་རྐང་བྲོ་གླུ་གཞས་སོགས་གཟིགས་འབུལ་ཞུས་ཏེ་བོད་དོན་འཐབ་རྩོད་དང་འབྲེལ་བའི་དཔེ་དེབ་འགྲེམས་སྟོན་སོགས་གནང་བའི་ཐོག་ནས་བོད་དོན་དྲིལ་བསྒྲགས་གནང་བར་མ་ཟད། བོད་མི་ཚོས་བོད་ཀྱི་ཆས་གོས་སྤུས་ལེགས་སྤྲས་ཏེ་བོད་ཀྱི་དངོས་ཆས་འགྲེམས་སྟོན་གནང་བ་དང་། བོད་ཟས་འདེགས་འབུལ་སོགས་གནང་ཡོད་པ་རེད།ཐེངས་འདིའི་བོད་ཀྱི་དུས་སྟོན་ཐོག་ཝར་མོནྚ་ཁུལ་གྱི་བརྙན་འཕྲིན་ཚན་པ་ wcax བཅར་འདྲི་དང་ལེན་གནང་སྟེ་བོད་མི་བསོད་ནམས་ལགས་ཀྱིས་བོད་ནང་རྒྱ་ནག་གིས་ཆེས་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་འོག་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་མེད་པ་མ་ཚད་པར་རྒྱ་ནག་གཞུང་གིས་སྨྲ་བརྗོད་རང་དབང་ལ་བརྩི་འཇོག་གང་ཡང་བྱེད་ཀྱི་མེད་སྟབས། རང་དབང་ལུང་པའི་ནང་ཁྱད་ནོར་ཅན་གྱི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་རབས་གསར་པར་བརྒྱུད་སྤེལ་གནང་རྒྱུ་ནི་ཆེས་གནད་ཆེ་ཆགས་ཡོད་སྟབས། བོད་ཀྱི་དུས་སྟོན་སྲུང་བརྩི་ཞུས་ཡོད་པར་འགྲེལ་བརྗོད་གནང་འདུགགཞི་རྩའི་ Vermont བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ལོ་ལྟར་བོད་ཀྱི་དུས་ཚོགས་སྲོལ་ཡོད་ཀྱང་། ཉེ་བའི་ལོ་ཤས་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་སོང་རྐྱེན་དུས་སྟོན་ཚོགས་ཐུབ་མེད་པ་རེད།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་པ་ཚོགས་པ།

ཟླ་བ་འདིའི་ཕྱི་ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་གྱི་རིང་ལ་ཟླ་སྣང་ཐེབས་རྩའི་གོ་སྒྲིག་འོག་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་ནང་བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་པ་ཚོགས་འདུག༸སྐྱབས་རྗེ་སྤ་རི་རིན་པོ་ཆེ་མཆོག་དང་གནས་སྣང་བླ་མ་ཚེ་དབང་རིན་པོ་ཆེ་རྣམ་གཉིས་སྨོན་ལམ་ཆེ་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྨོན་ལམ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་འཐུས་ཚབ་བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་དང་། དམིགས་བསལ་སྐུ་མགྲོན་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་མཆེད་སྲིང་མོ་རྗེ་བཙུན་དངོས་གྲུབ་དཔལ་འཛོམས་ལགས། བཀའ་ཟུར་དང་། དོན་ཟུར། གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གི་སྐུ་ཚབ། མི་མང་བཅས་ལྷན་ཞུགས་གནང་ཡོད།མཛད་རིམ་གྱི་ཐོག་མར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་པར་བཞུགས་ཁྲིར་གདན་ཞུ་དང་། སྐུ་མགྲོན་རྣམ་པས་མཎྜལ་རྟེན་གསུམ་འདེགས་འབུལ། དེ་བཞིན་ཕུན་ཚོགས་སྡེ་བཞི་ཚོགས་ཁང་གི་མདུན་དུ་ཤུག་པ་འདེབས་འཛུགས་སོགས་གནང་འདུགརྩ་བའི་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཁོར་ཡུག་གི་གལ་གནད་དང་དེར་སྲུང་སྐྱོབ་བྱ་དགོས་པའི་བཀའ་སློབ་ལམ་སྟོན་ཡང་ཡང་ཕེབས་དོན་བཞིན། ཐེངས་འདིའི་སྨོན་ལམ་སྐབས་ཟས་སྣོད་སོགས་ཡོངས་རྫོགས་ཁོར་ཡུག་ལ་མི་གནོད་པའི་ཡོ་བྱད་རྣམས་སྤྱོད་ཡོད་པ་རེད།སྐབས་དེར་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་སྨན་པ་ཀུན་དགའ་ལགས་ཀྱིས་སྨོན་ལམ་དེའི་དགོས་དམིགས་གསལ་བཤད་ཞུས་དོན་བཞིན་བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་པ་འདི་ཉིད་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ཀར་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་མུ་མཐུད་འཕྲད་བཞིན་པ་རྣམས་མྱུར་དུ་ཞི་བ་དང་། འཛམ་གླིང་ཞི་བདེ་ཡོང་བ། ལྷག་པར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པའི་སྐུ་ཚེ་ཡུན་དུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་འགྲུབ་པའི་ཐུགས་སྨོན་གནང་ཆེད་ཡིན་པར་གསུངས་འདུགཁ་སང་རེས་གཟའ་ཉི་མའི་ཉིན་རྒྱབ་བཀའ་བརྒྱུད་སྨོན་ལམ་གྱི་ཐུན་མོང་མ་ཡིན་པའི་རྗེ་བཙུན་མི་ལ་རས་པའི་ཚོགས་མཆོད་དང་། དེ་བཞིན་མར་མེའི་སྨོན་ལམ་གསུང་འདོན་དང་། གླུའི་མཆོད་པ་བཅས་འབུལ་བའི་ལམ་ནས་ཐེངས་འདིའི་སྨོན་ལམ་དེ་ཉིད་མཇུག་སྒྲིལ་གནང་འདུག་པ་དང་ལོ་རྗེས་མའི་ཟླ་ ༡ ཚེས་ ༢༩ ནས་ཟླ་ ༢ ཚེས་ ༥ བར་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་དབུ་བཞུགས་ཐོག་དྲ་ལམ་བརྒྱུད་ཀར་དགོན་ཐམས་ཅད་ནས་བཀའ་བརྒྱུད་སྨོན་ལམ་འཕར་མ་ཞིག་འཚོག་རྒྱུ་ཡིན་པ་རེད།  

ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་མང་གཙོ་ཚོགས་པའི་དབུ་ཁྲིད་ཀྱི་ལས་གནས་ལ་བཞུགས་རྒྱུ་མིན་པར་གསུངས་པ།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་མང་གཙོ་ཚོགས་པའི་དབུ་ཁྲིད་ཀྱི་ལས་གནས་ལ་མུ་མཐུད་བཞུགས་རྒྱུ་མིན་པར་གསུངས་འདུགགཞི་རྩའི་ད་ཆ་ཨ་རིའི་བར་མའི་འོས་བསྡུའི་ཁྲོད་གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པའི་འཐུས་མིའི་ཞལ་གྲངས་མང་བ་ཆགས་ཏེ་ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༡ ནས་གྲོས་ཚོགས་འོག་མ་དེ་ཉིད་སྤྱི་མཐུན་ཚོགས་པའི་འཐུས་མི་ཞལ་གྲངས་མང་བའི་གནས་བབ་ཐོག་དབང་བསྒྱུར་གནང་ཐུབ་པ་ཞིག་ཆགས་ཡོད་པ་དང་། ཁ་སང་ལྕམ་སྐུ་མཆོག་གིས་ཁོང་གྲོས་ཚོགས་རྗེས་མ་ནང་མང་གཙོ་ཚོགས་པའི་དབུ་ཁྲིད་ལ་བསྐྱར་དུ་བཞེངས་རྒྱུ་མིན་པ་དང་མང་གཙོ་ཚོགས་པ་དེ་དུས་རབས་གསར་པའི་དབུ་ཁྲིད་ཀྱིས་དབུ་ཁྲིད་རྒྱུའི་དུས་ལ་སླེབས་ཡོད་ཅེས་གསུངས་འདུག  རྩ་བའི་དགུང་ལོ་ ༨༢ ལ་ཕེབས་པའི་ལྕམ་སྐུ་ Nancy Pelosi མཆོག་ནི། ཕྱི་ལོ་ ༡༩༨༧ ལོར་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བ་དང་ཕྱི་ལོ་ ༢༠༠༧ ནས་ ༢༠༡༡ དེ་བཞིན་ཕྱི་ལོ་ ༢༠༡༩ ནས་ད་བར་ཚོགས་གཙོའི་ཐུགས་འགན་བཞེས་ཡོད། ཁོང་ནི་ཨ་རིའི་ལོ་རྒྱུས་ཁྲོད་བུད་མེད་ཚོགས་གཙོ་གནང་མཁན་ཆེས་ཐོག་མ་དེ་ཆགས་ཡོད།ལྕམ་སྐུ་མཆོག་གིས་མང་གཙོ་ཚོགས་པའི་དབུ་ཁྲིད་ཀྱི་ལས་གནས་ཐོག་མུ་མཐུད་བཞུགས་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་བ་དང་སྦྲགས། སྤྱི་ཚོགས་དྲ་ལམ་ཁག་ཏུ་མང་ཚོགས་དུ་མས་ཁོང་གིས་ད་བར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། རང་དབང་བཅས་ལ་རྒྱབ་སྐྱོར་དང་དེ་འབྲེལ་ཕྱག་ལས་གནང་ཁག་ལ་རྗེས་སུ་ཡི་རང་ཞུ་བཞིན་འདུག ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཌན་མཆོག་གིས་ངས་ལྕམ་སྐུ་ནེན་སི་པེ་ལོ་སི་དྲན་སྐབས་ལམ་སེང་ཆེ་མཐོང་དྲན་པ་དང་ཁོང་ནི་ལོ་རྒྱུས་ནང་གྲོས་ཚོགས་འོག་མའི་ཚོགས་གཙོ་གནད་ཆེ་ཤོས་ལ་ངོས་འཛིན་རྒྱུ་ཡིན་པར་མ་ཟད། དུས་རྟག་ཏུ་མི་མང་གི་བདེ་དོན་ཆེད་ཕྱག་ལས་གནང་མཁན་ཞིག་རེད་ཅེས་བསྒྲགས་གཏམ་སྤེལ་འདུགལྕམ་སྐུ་མཆོག་ནི་བོད་མི་དང་བོད་ཀྱི་གནད་དོན་ཐོག་ལ་མཚོན་ན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཨ་རིའི་ཆབ་སྲིད་མི་སྣ་གཙོ་བོ་ཞིག་ཡིན་པར་མ་ཟད། དེ་སྔ་ཁོང་ནས་བོད་ལ་གཟིགས་སྐོར་དང་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད། བོད་མིའི་གནས་ཡུལ་ས་གནས་ཁག་ལ་གཟིགས་ཞིབ་སོགས་གནང་མྱོང་ཡོད་པ་རེད།

༸གོང་ས་མཆོག་གི་བཀའ་དགོངས་གང་ཐུབ་བསྒྲུབ་རྒྱུ་དེ་བོད་མི་ཚོའི་ལས་འགན་ཡིན་པར་ལམ་སྟོན་གནང་ཡོད།

དེ་རིང་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་མགོན་པོ་ཚེ་དཔག་མེད་ཀྱི་ཚེ་དབང་བཀྲིན་སྩལ་བ་དང་སྦྲགས་ཏེ། བོད་མི་ཚོས་རྣམ་ཀུན་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཇི་བཞིན་བསྒྲུབ་ཚེ་འཕྲལ་ཕུགས་གཉིས་ཀྱི་དཀའ་ངལ་སེལ་རྒྱུ་ཡིན་པ་སོགས་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད་པ་རེད།ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བརྒྱ་འཐུས་ཀྱིས་གཙོས་པའི་ཚོགས་སྡེ་ཁག་དང་ལ་དྭགས་དྷརྨ་སཱ་ལཱའི་མང་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་གྱི་སྔ་དྲོ་བོད་ཁྱིམ་སློབ་གྲྭར་བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ང་རང་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཇི་བཞིན་བསྒྲུབ་ཚེ་འཕྲལ་ཕུགས་གཉིས་ཀྱི་དཀའ་ངལ་སེལ་རྒྱུ་ཡིན་པ་སོགས་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད།བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ད་དུང་ཚེ་དབང་གི་སྔོན་འགྲོར་བོད་མི་ཚོར་ལམ་སྟོན་བཀའ་སློབ་ཞུ་ཡུལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོད་པ་དང་མགོན་པོ་གང་ཉིད་མཆོག་གིས་དགུང་གྲངས་ ༡༡༥ ལྷག་བཞུགས་རྒྱུའི་སྐལ་བཟང་གི་ཞལ་བཞེས་སྨིན་སྩལ་མཛད་པར་བོད་མི་ཚང་མས་ཡིད་ཆེས་ཞུ་དགོས་པར་མ་ཟད་བླ་མ་སྐུ་ཚེ་རིང་བར་བཞུགས་སླད་བླ་མའི་བཀའ་དགོངས་ཇི་བཞིན་བསྒྲུབ་དགོས་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཙམ་མ་ཚད་པར་འཛམ་གླིང་ཀུན་གྱི་སྐྱེ་འགྲོ་ཐམས་ཅད་ལ་སྨན་པའི་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་དང་སྐྱོང་བཞིན་པར་བཀྲིན་རྗེས་དྲན་ཞུ་དགོས་གལ་ཡིན་པའི་ལམ་སྟོན་སྩལ་སོང་།  དེ་བཞིན་རིན་པོ་ཆེ་མཆོག་གིས་བོད་མི་སུད་ཚོང་བ་དང་གཞོན་སྐྱེས་བཅས་ལ་བླང་དོར་གྱི་བཀའ་སློབ་སྩལ་བ་དང་ཆབས་ཅིག་ཚེ་དབང་ཞུ་བའི་དགོས་དམིགས་གཙོ་བོ་གང་ཡིན་པ་སོགས་ངོ་སྤྲོད་གནང་ཡོད། རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་ཆོས་འབྲེལ་ཐོག་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་དྷརྨ་སཱ་ལཱའི་མང་ཚོགས། ལྡི་ལི་གསར་པའི་ཁུལ་གྱི་བོད་མི། གློ་བུར་དུ་ལྷགས་པའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་མང་ཚོགས་བཅས་ཁྱོན་ཆོས་ཞུ་བ་བརྒྱ་ཕྲག་ལྷག་འདུ་འཛོམས་བྱུང་འདུག

Latest news